ལྷུན་གྲུབ་རྡོ་རྗེ། གཞི་བར་བོད་དགེ།
སེར་བྱེས་འབྲིང་རིམ་སློབ་གྲྭ།

ངོ་སྤྲོད་སྤྱི་བཤད།

   སྤྱིར་བཏང་ཕྲན་ལྟ་བུ་སོ་སྐྱེས་ཐ་མ་བ་ཞིག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པར་རྒྱུས་ལོན་ཞུས་ཏེ་ཡིག་རིས་སུ་འབེབས་པ་ནི། རྗེ་བདག་ཉིད་ཆེན་པོས། མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས། ། ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། ། ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། ། ཞེས་གསུངས་པའི་དཔེ་ཟླར་འགྱུར་རྒྱུ་ཉག་གཅིག་ལས་མ་འདས་མོད། འོན་ཀྱང་འདིར་ཁོང་གི་དགོངས་བཞེས་དང་འབྲེལ་བའི་དཔྱད་རྩོམ་སྣ་གཅིག་བྲིས་ན་རང་ཉིད་ལ་དགེ་བ་རླབས་ཆེན་འབྱུང་ངེས་པར་མ་ཟད། རྩོམ་འབྲིའི་གོ་སྐབས་བཟང་པོ་ཞིག་ཀྱང་མཐོང་བས་ཕྲན་གྱིས་སྐབས་བབ་ཀྱི་བརྗོད་གཞི་གཤམ་དུ་འཁོད་པ་ལྟར་ཚན་པ་སྟེ་དང་པོ། ཕན་སེམས་ཀྱི་བསམ་བློ་ཡོད་པ། གཉིས་པ། མི་གཤིས་བཟང་པོར་བསྒྱུར་བའི་འདུན་པ་ལྡན་པ། གསུམ་པ། ངལ་བ་ཁྱད་གསོད་ཀྱི་ཆོད་སེམས་ཡོད་པ། བཞི་པ། སྲོལ་རྒྱུན་གྱི་རིག་གནས་ལ་དགའ་ཞེན་ལྡན་པ། ལྔ་པ། དེང་རབས་ཀྱི་ཤེས་ཡོན་ཡོད་པ་ཞེས་ལྔ་རུ་བཀར་ནས་འབྲི་བ་ལ།

དང་པོ། ཕན་སེམས་ཀྱི་བསམ་བློ་ཡོད་པ།

   དེ་ཡང་སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། ། ཞེས་གསུངས་པ་ལྟར་སློབ་མ་སུ་འདྲ་ཞིག་གིས་ཐོས་པའམ་སློབ་སྦྱོང་འཐུས་སྒོ་ཚང་བ་ཞིག་བྱ་ཐུབ་ཚེ། རང་རྒྱུད་ཀྱི་གཏི་མུག་གམ་རྨོངས་པ་མ་རིག་པའི་ཆ་རིམ་གྱིས་སེལ་བར་འགྱུར་བ་ནི། དཔྱོད་ལྡན་ཀུན་གྱི་མཐུན་སྣང་དུ་གྲུབ་ཅིང་། དེ་ལྟ་བུའི་མ་ཤེས་པའི་མུན་པའི་དངོས་གཉེན་ཐོས་པའི་སྒྲོན་མེ་འོད་མདངས་གསལ་ཞིང་། དངོས་གཉེན་དུ་འགྲོ་ངེས་པ་ཞིག་ཡོང་བར། ཐོག་མའི་ཆ་རྐྱེན་ནི། དགེ་རྒན་ཡག་པོ་ཞིག་བསྟེན་རྒྱུ་གནད་ཀྱི་དོན་པོ་ཡིན། འོན་ཀྱང་། སློབ་མས་བསྟེན་པའི་དགེ་རྒན་དེ་ལ་རིག་གནས་ཀྱི་གཟུངས་གཞུག་ལེགས་པར་ལྡན་ཡང་། ཕྱོགས་གཞན་ཞིག་ནས་ཕ་རོལ་པོ་ལ་ཕན་སེམས་ཀྱི་བསམ་བློ་མེད་ཚེ། རང་གིས་སློབ་མ་གཞན་ལ་སློབ་ཁྲིད་བྱེད་སྐབས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་གནང་རྒྱུ་དེ་བས་དཀའ། རྒྱུ་མཚན་དེའི་ཕྱིར་གལ་སྲིད་སློབ་དགེ་དེ་ལ་འཁྲིད་གཞིའི་སློབ་ཚན་ཀུན་ལ་མཁྱེན་པ་ཡངས་ཁར། ནང་བསམ་བློའི་གཟུངས་གཞུག་ཕན་འདོགས་པའི་ཀུན་སློང་བཟང་པོ་ཞིག་མཆིས་ན། དེ་ལྟ་བུའི་དགེ་རྒན་དེས་རང་ལ་འཁྲིས་པའི་ལས་སྐལ་གལ་འགངས་ཆེ་བར་བརྩི་བཞིན་གཞན་ཕན་གྱི་བསམ་བློའི་རྩིས་ཟིན་པར་བྱས་ཏེ་སློབ་ཁྲིད་བྱ་ངེས་ལ། སློབ་ཁྲིད་དེ་ནི་སློབ་མ་ཀུན་གྱི་སྣང་བར་འགྲོ་བར་ཐེ་ཚོམ་མེད་པར་ཀུན་གྱིས་དགའ་མོས་བྱས་ཏེ་སློབ་མ་བསྐྱེད་སྲིང་གི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡོང་ངེས་སོ། །

གཉིས་པ། མི་གཤིས་བཟང་པོར་བསྒྱུར་བའི་འདུན་པ་ལྡན་པ།

   ནམ་རྒྱུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་བོད་རིགས་ཀྱི་ནང་དུ་ཆ་བཞག་ན། མ་རབས་ཅན་གྱི་མི་གཅིག་ཡིན་ནའང་མང་དྲགས་པ་དང་། ཡ་རབས་ཅན་གྱི་མི་བརྒྱ་ཐམ་པ་ཡོད་ཀྱང་ཉུང་དྲགས་པ་རེད་[1]ཅེས་དང་། དེ་བཞིན་དུ་ཡ་རབས་བཟང་སྤྱོད་ཡོད་ན་དངོས་གནས་མིའི་མཚན་ཉིད་ཚང་གི་ཡོད་པས་ང་རང་ཚོ་དུས་རྒྱུན་ལྡན་ནས་བཟང་པོའི་སྤྱོད་པ་དང་ཡ་རབས་ཀྱི་གོམས་གཤིས་རྒྱུན་དུ་འཇགས་པ་བྱེད་རྒྱུ་དང་གོང་འཕེལ་ཡོང་ཐབས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་འདུག[2]ཅེས་གསུངས་པ་ལྟར། ཁོང་གིས་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་བཀའ་སློབ་གནང་གི་ཡོད་ལ། ལྷག་པར་དུ་མགོན་པོ་གང་ཉིད་ཀྱིས་སློབ་སྦྱོང་བྱེད་པའི་དགོས་དམིགས་ནི། མི་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན་ཞེས་གསུངས་དང་གསུང་མུས་ཡིན་སྟབས། ང་ཚོ་དགེ་རྒན་ཚོས་སློབ་མ་རྣམས་ལ་སྐབས་བབ་ཀྱི་སློབ་ཚན་འཁྲིད་ཞོར། མི་གཞི་ཀུན་སྤྱོད་སློབ་གསོ་བརྗོད་སྙིང་དུ་བཟུང་བའི་སྒྲུང་གཏམ་འཆད་པ་དང་། ཡང་ན་སྤྱི་ཚོགས་ནང་དུ་བྱས་པ་ཅན་གྱི་མི་སྣ་སྟེ། སྐྱེད་མ་ཊེ་རེ་སཱ (Mother Teresa) ལྟ་བུའི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤོད་བཞིན། དེ་དག་སློབ་མ་ཚོའི་སེམས་ཁམས་སུ་ལེགས་པར་སིམ་སྟེ། ཁོ་ཚོས་ཉིན་རེའི་འཚོ་བའི་ཁྲོད་ལ་རང་ནུས་གང་ལྕོགས་ཀྱིས་ཉམས་སུ་ལེན་པར་སྐུལ་མ་གཏོང་རྒྱུ་དེ་རེད། ལར་ནས་དེང་གི་དུས་ཚོད་འདི་ནི་དེང་རབས་ཚན་རྩལ་རིག་གནས་ཀྱི་ཡར་རྒྱས་རྩེ་མོར་སོན་ཅིང་། འཚོ་གནས་མཐུན་རྐྱེན་གྱི་ཆ་ནས་སྔར་དང་བསྡུར་ན། གནམ་ས་བླ་འོག་བསྒྱུར་པ་འདྲ་བའི་གནས་སྟངས་ཤིག་ཏུ་ཆགས་ཟིན་ཀྱང་། གཞོགས་གཞན་ཞིག་ནས་འགྲོ་བ་མི་རྣམས་ནང་སེམས་ཀྱི་ཞི་བདེར་རོལ་བཞིན། སོས་དལ་བག་ཕེབས་ཀྱི་འཚོ་བ་མྱོང་བའི་བགོ་སྐལ་ཐོབ་པ་ལས་ལྡོག་སྟེ། ཉིན་མཚན་དུས་དྲུག་ཏུ་འཇིགས་སྣང་དང་། དངངས་སྐྲག རེ་དོགས་གཉིས་ཀྱི་རླབས་ཕྲེང་བར་ནས་མི་འདོད་བཞིན་དུ་མི་ཚེ་བསྐྱལ་དགོས་པ་ནི་དངོས་འབྲེལ་ཡིན་པས། འདི་ལྟ་བུའི་སྤྱི་ཚོགས་ཤིག་མཐུན་ཕྱོགས་ཀྱི་གོམ་སྟབས་མདུན་དུ་སྤོ་འདོད་ན། ད་ལྟ་འཚར་ལོངས་བྱེད་བཞིན་པའི་སློབ་མ་རྣམས་ལ་ཀུན་སྤྱོད་སློབ་གསོའི་ལམ་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེ་བ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་དང་ཡང་མཐུན་ནོ། །

[1] བཀའ་སློབ་སྙིང་གི་ནོར་བུ། དེབ་ཕྲེང་དང་པོ། བཀའ་སློབ། ༢༣ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། ༢༠༡༥

[2] སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཁག་སོགས་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། པོད་གཉིས་པ། བོད་གཞུང་ཕྱི་དྲིལ་ལས་ཁུངས། ༢༠༠༠ ཤོག་གྲངས། ༤༥

གསུམ་པ། ངལ་བ་ཁྱད་དུ་གསོད་པའི་ལྷག་བསམ་ཡོད་པ།

   ༸གོང་ས་མཆོག་གིས། སེམས་ཤུགས་ཟེར་ཡང་རུང་། ལྷག་བསམ་ཟེར་ཡང་རུང་། དེ་གལ་ཆེན་པོ་རེད། ཤེས་བྱ་ཡོན་ཏན་ཟེར་བ་དེ་ལག་ཆ་ལྟ་བུ་ཞིག་ཡིན། ལག་ཆ་དེ་བེད་སྤྱོད་ཇི་འདྲ་བྱེད་མིན་སེམས་ཤུགས་ལ་ཐུག་པ་རེད། ལྷག་བསམ་ཡོད་ན་ཤེས་བྱ་ཇི་ཙམ་ཡོད་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཞིག་ཡོང་གི་རེད། ལྷག་བསམ་མེད་ན་ཤེས་བྱ་ཡོན་ཏན་ཕྱུག་པོ་ཡོད་རུང་དེ་ཙམ་གྱིས་ནུས་པ་འཇོག་མི་ཐུབ་[3] ཅེས ་གསུངས་པ་ལྟར། སློབ་ཁྲིད་ཀྱི་བྱ་བ་ནི། མི་སུ་འདྲ་ཞིག་ཡིན་རུང་བྱེད་ཆོག་ཆོག་དང་། སྒྲུབ་ནུས་པ་ཞིག་ཁྱོན་ནས་མིན་པར། དགེ་རྒན་དེ་ལ་སྤྱིར་བཏང་བསླབ་གཞིའི་སློབ་ཚན་གྱི་ཤེས་ཚད་ལེགས་པོ་དང་། སློབ་ཁྲིད་དོན་སྙིང་ལྡན་པ་ཞིག་ཡོང་ཕྱིར་དགེ་རྒན་གྱིས་སྐབས་ཐོག་གི་འཁྲིད་བྱ་སྟབས་བདེ་པོ་བཟོ་ཆེད། བསམ་གཞིགས་དང་། ཞིབ་འདང་བརྒྱབ་སྟེ་འཆར་འགོད་བྱ་དགོས་ལ། ལྷག་པར་དུ་སློབ་ཁྲིད་དངོས་གཞིའི་སྐབས་སློབ་མའི་སེམས་ཁམས་དང་འཚམ་པའི་འཁྲིད་ཐབས་ལག་བསྟར་བྱེད་བཞིན། གནས་སྟངས་འདྲ་མིན་གང་འདྲ་བྱུང་ཡང་བཟོད་བསྲན་ཆེ་ཞིང་། ངང་རྒྱུད་རིང་ལ། ཕ་རོལ་པོ་ལ་ཡར་སྐུལ་སློབ་གསོའི་གཞོགས་འདེགས་ཅིས་ཀྱང་གཏོང་ནུས་པ་དགོས། འོན་ཀྱང་། ཁྱད་ཆོས་འདི་དག་ངག་ནས་སྨྲ་དུས་སྟབས་བདེ་པོ་ཡོད་ཀྱང་། དངོས་སུ་ལག་བསྟར་བྱེད་སྐབས་རང་ཉིད་ལ་དཀའ་ཚེགས་དང་གདོང་ལེན་རླབས་ཀྱི་ཕྲེང་བ་ལྟར་འབྱུང་ངེས་པས། དཀའ་ངལ་དེ་དག་ཁྱད་གསོད་བྱས་ཏེ་གདོང་ལེན་གྱི་བློ་སྟོབས་ཡོད་ན། དཀའ་ཚེགས་དེ་དག་རྒྱུན་ལྡན་གྱི་གནས་ཚུལ་ཙམ་དུ་བརྩིས་ཏེ། རང་ལ་འཁྲིས་པའི་གལ་འགངས་ཆེ་བའི་སློབ་ཁྲིད་ཀྱི་བྱ་གཞག་ལ་འཐུས་ཤོར་མེད་པར་རྒྱུན་འཁྱོངས་བྱ་ནུས་པར་མ་ཟད། རང་གི་ལྷག་བསམ་དང་སྙིང་སྟོབས་ཀྱི་གྲུབ་འབྲས་མངོན་འགྱུར་ཡོང་བར་དོགས་པ་ཅི་ལ་ཡོད།

[3] སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བུད་མེད་ཚོགས་པ་དང་། གཞོན་ནུས་མཚོན། ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། བོད་གཞུང་ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་པར་སྐྲུན་ཁང་། དིལླི། ༢༠༠༡ ཤོག་གྲངས། ༢༢

བཞི་པ། སྲོལ་རྒྱུན་གྱི་རིག་གནས་ལ་དགའ་ཞེན་མཆིས་པ།

   སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་སྤྱི་དང་། ཁྱད་པར་དུ་གཞོན་སྐྱེས་རྣམས་ལ་བཀའ་སློབ་སྩལ་དུས། བོད་ཀྱི་ཐུན་མིན་གྱི་སྐད་ཡིག་དང་། ལེགས་བྱང་། ནང་ཆོས་བཅས་ལ་དོ་སྣང་བྱས་ཏེ་སྦྱངས་པ་བྱ་དགོས་ཚུལ་རྒྱུན་དུ་གསུངས་དང་གསུང་མུས་བཞིན། ཁོང་གི་དགོངས་བཞེས་འགྲུབ་པར་གཞོན་སྐྱེས་སམ་སློབ་མ་རྣམས་ཀྱིས་རང་གི་ཕ་མེས་ཚོའི་ཤུལ་བཞག་གི་སྐད་ཡིག་གིས་མཚོན་པའི་རིག་གནས་ལ་དོ་དབྱིངས་ཆེན་པོས་སྦྱངས་པ་བྱེད་པ་ཙམ་གྱིས་མ་འགྲིག་པར། ཁོ་ཚོ་ལ་སློབ་ཁྲིད་ཀྱི་ལམ་སྟོན་གནང་མཁན་དགེ་རྒན་རྣམ་པ་མེད་ཐབས་བྲལ་ཅིང་། དེ་ལྟ་བུའི་དགེ་རྒན་རྣམ་པར་ཁྱད་ཡོན་གང་ཞིག་ངེས་པར་དུ་དགོས་གལ་ཆེ་བ་ནི། ཁོང་གིས། དེང་དུས་ཀྱི་ཤེས་ཡོན་རྣམས་བསླབས་པ་དང་ཆབས་ཅིག་བོད་པའི་ཡི་གེ་སློབ་རྒྱུ་དང་། ཆོས་སློབ་རྒྱུའི་དོན་དུ་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་དགོས་པའི་དམིགས་ཡུལ་དེ་ང་ཚོ་བོད་པ་བཙན་བྱོལ་བ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་བོད་པའི་ཤེས་ཡོན་ཡོད་པ་ཞིག་ཡོང་རྒྱུ་དེ་ཡིན[4]ཞེས་དང་། རང་ཉིད་བོད་མི་ཞིག་ཡིན་ཕྱིན་བོད་ཡིག་ལ་སྦྱངས་བརྩོན་བྱས་ནས། རང་ཉིད་གང་ལས་སྐྱེས་པའི་མི་རིགས་ཀྱི་ཁྱད་ཆོས་ཤེས་ཡོན་རྣམས་ཤེས་རྟོགས་ཐུབ་པ་བྱ་དགོས་[5] ཞེས་བཀའ་སློབ་ཕེབས་དོན་བཞིན། སྲོལ་རྒྱུན་རིག་གནས་ཀྱི་མཁྱེན་ཡོན་ཡོད་ན་རབ་དང་ཕུལ་ཡིན་ཅིང་། དེ་ལྟར་མ་བྱུང་ཡང་མ་མཐར་ཡང་དགའ་ཞེན་ཅིས་ཀྱང་ཡོད་དགོས་སྙམ། ཅི་སྟེ་སློབ་དགེ་དེ་ལ་སྲོལ་རྒྱུན་རིག་གནས་ཀྱི་སྐུ་ཡོན་ཡོད་ན། ཁོང་གིས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་གི་ཐུན་མིན་གྱི་ཁྱད་ཡོན་དང་། དེའི་བྱེད་ལས། ལྷག་པར་དུ་གོ་དོན་སྟོན་ཚུལ་གྱི་ངོས་ནས་སྐབས་འགར་ལེགས་སྦྱར་སྐད་ཀྱི་ཐ་སྙད་འགའ་ལས་དོན་ཟབ་པ་ཡོད་པ། དཔེར་ན། ལེགས་སྦྱར་སྐད་དུ་གུ་རུ་ཞེས་པ་ནི། ལྕི་བ་སྟེ་ཡོན་ཏན་གྱིས་ལྕི་བ་ཙམ་ལས། བོད་སྐད་ནང་བླ་མ་ཟེར་བའི་གོ་དོན་ཏེ་གོང་ན་མེད་པའི་དོན་ནམ་ཡང་སྟོན་མི་ནུས་པ་སོགས་ནག་པང་ཐོག་ཏུ་འབྲི་བཞིན་ངོ་སྤྲོད་བྱ་ནུས་ལ། དེ་བཞིན་དུ་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་སྐད་ཡིག་འདི་སྒྲ་སྦྱོར་གྱི་ཡི་གེ་ཡིན་པས། དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་སོ་སོའི་སྐྱེ་གནས་ལྟར་སྒྲ་གདངས་འབྱིན་ནུས་ན། རིམ་བཞིན་དེ་དག་སྔོན་འཇུག་དང་། མིང་གཞི། རྗེས་འཇུག །ཡང་འཇུག །མགོ་ཅན་དང་། འདོགས་ཅན་སོགས་དང་སྦྲེལ་ནས་ཀློག་སྐབས་དཀའ་ཚེགས་མེད་ལུགས་འགྲེལ་ཐུབ་ལ། འགྲེལ་བརྗོད་འདིས་སློབ་མ་རྣམས་ལ་ཁ་བ་རི་པའི་སྐད་ཡིག་སྦྱངས་པར་སྤྲོ་སྣང་བསྐྱེད་སྲིང་བྱ་ནུས་པ་མ་ཟད། ད་དུང་སློབ་དགེ་གང་དེས་བོད་བརྒྱུད་ནང་བསྟན་རིག་ཚན་དུ་གསལ་བའི་བློ་སྦྱོང་ཟུར་འདོན་བྱས་ཏེ། ཉིན་རེའི་སློབ་ཁྲིད་ཀྱི་ཞོར་དུ་འཁྲིད་ཐུབ་ཚེ་རང་མི་རིགས་ཀྱི་སྐད་ཡིག་ནང་དུ་ཡོད་པའི་ནང་བསྟན་རིག་གནས་ཀྱི་ཆེ་བ་ངོ་སྤྲོད་གནང་ཐུབ་པའི་ཁར། དེ་དག་སློབ་མ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་འཕྲད་པའི་དཀའ་ངལ་གདོང་ལེན་བྱེད་པའི་ཐབས་ལམ་གོང་ན་མེད་པ་ཞིག་ཏུ་འགྱུར་ངེས་སོ། །

[4] གོང་མཚུངས། ཤོག་གྲངས། ༣༢༤

ལྔ་པ། དེང་རབས་ཀྱི་ཤེས་ཡོན་ལྡན་པ།

   སློབ་ཁྲིད་ཀྱི་བྱ་འགུལ་གསོན་ཉམས་ལྡན་པ་དང་། ནུས་མཐུ་ཆེ་བ། སློབ་མའི་སེམས་ལ་འཇགས་བདེ་བ་ཞིག་ཡོང་བ་ནི། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལག་བསྟར་བྱ་རྒྱུ་གལ་ཆེ་ཞིང་། དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་ནང་སློབ་མ་དབུས་བཞག་སྟེ། སློབ་དགེ་རང་ངོས་ནས་སློབ་མ་རྣམས་ལ་བསླབ་གཞིའི་ཚན་པར་ངོ་སྤྲོད་སྤྱི་བཤད་དང་། ཞོར་དུ་སློབ་ཕྲུག་རྣམས་ལ་དམིགས་བསལ་ལམ་སྟོན་དགོས་ཚེ་ལམ་སྟོན་བྱ་དགོས་མོད། འོན་ཀྱང་སློབ་ཁྲིད་དང་འབྲེལ་བའི་བྱེད་སྒོ་མཐའ་དག་སློབ་མ་རང་ངོས་ནས་སློབ་ཚན་བསྐྱར་ཀློག་དང་། ཟུར་བལྟའི་སློབ་དེབ་དཔེ་ཀློག དེ་བཞིན་དུ་དྲ་ཚིགས་ལས་སྐབས་བབ་ཀྱི་བརྗོད་གཞི་དང་འབྲེལ་བའི་རྩོམ་ཡིག་འདྲ་མིན་བཙལ་ཏེ་ཀློག་བཞིན་རང་གི་ཤེས་བྱའི་འཁོར་རྒྱ་ཇེ་ཆེར་གཏོང་དགོས། ལྷག་པར་དུ་དུས་ཚོད་དང་ཁོར་ཡུག་གི་དགོས་འདུན་ལ་གཞིགས་ན། བོད་ཡིག་སློབ་དགེ་ཞིག་གིས་རང་འཁྲིའི་སློབ་ཚན་དེ་སློབ་ཁྲིད་གནང་ཐུབ་པ་ཙམ་གྱིས་མ་འཐུས་པར་རང་གི་སློབ་ཁྲིད་སྣ་མང་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། འཇུག་པར་སླ་བའི་རང་བཞིན་ཡོང་ཐབས་སུ། དེང་རབས་རིག་ཚན་ཏེ་ཚན་རིག་དང་། སྤྱི་ཚོགས་ཚན་རིག ས་ཁམས་རིག་པ། ལོ་རྒྱུས་རིག་པ། དེ་བཞིན་རྩིས་རིག་དང་གློག་ཀླད་རིག་པའི་རྒྱུན་ཤེས་ལྷན་ཐབས་སུ་འགྲེལ་བརྗོད་གནང་ཐུབ་རྒྱུ་ཧ་ཅང་འགངས་ཆེ།

ལྷག་པར་དུ་༸གོང་ས་མཆོག་གིས། ཕྱག་དཔེ་གཟིགས་མཁན་བློ་གསར་རྣམས་ཀྱིས་ཧིན་རྡི་དང་། དབྱིན་ཇིའི་སྐད་ཡིག་ཀྱང་ངེས་པར་དུ་སློབ་སྦྱོང་བྱ་དགོས།[6] ཞེས་དང་། དེ་བཞིན་དུ་སློབ་མ་རྣམས་ལ་འདབ་གཤོག་གཉིས་ལྡན་གྱི་སློབ་ཕྲུག་ཅིག་ཡོང་བར་འབད་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་རྒྱུན་པར་སྩལ་གྱི་ཡོད་ཅིང་། བཀའ་སློབ་འདིའི་ནང་དོན་སྟབས་བདེ་བའི་ལུགས་སུ་བཀྲལ་ན། དགེ་འདུན་པ་རྣམ་པས་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་དང་། རྩོམ་རིག །ནང་བསྟན་གཞུང་ལུགས་ཙམ་ལ་དབུ་མ་འཁོར་བར་དེང་རབས་ཀྱི་རིག་ཚན་རྩིས་རིག་དང་། ཚན་རིག །གནའ་དེང་གི་ལྟ་གྲུབ་སྨྲ་བ་ཚོའི་དགོངས་པ་བཅས་ལ་གསན་བསམ་གནང་དགོས་པ་དང་། དེ་བཞིན་དུ་སློབ་མ་རྣམས་ཀྱིས་ཚན་རིག་དང་རྩིས་རིག །ལོ་རྒྱུས་དང་འཕྲུལ་རིག །དཔལ་འབྱོར་དང་ས་གཤིས་རིག་པ། འཛུགས་སྐྲུན་དང་འཆར་འགོད་རིག་པའི་སློབ་སྦྱོང་གིས་མ་ཚིམས་པར་རང་གི་མེས་པོའི་ཤུལ་བཞག་གི་རིག་གནས། བོད་ཀྱི་བརྡ་སྤྲོད་དང་སྙན་ངག  །དེ་བྱུང་རིག་པ། ནང་བསྟན་རིག་གནས་བཅས་ལའང་དོན་གཉེར་ཅིས་ཀྱང་བྱ་དགོས་པ་དེ་ཡིན་ནོ། །

[5] བཀའ་སློབ་སྙིང་གི་ནོར་བུ། བཀའ་སློབ། ༢༦

[6] སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཁག་སོགས་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། པོད་དང་པོ། བོད་གཞུང་ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་པར་སྐྲུན་ཁང་། དིལླི། ༢༠༠༠ ཤོག་གྲངས། ༤༣

མཇུག་བསྡུ་བ།

   ལར་ནས་དགེ་རྒན་ཞིག་གི་ཕྲག་ཏུ་བབས་པའི་ལས་འགན་ནི། ཉིན་རེ་བཞིན་སློབ་མ་རྣམས་དང་གཤིབ་བཞིན་སྐབས་བབ་ཀྱི་སློབ་ཁྲིད་བྱ་རྒྱུ་དེ་རེད། དེ་ལྟ་བུའི་སློབ་ཁྲིད་ནི། རིག་གནས་ལ་སྦྱངས་པ་གང་འཚམ་ཡོད་ཅིང་། སློབ་ཁྲིད་ཀྱི་བྱ་བར་འཇུག་པའི་ཉམས་མྱོང་ཡོད་མཁན་ཁོ་ན་མ་གཏོགས་མི་བུ་ཡོད་ཚད་ཀྱིས་སྒྲུབ་ནུས་པ་ཞིག་ཁྱོན་ནས་མིན། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་བཞེས་ཀྱི་དགེ་རྒན་ལྟ་བུ་ཞིག་ལ་མཚོན་ན། བསླབ་གཞིའི་ཚན་པར་གོ་རྟོགས་གང་འཚམ་ཡོད་པ་ཙམ་གྱིས་མ་འཐུས་པར། སློབ་ཁྲིད་ཀྱི་བྱ་བར་འཇུག་པའི་སྤྲོ་སྣང་དང་། སློབ་མ་ལ་ཕན་སེམས་ཀྱི་ཀུན་སློང་བཟང་པོ་ཞིག་ངེས་པར་དུ་ཚང་དགོས།

དེ་བཞིན་དུ་མགོན་པོ་གང་ཉིད་ཀྱིས་སློབ་ཁྲིད་ཀྱི་བྱ་བ་ནི་མིང་ཙམ་དུ་མ་སོང་བར། གནའ་དེང་ཟུང་འབྲེལ་གྱི་སློབ་ཁྲིད་ཅིག་ཡོང་བར་དགོངས་པ་བཞེས་ཀྱི་ཡོད་སྟབས། སློབ་ཁྲིད་གནང་མཁན་དགེ་རྒན་རང་ཉིད་ལ་བོད་མིའི་རྒྱུན་སྲོལ་གྱི་རིག་གནས་ཧ་ཅང་ཡག་པོ་ཡོད་ཀྱང་། སློབ་ཁྲིད་བྱེད་སྐབས་དེའི་རམ་འདེགས་སུ་དེང་རབས་ཀྱི་རིག་ཚན་གྲོགས་སུ་བསྟེན་དགོས་ལ། དེང་རབས་རིག་ཚན་སློབ་ཁྲིད་གནང་མཁན་ཞིག་གི་ངོས་ནས་ཀྱང་། རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་དང་མཉམ་དུ་ལོ་རྒྱུས་ཡུན་རིང་ལྡན་ཞིང་གཞན་ལ་ངོམ་རིམ་ཆོག་པའི་བོད་མི་རིགས་ཀྱི་རིག་གནས་ལའང་དོ་སྣང་གནང་དགོས་པ་ནི་ནམ་ཡང་འདོར་དུ་མི་རུང་བའི་འགན་འཁྲི་ཞིག་ཡིན་ནོ།། །།

དཔྱད་གཞིའི་ཡིག་ཆ།

༡) སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཁག་སོགས་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། པོད་དང་པོ། བོད་གཞུང་ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་པར་སྐྲུན་ཁང་། དིལླི། ༢༠༠༠

༢) སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཁག་སོགས་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། པོད་གཉིས་པ། བོད་གཞུང་ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་པར་སྐྲུན་ཁང་། དིལླི། ༢༠༠༠

༣) སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བུད་མེད་ཚོགས་པ་དང་། གཞོན་ནུས་མཚོན། ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། བོད་གཞུང་ཕྱི་དྲིལ་ལས་ཁུངས། དཔལ་འབྱོར་པར་སྐྲུན་ཁང་། དིལླི། ༢༠༠༡

༤) ༸རྒྱལ་བའི་ལེགས་བཤད་བརྒྱ་དང་བཅུ་གསུམ། ཚེ་བརྟན་གྱིས་བོད་སྒྱུར་བྱས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༡

༥) བཀའ་སློབ་སྙིང་གི་ནོར་བུ། དེབ་ཕྲེང་དང་པོ། བཀའ་སློབ། ༢༣ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། ༢༠༡༥