མིག་དམར་དོན་གྲུབ། གཞི་བར་བོད་དགེ།
ཀ་སྦུག་སཾ་བྷོ་ཊ་གཏན་སློབ།
གླིང་འདིར་ཞི་བདེའི་ལམ་བུ་ཡང་དག་བསྟན།།
རིས་མེད་འགྲོ་བ་ཀུན་ལ་ཐུགས་རྗེས་འཛིན།།
རྒྱ་གར་འཕགས་པའི་ཡུལ་དུ་མཛད་འཕྲིན་དག།
མཚོ་མོ་ལས་ཀྱང་ཟབ་པ་ཨེ་མ་མཚར།།
གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་མཆོག།
བགྲང་བྱ་དགུ་བཅུར་ཕེབས་པའི་སྐལ་བཟང་གི།།
གོ་སྟོན་རྟེན་འབྲེལ་འཛོམས་པའི་དུས་བཟང་ལ།།
སྡེ་བཞིའི་ཕུན་ཚོགས་དཔལ་ཡོན་རྒྱས་པར་སྨོན།།
ཞེས་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་༸འཕགས་མཆོག་ཕྱག་ན་པདྨོ་དྲང་སྲོང་ངུར་སྨིག་འཛིན་པ་ཤཱཀྱའི་དགེ་སློང་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་ལ་སྒོ་གསུམ་གུས་པས་གུས་ཕྱག་སྔོན་དུ་བཏང་སྟེ། ༸མགོན་པོ་གང་ཉིད་ཀྱི་དགོངས་པར་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས་གལ་ཆེ་བ་འགའ་ཞིག་བརྗོད་པར་བྱའོ།
༡། ཡ་རབས་བཟང་སྤྱོད་ལྡན་པའི་སློབ་མ་ཚད་ལྡན་ཞིག་སྐྱེད་སྲིང་གནང་རྒྱུ།
རྒྱལ་ཁབ་དང་མི་རིགས་ཤིག་གི་ཆགས་འཇིག་ནི། དེའི་འབྱུང་འགྱུར་གྱི་མི་རབས་གསར་པ་རྣམས་ལ་ཐུག་ཡོད་པ་དང། འབྱུང་འགྱུར་གྱི་མི་རབས་གསར་པ་ཇི་ལྟར་གསོ་སྐྱོང་ཐུབ་མིན་ནི། སྐབས་བབ་ཀྱི་དགེ་རྒན་དག་ལ་ཐུག་ཡོད་ན། དགེ་རྒན་ཞེས་པ་ནི། རྒྱལ་ཁབ་དང་མི་རིགས་ཤིག་གི་འཛུགས་སྐྲུན་ལ་རླབས་ཆེན་གྱི་མི་སྣ་གལ་ཆེན་པོ་ཞིག་ཆགས་ཡོད་པ་གདོན་མི་ཟ། ཡང་སྒོས་སུ་རང་རེའི་བོད་མི་རྣམས་ལ་ཕ་མེས་བརྒྱུད་ནས་ཡོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་ཕྱུག་པོ་མི་རིགས་གཞན་ལ་ངོམས་སུ་ཆོག་པ། ཀུན་གྱིས་ཡིད་སྨོན་གྱི་གཞིར་གྱུར་བ་དེ་འབྱུང་འགྱུར་གྱི་མི་རབས་ཕྱི་མ་རྣམ་པའི་རྒྱུད་ལ་རྒྱུན་གནས་ཐུབ་མིན་ནི་མི་རིགས་དེ་དག་སྐྱེད་སྲིང་བྱེད་མཁན་དགེ་རྒན་དག་འགན་ཁྲི་ཡོད་པས། རང་རེའི་དགེ་རྒན་རྣམ་པས་ཡ་རབས་བཟང་སྤྱོད་ལྡན་པའི་སློབ་མ་ཚད་ལྡན་ཞིག་སྐྱེད་སྲིང་གནང་རྒྱུར་གཙིགས་ཆེ་བར་འཛིན་གལ་ཆེ།
༢། གནའ་དེང་ཟུང་འབྲེལ་ལམ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་དང་ལྡན་པའི་སློབ་མ་སྐྱེད་སྲིང་།
བོད་བསིལ་ལྡན་ལྗོངས་འདི་བཞིན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་ནས་འགོ་བརྩམས་ཏེ་ད་ལྟའི་བར་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཕྱུག་པའི་རྒྱལ་ཁབ་ཅིག་ཆགས་ཡོད། འོན་ཀྱང་འདས་པའི་མི་ལོ་བརྒྱ་ཕྲག་འགའི་རིང་བོད་ནས་དེང་དུས་ཀྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་ཚད་མཐོ་ཤོས་ཡོད་པ་ནུབ་ཕྱོགས་པ་དེ་ཚོ་ལ་ལྟ་སྟངས་ཞན་པོ་བཟུང་ནས་རྒྱང་ཐག་རིང་པོ་བྱས་ཏེ་བསྡད་པའི་རྐྱེན་གྱིས་ང་རང་ཚོ་བོད་པས་དེང་དུས་ཀྱི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་པ་མ་ཟད། ང་ཚོས་དེང་དུས་ཀྱི་ཤེས་ཡོན་མ་འདང་བའི་རྐྱེན་གྱིས་ཐ་མ་དུས་འགྱུར་ཡོང་བའི་སྐབས་སུ་ང་ཚོ་གྲ་སྒྲིག་གང་ཡང་མེད་པར་ལུས་ཏེ་ད་ལྟའི་གནས་སྟངས་འདི་བྱུང་ཡོད།
དུས་འགྱུར་དབང་གིས་རང་ཅག་བཙན་བྱོལ་དུ་འབྱོར་འཕྲལ་བོད་པའི་སློབ་གྲྭ་ཁག་ཟུར་དུ་བཙུགས་ཏེ་དེའི་ནང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་ཐོག་ནས་ཤེས་ཡོན་སྤྲོད་འགོ་བཙུགས་ཡོད། དེ་དང་ཕྱོགས་མཚུངས་རང་རེའི་དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་གནའ་དེང་ཟུང་སྦྲེལ་གྱི་ཤེས་ཡོན་ཡ་མ་བྲལ་བ་ཞིག་སྦྱོར་སྤྲོད་ཀྱིས་བོད་རིགས་སློབ་ཕྲུག་རྣམས་མ་འོངས་པ་རྒྱལ་སྤྱིའི་སྡིངས་ཆར་དཔུང་པ་མཉམ་ཤིབ་ཐོག་མདུན་བསྐྱོད་བྱེད་ཐུབ་པ་ཞིག་སྐྱེད་སྲིང་བྱེད་ཐུབ་པའི་འགན་ཁྲི་ཡོད།
༣། བོད་པའི་རྣམ་པ་མ་ཡལ་བའི་བོད་པ་ཤེས་ཡོན་ཅན་བཟོ་དགོས།
ངེད་ཅག་རྩམ་ཟན་པ་རྣམས་དུས་འགྱུར་དབང་གིས་ཕ་ཡུལ་ལས་གྱར་ཏེ་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕུགས་རྒྱང་རིང་པོའི་དགོངས་པ་ཆེར་བཞེས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་སྐད་ཡིག་དང་རིག་གཞུང་དེ་དག་འཛིན་སྐྱོང་སྤེལ་གསུམ་སླད་བོད་པའི་སློབ་གྲྭ་ཁག་ཟུར་དུ་གསར་འཛུགས་གནང་ཡོད། ༸མགོན་པོ་གང་ཉིད་ཀྱི་དགོངས་དོན་བཞིན་ད་བར་བགྲང་བྱ་བཅུ་ཕྲག་དྲུག་ལྷག་རིང་སློབ་ཁག་དེ་དག་ནང་བོད་ཀྱི་རྩ་ཆེའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གང་དྲག་བྱུང་ཡོད། འོན་ཀྱང་འདས་པའི་མི་ལོ་ཉི་ཤུ་ལྷག་ནས་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོས་བྱས་པ་དང། ལྷག་པར་དུ་དེ་སྔ་བོད་ནས་གསར་དུ་འབྱོར་བའི་བོད་མིའི་གྲངས་འབོར་ཡང་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་ཕྱིན་ཏེ་ཉིན་མོའི་སྐར་མ་ལྟར་ཆགས་ཡོད། ད་ལྟའི་ཆར་སློབ་ཁག་དེ་དག་ནང་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཆེས་ཉུང་ཤས་ལས་མེད་རྐྱེན། སློབ་གྲྭ་དེ་དག་གི་ནང་བོད་རིགས་མིན་པའི་སློབ་ཕྲུག་མང་པོ་ཞིག་ཡོད་པའི་ཉེར་ལེན་གྱིས་བོད་སྐད་བསྲེ་ལྷད་མེད་པ་དག་གཙང་སྨྲ་མཁན་ཉུང་དུ་ཕྱིན་པ་དང། བོད་ཡིག་འབྲི་ཀློག་གི་ཆུ་ཚད་ཀྱང་ཇེ་ཞན་དུ་འགྲོ་བའི་བོད་པའི་སྐད་ཡིག་གཉིས་པོ་ཆགས་འཇིག་གི་མཚམས་ལ་སླེབས་པའི་ཉག་ཕྲ་བའི་དུས་སྐབས་འདིར། བོད་རིགས་དགེ་རྒན་རྣམས་ནས་རང་རེའི་སློབ་མ་ཚོའི་རྒྱུད་ལ་ང་ཚོའི་ཕ་མེས་བརྒྱུད་ནས་མཆེད་པའི་རིག་གཞུང་ཕྱུག་པོ་དེ་འཛིན་སྐྱོང་སྤེལ་གསུམ་བྱ་གལ་ཆེ་བ། རང་ཉིད་བོད་པ་ཡིན་པའི་སྤོབས་སེམས་ལྡན་པ། བོད་རིགས་ཀྱི་ལ་རྒྱ་དང། བོད་པའི་རིག་གཞུང་ལ་དགའ་ཞེན་གྱི་ཚོར་བ་བསྐྲུན་རྒྱུའི་ལྡོག་ཐབས་བྲལ་བའི་ལས་འགན་ལྕི་བོ་ཞིག་ཡོད་པའི་ཐོག་སློབ་ཕྲུག་དེ་དག་ལ་བོད་པའི་རྣམ་པ་མ་ཡལ་བ་ཞིག་གསོ་སྐྱོང་བྱ་གལ།
༤། སློབ་ཕྲུག་རྣམ་པར་བྱམས་བརྩེའི་ཚོར་སྣང་སྐྱེད་ཐབས་བྱེད་དགོས།
དགེ་རྒན་གྱི་ངོས་ནས་སློབ་མར་སློབ་ཁྲིད་གནང་སྐབས་བྱམས་བརྩེའི་ཚོར་བ་གཏན་ནས་མེད་པར་སློབ་ཁྲིད་གནང་བ་ནི་གཞི་རྩ་ནས་འགྲིག་མེད། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་དེ་ཚོའི་ཚོར་སྣང་དེ་དག་དགེ་རྒན་གྱི་རྣམ་འགྱུར་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་མྱོང་ཚོར་སླེབས་ཐུབ་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད། ཕྲུ་གུའི་ངོས་ནས་ཡིན་ནའང། དགེ་རྒན་དེས་ཕྲུ་གུའི་མི་ཚེའི་མདུན་ལམ་ལ་སེམས་ཁུར་ཡོད་པའི་ཐོག་ནས་སློབ་གསོ་ཡང་དག་པ་ཞིག་སྤྲད་པ་དེ་དག་ཕྲུ་གུའི་སེམས་ཀྱི་གཏིང་ལ་ཟུག་ཐུབ་པའི་ཁྱད་པར་ཡོང་ཐུབ་པ་མ་ཟད། ཕྲུ་གུ་ཚོས་ཀྱང་སེམས་ཀྱི་གཏིང་ནས་དགེ་རྒན་དེ་ལ་དགའ་པོ་བྱས་ཏེ་བློ་གཏད་བཅོལ་ནས་བརྩི་བཀུར་བྱེད་པ་ཞིག་ཡོང་ཐུབ། དགེ་རྒན་ཚོས་ཕྲུ་གུ་ལ་བྱམས་བརྩེ་ཟེར་བ་འདིའི་རིན་ཐང་དང་ཕན་ཐོགས་ཇི་ལྟར་ཡོད་པ་རྣམས་སོ་སོའི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་ངོ་སྤྲོད་བྱེད་དགོས། ལྷག་དོན་དུ་སློབ་ཕྲུག་ཚོའི་ངོས་ནས་བཤད་ནའང་ཁོང་ཚོས་ལོ་མང་རྗེས་ལ་དགེ་རྒན་ཞིག་ནས་སློབ་ཚན་ག་རེ་འཁྲིད་པ་དེ་ཚོ་སེམས་ལ་དེ་ཙམ་མ་ངེས་པར། དགེ་རྒན་ཞིག་གིས་བྱམས་བརྩེའི་ངང་སློབ་ཁྲིད་གནང་ཚུལ་དེའི་བག་ཆགས་བརྟན་པོ་འཇོག་ཐུབ་པ་མ་ཟད། སློབ་མ་རང་ཉིད་ནས་ཀྱང་དགེ་རྒན་དེའི་བྱམས་བརྩེ་ལྡན་པའི་གཤིས་སྤྱོད་བཟང་པོ་དེར་མིག་ལྟོས་ཀྱིས་དང་དེ་ལ་རྗེས་སུ་འབྲང་བའི་དགེ་མཚན་ལྡན་ཡོད།
༥། དགེ་རྒན་རང་ཉིད་ནས་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཁྱད་ལས་གོང་སྤེལ་ལ་གཞོལ་དགོས་གལ།
དུས་རབས་ཉེར་གཅིག་པའི་སློབ་མར་དུས་ཀྱི་དགོས་མཁོར་འཚམས་པའི་ཤེས་ཡོན་སྦྱོར་སྤྲོད་གལ་ཆེར་གྱུར་ན། དགེ་རྒན་གང་ཞིག་ལ་མདོ་སྡེ་རྒྱན་ལས་གསུངས་པའི་བཤེས་གཉེན་གྱི་ཁྱད་ཆོས་བཅུ་པོ་ཚང་རྒྱུ་ལྟ་ཅི། ཡང་སྒོས་སུ་དུས་རབས་ཉེར་གཅིག་པའི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དག་ཀྱང་ངེས་པར་དུ་ཚང་རྒྱུ་ཤིན་ཏུ་གལ་འགངས་ཆེ། དཔལ་ལྡན་ཤེས་རིག་ལས་ཁུངས་ངོས་ནས་ཀྱང་དགེ་རྒན་གྱི་ཁྱད་ལས་དེ་བཞིན་གལ་གནད་གཙོ་འཛིན་ཐོག་དགེ་རྒན་རྣམ་པའི་ཆེད་ལས་གོང་མཐོར་གཏོང་སླད། དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་ཟབ་སྦྱོང་རབ་དང་རིམ་པས་ཕུལ་བ་མ་ཟད། དགེ་རྒན་རྣམས་ལ་མཐུན་འགྱུར་ཡང་གང་མང་སྦྱར་གནང་ཡོད། གལ་ཆེ་ཤོས་ཤིག་ལ་དགེ་རྒན་དོ་བདག་སོ་སོའི་ངོས་ནས་ཀྱང་སློབ་ཕྲུག་རྣམས་ལ་བརྩེ་བས་ཀུན་ནས་བསླངས་ཏེ་སློབ་ཁྲིད་ཡང་དག་པ་ཞིག་བྱེད་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར། སློབ་ཕྲུག་རྣམས་ལ་རང་དབང་དང། གཞན་ཕན། རྒྱུན་འཛིན། གསར་གཏོད། བཅས་ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཞི་པོ་སློབ་མའི་རྒྱུད་ལ་འཇགས་པའི་ཐོག་རང་རེའི་སློབ་ཕྲུག་རྣམས་མ་འོངས་པར་ཡ་རབས་བཟང་སྤྱོད་དང་ལྡན་པའི་བོད་མི་ཚད་ལྡན་ཞིག་བསྐྲུན་ཐུབ་པ་དང། དེ་དང་ལྷན་དུ་སློབ་མ་ཚོར་དུས་རབས་ཉེར་གཅིག་གི་རྩལ་བཞི། (4 Cs) ༼Communication skill འབྲེལ་ལམ་གྱི་རྩལ།༽ ༼Collaboration skill མཉམ་རུབ་ཀྱི་རྩལ།༽ ༼Creativity skill གསར་གཏོད་ཀྱི་རྩལ།༽ ༼Critical Thinking skill དཔྱད་ཞིབ་བསམ་བློའི་རྩལ།༽ གོང་སྤེལ་གཏོང་ཐབས་ལ་ཡང་འཇུག་དགོས། ཡང་སྒོས་སུ་རང་ཉིད་ནས་མི་ཚེ་གང་བོར་བསླབ་ལ་གཞོལ་བའི་སློབ་གསོ་བ་ཡང་དག་པ་ཞིག་བྱེད་རྒྱུར་གཙོ་བོར་འཛིན་དགོས།
༦། སློབ་ཕྲུག་ཚོར་མིག་དཔེ་བཟང་པོ་ཞིག་སྟན་གལ།
ཡ་རབས་སྤྱོད་བཟང་ཟེར་བ་འདི་དགེ་རྒན་རང་ཉིད་ཀྱི་རྒྱུན་གཏན་གྱི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུར་ངོ་སྤྲོད་བྱེད་པ་མ་གཏོགས། ཁ་ནས་འདྲ་ཆགས་པོ་བཤད་པ་དང་ཚིག་གིས་ངོ་སྤྲོད་བྱས་པ་འབའ་ཞིག་གིས་ཕན་ཐོགས་རྒྱུ་ཁག་པོ་རེད། ཡ་རབས་བཟང་སྤྱོད་ཟེར་བ་དེ་འཛིན་གྲྭའི་ནང་ལ་བཤད་པ་ཙམ་གྱིས་མི་འགྲིགས་པར་ཕྲུ་གུའི་གོམས་གཤིས་ལ་འཇགས་ཐུབ་པ་ཞིག་དགོས་པར་བརྟེན། དགེ་རྒན་ཚོའི་ངོས་ནས་རྒྱུན་གྱི་རྣམ་འགྱུར་སྟོན་སྟངས་དང། སྤྱོད་ལམ་འཁྱེར་སྟངས། མདོར་ན། སྐད་ཆ་ཤོད་སྟངས་ཚུན་ཆད་ངང་རྒྱུད་རིང་པོ་དང། ཞི་ཞིང་དུལ་བ། ཕན་སེམས་ལྡན་པའི་རྣམ་འགྱུར་ཕྲུ་གུའི་མིག་དཔེར་འཇགས་པ་ཞིག་ངེས་པར་དུ་བསྟན་དགོས་པ་གལ་ཆེ། གང་ལྟར་ཕྲུ་གུ་ཆུང་དུས་ཀྱི་འཚར་ལོངས་ཉིད་ནས་ཁོང་ཚོའི་བསམ་བློར་ཡ་རབས་བཟང་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་འདི་ཉིན་ཞག་ཕྲུགས་གཅིག་གི་དུས་ཡུན་རིང་ཕྱོགས་གང་ས་ནས་གཟབ་གཟབ་བྱེད་དགོས་པའི་ལས་ཀ་གལ་ཆེར་ཞིག་ཡིན། དེ་ལྟ་བུའི་སྤྱོད་ལམ་གྱི་ཤུགས་རྐྱེན་ལས་ཕྲུ་གུ་ཚོའི་ཆ་ནས་དགེ་རྒན་ལ་རང་ཤུགས་ཀྱིས་གུས་བརྩི་བྱེད་པ་ཞིག་ཡོང་གི་རེད་ལ། ཕྲུ་གུ་རེ་རེའི་ཐོག་སེམས་ནས་དགེ་རྒན་ལ་དགའ་བའི་གུས་བརྩི་བྱེད་པའི་གཞི་རྩའི་ཐོག་སློབ་ཚན་གང་བསླབས་པ་དང། བསླབ་བྱ་བརྒྱབ་པ་རྣམས་སེམས་ལ་འཇགས་པོ་ཡོང་གི་རེད།
༦། སློབ་ཁྲིད་ཀྱི་ལས་ལ་ཁྲལ་གྱི་འདུ་ཤེས་མི་འཛིན་པར་ལྷག་བསམ་ཐོག་ནས་གཞུག་གལ།
དགེ་རྒན་ཞིག་ནས་སློབ་ཕྲུག་ཚོའི་མ་འོངས་པའི་མདུན་ལམ་ལ་སེམས་ཁུར་བླངས་ཏེ་ཤ་ཚ་དང་ཕན་སེམས་ལྡན་པའི་ཐོག་ནས་སློབ་སྦྱོང་སྤྲད་རྒྱུ་གལ་ཆེ། དེ་འདྲའི་ལྷག་བསམ་དང། སེམས་ཁུར་ཡོད་པ་ཡིན་ན། དགེ་རྒན་ཚོས་ཕྲུ་གུ་ལ་ཤེས་ཡོན་འཇགས་ཐབས་གང་དྲག་བྱས་ནས་དུས་ཚོད་ཆུད་ཟོས་གཏོང་གི་མ་རེད། སློབ་ཁྲིད་བྱེད་སྐབས་ལེ་ལོ་དང་སུན་སྣང་བྱེད་ཀྱི་མ་རེད།
དེ་ལས་ལྡོག་སྟེ་སེམས་ཀྱི་ནང་ལྷག་བསམ་མེད་པར་ཟླ་རེའི་གླ་ཕོགས་ཁོ་ན་ལ་བལྟས་ནས་ལས་ཀ་བྱས་པ་དང། འཛིན་གྲྭར་སློབ་དགོས་པ་དེ་ཉི་མ་གང་འཁྱོལ་དང་ཁྲལ་གྱི་ངོ་བོའི་ཐོག་བསླབས་པ་ཡིན་ན། ཕྲུ་གུ་ཚོའི་བསམ་བློའི་ནང་ལའང་ཁྲལ་གྱི་འདུ་ཤེས་སླེབས་པ་མ་གཏོགས། བསླབས་པ་རྣམས་སེམས་ཀྱི་གཏིང་ལ་འཇགས་ཐུབ་པ་ཞིག་ཁག་པོ་རེད།
མཇུག་གི་གཏམ།
མིའི་ཀླད་པའམ་རྣམ་དཔྱོད་དེ་དུད་འགྲོ་སེམས་ཅན་གཞན་དང་མི་འདྲ་ཞིང། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཆེན་པོ་ཞིག་ཡོད་པ་དེ་སད་རྐྱེན་ནམ། དེའི་ནུས་པ་ཐོན་པ་ཡོང་བ་ལ་ཤེས་བྱ་ཡོན་ཏན་སློབ་སྦྱོང་སྤྲོད་པ་འདི་བྱེད་རྐྱེན་གཙོ་བོ་ཞིག་ཡིན། གལ་འགངས་ཆེ་བའི་དགེ་རྒན་གྱི་ལས་འདི་ལ་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱེད་རྒྱུ་དེ་བྱ་བ་ཧ་ཅང་བཟང་པོ་ཞིག་ཡིན་པ་དང། སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་ནི། མཆོག་ཏུ་གྱུར་པ་ཡིན་གསུངས་སྲོལ་ཡོད་པ་བཞིན། མི་ལ་རྒྱུ་ནོར་ལོངས་སྤྱོད་སྦྱིན་པ་བཏང་བ་ལས། མིའི་བློ་གྲོས་འཕེལ་ཐུབ་པ་ཞིག་དང། མིའི་བསམ་བློ་ཡར་རྒྱས་འགྲོ་ཐུབ་པ་ཞིག་ལ་རོགས་རམ་བྱེད་ཐུབ་པ་དེ་རླབས་ཆེ་བ་དང། དོན་ཕན་ཆེ་བ་ཡིན།
ལྷག་པར་དུ་ང་ཚོ་བོད་མི་རྣམས་ནི། མི་རིགས་གཞན་དང་མི་འདྲ་བར་འཐབ་རྩོད་ཅན་གྱི་མི་རིགས་ཤིག་ཡིན་གཤིས་དེའི་ཐོག་དམིགས་བསལ་དོ་ཁུར་བཞེས་གལ་ཆེ། ཡང་སྒོས་སུ་ངེད་ཅག་བོད་པའི་དགེ་རྒན་ཚོ་ལ་སོ་སོའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་རང་མི་རང་ལས་དང། རང་དོན་རང་གཅེས་ཀྱི་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་དེ་དམ་འཛིན་བྱེད་པའི་ཐོག་ནས་ལས་འགོ་འདི་ལ་ལྷག་བསམ་གཡོ་མེད་ངང་གཞོལ་རྒྱུ་གལ་ཆེ་བའོ།།
ད་བར་དཔྱད་མཆན་མེད།