ཟླ་བ་ཚེ་རིང་། བོད་དགེ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
སྤྱིར་རྒྱལ་ཁབ་ཅིག་གི་ཆབ་དཔལ་རིག་གསུམ་གྱི་མངའ་ཐང་དེ་དར་རྒྱས་འགྲོ་མིན་ནི། རྒྱལ་ཁབ་དེའི་སློབ་གསོ་ལ་རག་ལས་ཡོད་ལ། སློབ་གསོ་དེ་ཡང་སློབ་གྲྭའི་སློབ་གསོ་ལ་ཐུག་ཡོད་པར་མ་ཟད། གཙོ་བོ་སློབ་གྲྭའི་དགེ་རྒན་གྱི་ཤེས་ཚད་དང་འཇོན་ཐང་ལ་རག་ལས་ཡོད་པ་ནམ་ལངས་ཉི་ཤར་གྱི་དཔེ་ཡིན་པས། མཁས་པའི་དབང་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས “མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབ་ཤེས་ཡོན་ལ་རག་ལུས་ཤིང་། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན”་གསུངས་པ་ལྟར་དགེ་རྒན་ནི། མི་རིགས་ཤིག་གི་ཚེ་སྲོག་བཟོ་མཁན་གྱི་ལྷ་རྗེ་དེ་ཡིན་ལ། དགེ་རྒན་ནི་མི་རིགས་ཤིག་འགྱེལ་ས་ནས་ཡར་སློང་མཁན་གྱི་དཔའ་བོ་དེ་ཡང་ཡིན་པས། དགེ་རྒན་ཞིག་ཡིན་ན་རང་རིགས་ལ་བློ་དཀར་ཞིང་རང་སྐད་ལ་ཤ་ཞེན་ཆེ་བའི་མི་བུ་ཞིག་ཡིན་དགོས་མོད། དུས་ཚོད་ཀྱི་རྐྱེན་གྱིས་ཁ་སང་དེ་རིང་གི་དགེ་རྒན་ཚོ་ནི། ཡིག་ཆ་ཉར་མཁན་ཞིག་དང་ཐོ་འགོད་བྱེད་མཁན་ཞིག་མ་གཏོགས་བསམ་བློའི་དབང་ཚད་ཀྱི་ཁོར་ཡུག་མེད་ལ། ཡོད་པའི་དབང་དུ་བཏང་རུང་སྤྱི་དོན་འཕྱར་ཏེ་རང་དོན་སྒྲུབ་མཁན་གྱི་དུས་སུ་མཆིས་བས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ནས་བཤད་ན་མི་རིགས་དེའི་སློབ་གསོ་ཡི་གྱོང་གུད་ཅིག་དང་གོད་ཆག་གི་ལམ་ཁ་ཞིག་ཡིན་པའི་སྐབས་འདིར། ད་རེས་ཤེས་རིག་ལས་ཁུངས་ཀྱིས་ “༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས” ཟེར་བའི་བརྗོད་གཞི་འདི་ནི་རྣག་ཐོག་ཁབ་གཙགས་ཀྱི་ཚུལ་དུ་གདའ་བས། རང་སེམས་སྤྲོ་བས་བརྟས་ཤིང་དུང་པས་ཁེངས་ཏེ་གོང་གི་བརྗོད་གཞིའི་ཐོག་ལ་བསམ་ཚུལ་ཙམ་ཞིག་སྤུང་པར་བྱ་བ་ལ།
དང་པོ། གཤིས་ཀ་འཇམ་ཞིང་ཀུན་སྤྱོད་ཡག་པོའི་དགེ་རྒན་ཞིག་ཡིན་དགོས་པ།
སྤྱིར་འགྲོ་བ་མིའི་རིགས་ཀྱི་ཆོས་ཉིད་ལྟར་གཤིས་ཀ་འཇམ་པོ་དང་ཀུན་སྤྱོད་གཙང་མའི་རིགས་ཀྱི་མི་བུ་ནི་མིའི་ནང་གི་མཆོག་ཏུ་བརྩི་སྲོལ་ཡོད་པ་ཇི་བཞིན་དགེ་བའི་བཤེས་གཉེན་རྣམས་ཀྱི་ཀུན་སྤྱོད་ནི། འཇམ་པོ་ཞིག་དང་གཙང་མ་ཞིག་ཡོད་དགོས་རྒྱུ་ནི་མདོ་སྡེ་རྒྱན་ལས་ “བཤེས་གཉེན་དུལ་བ་ཞི་བར་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན།།” ཞེས་གསུངས་པ་ལྟར། དགེ་རྒན་ཞིག་གི་མཚན་གནས་ཡོད་ཕྱིན་ཆད་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་ནན་གྱིས་ཀུན་སྤྱོད་ཡག་པོ་ཞིག་དང་གཤིས་འཇམ་ཞི་དུལ་གྱི་དགེ་རྒན་ཡག་པོ་ཞིག་བྱས་ཏེ། ཉེ་འཁོར་གྱི་སློབ་ཕྲུག་དང་ཕ་མ་རྣམས་ལ་མིག་དཔེ་ཡག་པོ་ཞིག་སྟོན་རྒྱུ་ནི། དགེ་རྒན་ཞེས་པའི་མཚན་གནས་འདིའི་མིང་གི་སྔོན་འགྲོ་རེད། ལྷག་པར་དུ་མིའི་གཤིས་ཀ་འཇམ་པོ་དང་ཀུན་སྤྱོད་ཡག་པོ་ཡོད་ན། མི་དང་མིའི་བར་འབྲེལ་འདྲིས་བདེ་བའི་ཁེ་ཕན་ཡོད་པར་མ་ཟད། སློབ་ཕྲུག་ཚོའི་ཡིད་ལ་ཞེད་སྣང་དང་འཚེར་སྣང་མེད་པར་སེམས་ཐག་ཇེ་ཉེ་དང་མཛའ་མཐུན་ཇེ་ཟབ་ཏུ་འགྲོ་བའི་ལམ་ཁ་དང་པོ་དེ་ཡིན་པས། སློབ་ཕྲུག་ཚོའི་སེམས་ཀྱི་འཚེར་སྣང་དང་ཞེད་སྣང་མེད་པར་ཆགས་ཚེ་ཅི་ཞིག་བསླབ་རུང་ཤེས་སླ་ལ་གང་ཞིག་སྦྱོང་ཡང་སྦྱོང་འདོད་ཀྱི་སེམས་བྱུང་རྙེད་སླ་བའི་རྐྱེན་གྱིས་དགེ་རྒན་ཚོས་ངེས་པར་དུ་དགེ་རྒན་ཞིག་གི་སྔོན་འགྲོའི་སློབ་གསོ་འདིར་བརྩི་སྲུང་དང་ལག་བསྟར་འཁྱེར་ཐུབ་པ་བྱ་དགོས། ཡང་ཕྱོགས་གཞན་གཅིག་ནས་བཤད་ན། ཡ་རབས་བཟང་སྤྱོད་ནི། རྡོག་རྡོག་རི་བོ་ནང་བཞིན་སྟོན་རྒྱུ་ཞིག་མ་ཡིན་པར་ཉིན་རེའི་འཚོ་བའི་ཁྲོད་ཀྱི་མིའི་གཤིས་ཀ་དང་ཀུན་སྤྱོད་ལས་ངོམ་དགོས་པའི་ན། དགེ་རྒན་ཚོའི་གཤིས་ཀ་དང་ཀུན་སྤྱོད་ནི། རྒྱ་ཆུང་ས་ནས་བཤད་ན་སློབ་ཕྲུག་ཅིག་གི་མི་ཚེའི་ཁ་ཕྱོགས་ལ་འབྲེལ་བ་ཡོད་ལ། རྒྱ་ཆེ་ས་ནས་བཤད་ན། མི་རིགས་ཤིག་གི་ཤེས་ཡོན་གྱི་དར་རྒུད་ལ་རག་ལས་པས་གལ་ཆེན་ནང་གི་དོན་ཆེན་དུ་མཐོང་ངོ་།། ཡང་ཁ་ཅིག་གིས་དགེ་རྒན་གྱི་ལས་ཀ་ནི། སློབ་ཚན་བསླབ་ཡ་རེད་བསམ་སྟེ་སྣང་མེད་གཏོང་སྲིད་མོད། བསམ་བློ་ཞིབ་ཚགས་ཀྱིས་གཞིགས་ཚེ་དགེ་རྒན་གྱི་ལས་འཁུར་ནི། འབྲི་ཀློག་ཁྲིད་མཁན་ཙམ་ཞིག་མ་ཡིན་པར་སློབ་ཕྲུག་ཅིག་གི་མི་ཚེའི་ཁ་ཕྱོགས་སྟོན་མཁན་གྱི་ལམ་སྟོན་པ་ཞིག་ཡིན་ཙང་། དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་ནི། སློབ་ཕྲུག་ཅིག་གི་མི་ཚེ་ཡི་རྒྱགས་ཕྱེ་དེ་ཡིན་པས། དགེ་རྒན་ཞིག་ཡིན་པའི་ཆ་ནས་སོ་སོའི་གཤིས་ཀ་དང་ཀུན་སྤྱོད་ལ་ཡང་ཡང་ཞིབ་འཇུག་དང་ཡར་རྒྱས་བཏང་སྟེ། སློབ་ཕྲུག་ཚོའི་མིག་ནང་གི་དགེ་རྒན་གཤིས་བཟང་ཅན་ཞིག་བྱ་རྒྱུ་ནི་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་དང་པོ་དེ་ཡིན་ནོ།།
གཉིས་པ། བྱམས་པའི་སེམས་དང་ལྡན་པའི་དགེ་རྒན་ཞིག་ཡིན་དགོས་པ།
ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་བདེ་སྐྱིད་འདོད་པ་ནི། འཇིག་རྟེན་སྤྱིའི་ཆོས་ཉིད་ཡིན་པས། སློབ་ཕྲུག་ཚོ་ཡང་དེ་ལས་མ་འདས་པས་ན། ༸གོང་ས་མཆོག་གིས་ “སེམས་ཅན་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན” གསུངས་པ་ལྟར་དགེ་རྒན་ཚོས་འཇིགས་སྐུལ་དང་བཙན་སྐུལ་གྱི་གནའ་སྲོལ་སྤངས་ཏེ། བྱམས་སེམས་ཀྱི་ཐབས་ལམ་འདི་བེད་སྤྱད་དེ་སློབ་ཕྲུག་ཚོའི་སློབ་སྦྱོང་འདི་བདེ་བ་ཞིག་གི་ལམ་ཁ་རུ་ཁྲིད་ཐུབ་ཚེ། སློབ་ཕྲུག་ཚོས་སློབ་སྦྱོང་ཟེར་བ་འདི་དཀའ་ངལ་ཞིག་དང་སྡུག་བསྔལ་ཞིག་ཏུ་མི་སེམས་པར་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ལས་འགན་ཞིག་ཏུ་ཚོར་ངེས་པས། གནས་སྟངས་འདིས་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་ཡར་རྒྱས་དང་གསར་གཏོད་ཀྱི་སེམས་བྱུང་རྙེད་མངའ་བས་ཁེ་ཕན་ཆེ་བར་མཐོང་། མ་གཞི་ནས་ལས་ཀ་ཅི་ཞིག་བྱས་ཀྱང་དཀའ་ཁག་ཡོད་མིན་གྱི་གཞི་རྩ་འཛིན་ས་གཙོ་བོ་དེ་ནི་བྱེད་མཁན་དེའི་སེམས་ཉིད་ལ་རག་ལས་པས། དགེ་རྒན་ཚོས་བྱམས་སེམས་དང་སྙིང་རྗེ། བསྟོད་བསྔགས་དང་འཆམ་པོ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དང་པོ་སློབ་ཕྲུག་ཚོའི་སེམས་བྱུང་ལ་དགའ་མོས་དང་ཞེ་འདོད་བསླངས་རྒྱུ་དེ་སློབ་ཚན་མ་ཁྲིད་སྔོན་གྱི་གོམ་པ་དང་པོ་དེ་ཡིན་པས། དགེ་རྒན་ཚོས་ངེས་པར་དུ་བྱམས་པའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། སློབ་ཕྲུག་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རོགས་རམ་བྱེད་པ་དང་འཆམ་པོའི་ངང་ནས་ཁ་ཏ་བྱེད་དེ་སློབ་ཕྲུག་ཚོའི་སེམས་ནང་གི་དཀའ་ངལ་དག་སེལ་བར་བྱས་ནས་དགེ་རྒན་ལ་ཡིད་ཆེས་དང་ཡིད་རྟོན་བྱ་འོས་པའི་མི་བུ་ཞིག་ཏུ་བཟོ་དགོས། གང་ཡིན་ཟེར་ན། མི་དང་མིའི་བར་ལ་ཡིད་ཆེས་ཡོད་ན་བརྩེ་ཞེན་ཟེར་བ་དེ་རང་ཤུགས་ཀྱིས་སླེབས་ཡོང་ངེས་པས། བརྩེ་བ་དང་ཞེ་འདང་སླེབས་པའི་རྗེས་ལས་ཀ་ཅི་ཞིག་ལ་འབད་བརྩོན་ཇི་ལྟར་བྱས་ཀྱང་སེམས་ནང་ལ་དཀའ་ངལ་མི་ཚོར་བར་མ་ཟད། ད་དུང་དེ་ལ་དབྱིངས་ཞུགས་པའི་ལམ་ཁ་ཞིག་རྙེད་ངེས་པས། དགེ་རྒན་ཚོས་ལག་བསྟར་བྱ་ངེས་པར་རིགས། དཔེར་ན། ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ་དང་ཡིད་ཆེས་ལ་སོམས་དང་། གནས་སྟངས་འདི་ལས་ང་ཚོ་དགེ་རྒན་ཚོས་ཤེས་དགོས་པ་ཞིག་ལ། ཁོང་ཁྲོ་དང་བཙན་དབང་གི་ཐབས་ལམ་ལས་རྣམ་དཔྱོད་ལྡན་པའི་སློབ་ཕྲུག་ཅིག་ཡོང་མི་སྲིད་པར་མ་ཟད། སློབ་ཕྲུག་དེའི་སེམས་སུ་སྡུག་བསྔལ་དང་མི་སྐྱིད་པའི་རྨ་ཁ་ཞིག་བཟོ་མི་སྲིད་པ་མ་ཡིན་པས། དགེ་རྒན་ཚོས་ཡིད་གཟབ་གནང་དགོས་པར་མཐོང་། ལྷག་པར་དུ་དགེ་རྒན་ནི། སློབ་ཕྲུག་གི་ཕ་མ་གཉིས་པ་ཡིན་ཟེར་བ་ལྟར་རང་གི་བུ་ཕྲུག་གི་བསམ་བློ་རུ་སྡུག་བསྔལ་གྱི་རྨ་ཁ་ཞིག་བཟོ་ཐུབ་པའི་སེམས་བྱུང་ཞིག་གང་ནས་སླེབས་ཡོང་ངམ། འདི་ལ་ “༸གོང་ས་མཆོག་གིས་དགེ་རྒན་ཚོར་བཀའ་སློབ་གནང་བའི་སྐབས་སུ་སློབ་ཕྲུག་དང་འབྲེལ་བ་བྱེད་སྐབས་སྙིང་རྗེ་དང་བྱམས་བརྩེ་གཙོ་བོར་འཛིན་དགོས། ཡང་ཁོང་གིས་དགེ་རྒན་གྱི་སྙིང་རྗེ་དང་བྱམས་བརྩེ་ཡིས་དཀའ་ཁག་ཆེ་བའི་སློབ་ཚན་དེ་ཡང་གོ་སླ་རུ་བཟོ་བར་ཁེ་ཕན་ཆེན་པོ་ཡོད་པ་ནན་བཤད་བྱས་ཡོད།” <
གསུམ་པ། བཟོད་སྒོམ་བྱ་མཁས་པའི་དགེ་རྒན་ཞིག་ཡིན་དགོས།
སྤྱིར་ལས་ཀ་གང་ཞིག་ཡིན་རུང་དེའི་བརྒྱུད་རིམ་ཁྲོད་དུ་རྙོག་སློང་དང་དཀའ་ངལ་རེ་འཕྲད་རྒྱུ་ནི། ལས་ཀ་དེ་ལེགས་འགྲུབ་ཡོང་བའི་སྟ་གོན་དུ་ངེས་པའི་ན། དགེ་རྒན་གྱི་ལས་འཁུར་འདི་ཡང་དེ་ལས་མ་འདས་མོད། འོན་ཏེ་དགེ་རྒན་གྱི་ལས་ཀ་འདི་ནི། ལས་ཀ་གཞན་དག་དང་མི་འདྲ་བར་ཆེས་ཕུལ་བྱུང་གི་ཕྱག་ལས་ཞིག་ཡིན་ཙང་། དགེ་རྒན་ཚོས་སློབ་ཕྲུག་དང་འབྲེལ་འདྲིས་བྱེད་སྐབས་སོ་སོའི་འདོད་བློ་མ་ཁེངས་པ་དང་བྱེད་འདོད་དེ་དུས་ཐོག་ཏུ་འགྲོ་མ་ཐུབ་པའི་དུས་སྐབས་ཤིག་འབྱུང་ངེས་པས། སྐབས་ཐོག་དེར་ཁོང་ཁྲོ་དང་ཞེ་སྡང་གིས་དབང་དུ་སོང་སྟེ་སོ་སོའི་བྱེད་འདོད་དེ་སྒྲུབ་པ་ཡིན་ན། ཁེ་ཕན་ལས་གནོད་སྐྱེལ་བར་ངེས་ཏེ། གཅིག་ནི་སློབ་ཕྲུག་གི་སེམས་ལ་རྨ་ཁ་བཟོ་སྲིད་ལ། གཉིས་ནས་སོ་སོ་རང་ཉིད་ཀྱང་མ་སྐྱིད་པ་ཡོང་ངེས་པའི་ན། དེ་ལས་བཟོད་སྒོམ་བྱས་ཏེ་གནད་དོན་དེ་སློབ་ཕྲུག་གཅིག་པོའི་ལུས་སྟེང་དུ་བཙལ་རྒྱུ་མ་ཡིན་པར་སོ་སོ་དགེ་རྒན་རང་ཉིད་ཀྱི་ལུས་སྟེང་དུའང་བཙལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གཅིག་བྱས་ན་དགེ་རྒན་ཁྱོད་ཀྱི་རྒྱུ་ཆ་དེ་སློབ་ཕྲུག་གི་འདོད་བློ་སྐོང་མ་ཐུབ་པ་ཡིན་སྲིད་ལ། གཉིས་ནས་ཁྱོད་ཀྱི་འགྲེལ་བཤད་དེས་སློབ་ཕྲུག་གི་བློ་སེམས་བཀུག་མ་ཐུབ་པ་ཡིན་སྲིད་པས། གང་ལྟར་བཟོད་སྒོམ་བྱས་ཏེ་གནད་དོན་དེ་སེལ་རྒྱུ་ནི་གལ་ཆེན་པོ་རེད། གནད་དོན་དེ་སེལ་བར་སློབ་ཕྲུག་གཅིག་པོའི་སྟེང་དུ་འཚོལ་རྒྱུ་མ་ཡིན་པར་རང་གི་ལུས་ཐོག་ན་ཡང་མ་འདང་བ་དང་མ་ངེས་པའི་རྒྱུ་རྐྱེན་ཞིག་ཡོད་ངེས་པས། རྒྱུ་མཚན་དང་ལྡན་པ། བཟོད་སྒོམ་དང་ལྡན་པའི་ངང་ནས་མཉམ་རུབ་ཀྱིས་དཀའ་ངལ་དེ་སེལ་རྒྱུ་ནི་རང་གཞན་གཉིས་ཀ་ལ་ཕན་པའི་ལམ་བཟང་ཡིན་པས། དགེ་རྒན་ཞིག་ཡིན་ན་བཟོད་སྒོམ་བྱ་མཁས་རྒྱུ་ནི་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་གསུམ་པ་དེ་ཡིན་ནོ།།
བཞི་བ། གནའ་དེང་ཤེས་ཡོན་ལ་མཁས་པའི་དགེ་རྒན་ཞིག་ཡིན་དགོས་པ།
བརྡ་འཕྲིན་རིག་པའི་དུས་ཚོད་འདི་ལ་དགེ་རྒན་ཞིག་ཡིན་ན། འཛིན་ཁང་ནང་གི་ཀློག་དེབ་དང་སློབ་གྲྭའི་ཁོར་ཡུག་གི་སྒྲིག་གཞི་གཅིག་པོར་མགོ་གཡེང་ནས་འདུག་མཁན་ཞིག་མ་ཡིན་པར་འཛམ་གླིང་གི་ཤེས་ཡོན་གྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་གནས་བབ་སོགས་ལ་བྱང་ཆ་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད། འཕྲུལ་ཆས་བེད་སྤྱོད་ལ་རྒྱུས་མངའ་ཆེ་ཞིང་བཀོལ་མཁས་པར་བཟོ་རྒྱུ་ནི། དུས་རབས་ཀྱིས་ང་ཚོ་དགེ་རྒན་ལ་བཏོན་པའི་ཆ་རྐྱེན་ཡིན་པས། དུས་རབས་དང་བསྟུན་ཏེ་འགྲོ་དགོས་ན་དང་པོ་རང་ཉིད་སོ་སོ་དུས་རབས་གསར་བའི་མི་བུ་ཞིག་ཏུ་བཟོ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། ལྷག་པར་དུ་བོད་པ་ཞིག་ཡིན་པའི་ཆ་ནས། རང་གི་སྐད་དང་རིག་གཞུང་སོགས་ལ་མཁས་ཤིང་དུང་བ་ཟབ་པའི་དགེ་རྒན་ཞིག་ཡིན་དགོས་པར་མ་ཟད། དམིགས་བསལ་གྱིས་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཞིག་དང་དགའ་མོས་བྱེད་མཁན་ཞིག་དགོས་པར་མཐོང་། གང་ཡིན་ཟེར་ན། བོད་པའི་སྐད་དང་རིག་གཞུང་ཟེར་ན་མ་ཟེར་ན། མཐར་གཏུགས་ན་བོད་པའི་སྐད་དང་རིག་གཞུང་འདི་ནང་པའི་ཆོས་ཀྱི་ཆ་ཤས་ཤིག་ཡིན་ཙང་། དགེ་རྒན་ཞིག་ཡིན་པའི་ཆ་ནས་ནང་པའི་ཆོས་འདི་ལ་སློབ་སྦྱོང་བྱ་འོས་པར་རིགས་མོད། འོན་ཏེ་དགེ་རྒན་ཁ་ཤས་ནི། ནང་པའི་ཆོས་ཕར་ཞོག ཐ་ན་རང་གི་སྐད་དང་ཡི་གེ་སོགས་མི་ཤེས་པ་དེ་རྒྱན་ཆ་ཞིག་ཏུ་བརྩིས་ཏེ་སྣང་མེད་དུ་འཇོག་པ་ནི། དངོས་གནས་སེམས་ཀྱིས་བཟོད་དཀའ་བའི་གནད་དོན་ཞིག་མ་ཡིན་ནམ། སྤྱིར་མི་བུ་སུ་ཞིག་ཡིན་རུང་དང་པོར་འཇིག་རྟེན་འདིའི་ཐོག་ཏུ་སྐྱེས་དུས་དཀོན་མཆོག་གིས་ཁྱོད་ལ་འགན་འཁུར་ཞིག་བཀལ་ནས་ཡོང་ཡོད་པ་དེ་ནི་སོ་སོ་མི་རིགས་གང་དུ་གཏོགས་ཚེ་དེའི་སྐད་དང་ཡི་གེར་སྦྱངས་ཏེ་ཤེས་པར་བྱ་རྒྱུ་ནི། དཀོན་མཆོག་གིས་ཁྱོད་ལ་མངགས་པའི་འགན་འཁུར་ཡིན་མོད། ལས་འཁུར་དེ་འགྲུབ་མིན་ནི་ཅི་རིགས་ཤིག་ཡོད་མོད། འོན་ཀྱང་མི་ཤེས་པ་དེ་ལ་གནོང་འགྱོད་ཀྱིས་སྦྱོང་བ་ཙམ་ཡང་མི་བྱེད་པ་འདི་དངོས་གནས་ཡ་མཚན་མ་ཡིན་ནམ། གང་ལྟར་བོད་མི་ཞིག་ཡིན་ཕྱིན་ཆད། དམིགས་བསལ་གྱིས་གཞན་ལ་སློབ་གསོ་གནང་མཁན་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་གི་སྐད་དང་ཡི་གེ་ལ་མཁས་ཤིང་གཞན་སྐད་ལ་བྱང་ཆ་དོད་པ་ཞིག་ཡོད་དགོས་རྒྱུ་ནི། ཁ་སང་དེ་རིང་གི་སྤྱི་ཚོགས་ཀྱིས་དགོས་མཁོ་ལ་བཏོན་པའི་མ་མཐའི་ཆ་རྐྱེན་ཡིན་པས། སོ་སོ་རང་ཉིད་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་ནས་འགྲོ་རྒྱུ་ནི། ཧ་ཅང་གལ་ཆེན་དུ་མཐོང་ངོ་།། ཡང་ཕྱོགས་གཞན་གཅིག་ནས་བལྟས་ན། ནང་པའི་ཆོས་ཀྱི་རིག་གཞུང་འདི་ནི་མི་སེམས་བཅོས་བསྒྱུར་གྱི་རིག་པ་ཞིག་དང་མི་སེམས་བཟང་པོ་བཟོ་སྟངས་ཀྱི་གཞུང་ལུགས་ཤིག་ཡིན་པས། ང་ཚོ་དགེ་རྒན་ཚོས་དོ་སྣང་དང་སྦྱངས་པ་བྱས་ཏེ་སོ་སོ་རང་ཉིད་ཀྱི་ཀུན་སྤྱོད་དང་རྣམ་དཔྱོད་ཡར་རྒྱས་གཏོང་དགོས་པར་རིགས། རྒྱུ་མཚན་ནི་ནང་ཆོས་ནི་འཛམ་གླིང་ནང་ཆེས་དཀོན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ཏེ། དཔེར་ན། སྙིང་རྗེ་སྐྱེད་སྟངས་དང་བྱམས་སེམས་སྒོམ་སྟངས། ནང་པའི་ཆོས་ཀྱི་སེམས་ཁམས་རིག་པའམ་ནང་སེམས་ཀྱི་འགྲོ་སྟངས་སོགས་ནི། ད་ལྟའི་དུས་ཚོད་འདི་ལ་མིའི་རིགས་ལ་དགོས་མཁོ་ཆེ་བའི་གཞུང་ལུགས་ཤིག་ཡིན་ཙང་། ཕྱི་རྒྱལ་གྱི་མགོ་སེར་པོ་དེ་ཚོས་ཁ་ཆུ་འཛད་འཛད་ཀྱིས་བོད་ཀྱི་དགོན་པ་མཐའ་དག་ན་སྤྲ་ཉུལ་བྱེད་སྟངས་ལ་གཟིགས་དང་། ཏན་ཏན་ཁེ་བཟང་ཞིག་ཡོད་ངེས་རེད་མ་གཏོགས་མགོ་སེར་དེ་ཚོ་ལས་སླ་བོས་འགུགས་ཐུབ་ཀྱི་མ་རེད། བྱས་ཙང་ང་ཚོར་གཞན་རིགས་ཁ་ཆུ་ཤོར་བའི་འདི་འདྲའི་རིག་གཞུང་རྩ་ཆེན་ཞིག་ཡོད་བཞིན་དུ་དོ་སྣང་གིས་བེད་སྤྱོད་མི་བྱ་བ་འདི་ཅི་ཞིག་ལ་ཐུག་ཡོད་དམ། ༸གོང་ས་མཆོག་གིས་ “མི་སྐྱ་ལས་ནང་ཆོས་ཀྱི་དགེ་བཤེས་ཐོན་དགོས།” ཞེས་ཉེ་ཆར་གྱི་གསུང་འདི་ནི་སྐྱ་སེར་མེད་པར་ནང་ཆོས་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་ཡིན་ཙང་། ང་ཚོ་དགེ་རྒན་ཚོས་ངེས་པར་དུ་ལག་ལེན་བསྟར་རྒྱུ་ནི་ཐེངས་འདིའི་༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་བཞི་བའོ།།
ལྔ་བ། སེམས་ཀྱི་སྨོན་འདུན་དང་འབྲེལ་ནས་རྩོམ་མཇུག་སྡུད་པ།
སྤྱིར་དགེ་རྒན་ཚོ་སོ་སོ་རང་ཉིད་ཀྱི་ཆེད་ལས་སློབ་ཚན་ལ་མཁས་ན་འགྲིག་མོད། ཡིན་ནའང་། ཁ་རྩང་དེ་རིང་གི་ང་ཚོའི་འཚོ་བའི་ཁ་ཕྱོགས་ལ་གཞིགས་ན། དེ་ཙམ་གྱིས་འདོད་བློ་ཚིམས་རྒྱུ་དེ་མ་ཡིན་པར་བོད་ཀྱི་སྐད་དང་ཡི་གེ་ནི། སོ་སོ་རང་ཉིད་ཀྱི་ཆེད་ལས་ལས་ལྡབ་འགྱུར་གྱིས་གལ་འགངས་ཆེ་བས། དགེ་རྒན་ཚོས་སེམས་ཁྲལ་འཕར་མ་ཞིག་དང་དུས་ཚོད་ཐོལ་བ་རེ་བཏང་ནས་བོད་ཀྱི་སྐད་དང་ཡི་གེ་ལ་སེམས་པ་རེ་གླན་རྒྱུ་ནི། ཐེངས་འདིའི་རྩོམ་མཇུག་གི་ཞུ་འདོད་པའི་སྐད་ཆའོ།།
ད་བར་དཔྱད་མཆན་མེད།