དོན་གྲུབ་མཚོ་མོ། བཅུ་གཅིག
བོན་གཞིས་སཾ་བྷོ་ཊ་དྷོ་ལན་ཇི་ཉིན་སློབ།

འགྲོ་བ་སེམས་ཅན་ཀུན་གྱི་ཆེད་དུ།།
ཐུགས་བསྐྱེད་དམ་བཅའ་བཞི་ཡི་མཛད་པ།།
བྱམས་དང་སྙིང་རྗེ་དྲང་བདེན་ལམ་ནས།།
སྐྱོང་མཁན་༸གོང་ས་ཡིད་བཞིན་ནོར་བུ།།

ཡང་སྲིད་ངོས་འཛིན་གནང་བ་ནས་བཟུང་།།
འདི་ལོ་དགུང་གྲངས་དགུ་བཅུ་བར་དུ།།
བོད་དང་བོད་མི་འགྲོ་བ་ཡོངས་ལ།།
བཀའ་དྲིན་ཆེ་བའི་སྐྱབས་གནས་ཁྱེད་ཡིན།།

བོད་ཕྲུག་ང་ཚོར་ཕ་མ་བཞིན་དུ།།
སྐྱོང་མཁན་རྒྱལ་དབང་ཁྱེད་ལས་གཞན་མེད།།
ཁྱེད་ཉིད་སྐུ་ཚེ་རྡོ་རྗེའི་བྲག་བཞིན།།
བརྟན་པའི་སྨོན་ལམ་གྲངས་མེད་ཞུ་བའོ།།

   བཅས་དང་ཐོག་༸གོང་ས་མཆོག་འདི་ལོ་དགུང་ལོ་དགུ་བཅུར་ཕེབས་པར་གཞིས་བྱེས་བོད་ཕྲུག་ང་ཚོས་༸སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་གྲངས་མེད་ཞུ། དེ་ཡང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བ་བཞིན། འདི་ལོ་རྩོམ་ཡིག་གི་བྱེད་སྒོའི་ནང་བོད་ཕྲུག་ང་ཚོའི་རྩོམ་ཡིག་གི་བརྗོད་གཞི། <<༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།>> ཞེས་པའི་རྩོམ་ཡིག་འབྲི་རྒྱུའི་གོ་སྐབས་གནང་བར། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གུས་མོས་རང་ཉིད་ཀྱི་གནས་ཚད་བཞིན་སྒེར་གྱི་བསམ་ཚུལ་ཐུང་ངུ་ཞིག་འབྲི་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།

ཤེས་བྱའི་གནས་ལ་མཁས་པ། བྱམས་སྙིང་རྗེ་ཆེ་བ། གཞན་ཕན་ཁོ་ན་ལས་དྲན་རྒྱུ་མེད་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་དུ་སྐུ་འཁྲུངས་པ་ཞིག་ཡིན། ཁོང་ནི་སྐུ་ཕྲེང་རིམ་བྱོན་མང་པོའི་ནང་ནས་མཛད་འཕྲིན་ཆེ་ཤོས་སྐྱོང་མཁན་ཞིག་དང་། དགུང་ལོ་མང་ཤོས་བཞུགས་མཁན་གྱི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡང་དག་པ་ཞིག་ཡིན། ཁོང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་དགུང་ལོ་ ༡༦ སྐབས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་མ་ཟད། ཕྱི་ལོ་ ༡༩༥༩ ནས་རྒྱ་གར་བཙན་བྱོལ་ནང་བཞུགས་ནས་རྒྱ་གར་གཞུང་གི་མཐུན་འགྱུར་འོག་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག བོད་ཀྱི་རྩ་དོན། བོད་མིའི་ཤེས་ཡོན་ཆེད་སློབ་གྲྭ་དང་གཞིས་ཆགས། དགོན་པ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སོགས་གསར་འཛུགས་གནང་ཐུབ་ཡོད།

དེ་དག་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ལས་བྱུང་བ་ཡིན་པས། ཁོང་གིས་བོད་ཕྲུག་ང་ཚོ་ལ་བཅངས་པའི་ཐུགས་རེ་དེ་དག་གལ་སྲིད་ང་ཚོས་སྒྲུབ་མ་ཐུབ་ན། དྲིན་ལེན་ལོག་འཇལ་དུ་གྱུར་བ་ཡིན་པས། བོད་ཕྲུག་ང་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་རང་ཉིད་མི་བཟང་པོ་ཞིག་ཏུ་འགྱུར་ན་བསམ་པ་དེ་༸གོང་ས་མཆོག་གིས་ང་ཚོ་ལ་བཅངས་པའི་ཐུགས་རེ་མང་པོའི་ནང་ནས་གཙོ་བོ་གཅིག་རེད་བསམ་གྱི་ཡོད།

༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོ་བོད་མི་རིགས་ཀྱི་སོན་རྩ་དང་། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཐོག་ནས་ཞབས་འདེགས་ཞུ་ཐུབ་མཁན་གྱི་བོད་མི་ཤེས་ཡོན་ཅན་ཚད་ལྡན་ཞིག་ཏུ་འགྱུར་ན་དགོངས་ཀྱི་ཡོད་པ་མ་ཟད། ཐུགས་རེ་ཡང་ཆེན་པོ་གནང་གི་ཡོད། གཞན་ཡང་། ཁོང་གིས་ང་ཚོ་སོ་སོའི་སློབ་སྦྱོང་གི་ཐོག་རིགས་གཅིག་རྐང་འཛིན་པ་ཚད་ལྡན་ཞིག་ཏུ་འགྱུར་ནས་བོད་ཀྱི་མཁས་པ་སྙན་གྲགས་ཅན་ཞིག་ཡོང་བའི་ཐུགས་རེ་ཆེན་པོ་གནང་གི་ཡོད། དེ་སྒྲུབ་པ་ལ། བོད་ཕྲུག་ང་ཚོས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གང་ཕེབས་པ་རྣམས་ཡག་པོ་གསན་ཏེ། དེ་དག་ལག་བསྟར་ཚད་ལྡན་ཞིག་ཡོང་བ་ལ་འབད་བརྩོན་བྱེད་དགོས།

ངས་༸གོང་ས་མཆོག་དང་དངོས་སུ་བཀའ་མོལ་ཞུ་མྱོང་མེད། ཡིན་ནའང་། ཁོང་གི་བཀའ་སློབ་དང་ཕྱག་དེབ་མང་པོ་ཉན་ཀློག་བྱེད་མྱོང་ཡོད། ཁོང་གིས་བོད་ཕྲུག་ང་ཚོ་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་ཁོང་གི་བཀའ་སློབ་དང་ཕྱག་དེབ་ལས་ང་ཚོས་ཤེས་ཐུབ།

ང་བཙན་བྱོལ་བའི་བོད་ཕྲུག་ཞིག་ཡིན་པའི་ཆ་ནས། ངས་༸གོང་ས་མཆོག་གིས་ང་ཚོ་ལ་བཅངས་པའི་ཐུགས་རེ་རྣམས་སྒྲུབ་ཐབས་སུ་ངེས་པར་དུ་བསམ་བློ་གཏོང་གི་ཡོད། འཛིན་གྲྭའི་ནང་དགེ་རྒན་གྱིས་ང་ཚོ་ལ་དུས་རྟག་ཏུ་ང་ཚོ་བཙན་བྱོལ་བའི་བོད་ཕྲུག་ཞིག་ཡིན་པ་སོང་ཙང་། དམིགས་བསལ་གྱི་ལས་འགན་འཕར་མ་ཞིག་ཡོད་པ་ཡང་ཡང་གསུང་གནང་གི་ཡོད། ༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོས་རང་རྒྱལ་ཁབ་དང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་བཟང་པོ་རྣམས་རྒྱུན་འཛིན་བྱེད་མཁན་གྱི་བོད་ཕྲུག་ཞིག་ཡོང་བའི་ཐུགས་རེ་ཆེན་པོ་གནང་གི་ཡོད།

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་ཡོད་པ་རྣམས་ལ་བསམ་བློ་གཏོང་དུས། དམ་བཅའ་ཆེན་པོ་དེ་དག་བོད་མི་ཁོ་ནའི་ཆེད་དུ་མ་ཡིན་པར། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་ཕན་གྱི་བསམ་བློ་ཚད་མཐོ་བོ་དེ་འདྲ་ཁོང་གི་མ་གཏོགས་གཞན་གྱི་དེ་འདྲ་འཁོར་མི་སྲིད་པ་ཞིག་ཚོར་སོང་། ཁོང་གི་ཐུགས་བསྐྱེད་དམ་བཅའ་དང་དམིགས་ཡུལ་ཆེན་པོ་དེ་དག་སྒྲུབ་པ་ལ། ང་ཚོ་བོད་ཕྲུག་ཚང་མས་ཁོང་ལ་རྒྱབ་སྐྱོར་དང་ཁོང་གི་བཀའ་སློབ་ལམ་སྟོན་གང་ཕེབས་པ་རྣམས་ལྷག་བསམ་རྣམ་དག་གི་རྗེས་སུ་འཇུག་ཐུབ་པ་ཞིག་གནང་དགོས། དེ་ལྟར་བྱེད་ཐུབ་ན། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་རྣམས་སྐོང་ཐུབ། དེ་ནི་དྲིན་ལན་བཟང་འཇལ་དུ་གྱུར་བ་ཞིག་ཡིན།

༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ཙམ་མ་ཡིན་པར། འཛམ་གླིང་འདི་ནང་གནས་པའི་མི་རིགས་ཚང་མར་ཐུགས་རེ་ཆེན་པོ་ཞིག་འཆང་གི་ཡོད། དེ་ནི། གཙོ་བོ་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་འབྱེད་མེད་པར་ཕན་ཚུན་གཞན་ཕན་གྱི་བསམ་བློ་དགོས་པ་དང་། བྱམས་བརྩེ་ནུས་པ། སེམས་པ་བཟང་པོ། མི་ཚེ་དོན་ལྡན། འཛམ་གླིང་ཞི་བདེ་ཡོང་ཐབས་སོགས་ཀྱི་ཐོག་འབད་བརྩོན་དང་རེ་བ་ཆེན་པོ་གནང་གི་ཡོད། ང་ཚོ་མི་ཞིག་ཡིན་པས་ཆ་ནས་དེ་ཚོའི་ཐོག་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། མི་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད།

བོད་ཕྲུག་ང་ཚོས་༸གོང་ས་མཆོག་གིས་ང་ཚོ་ལ་བཅངས་པའི་རེ་བ་རྣམས་མ་བརྗེད་པ་བྱས་ནས། རང་ཉིད་ཀྱི་སློབ་སྦྱོང་ལ་དོ་སྣང་དང་ཁོང་གི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་སེམས་ལ་བཞག་ཏེ་མི་བཟང་པོ་ཞིག་ཡོང་བ་ལ་འབད་བརྩོན་བྱེད་དགོས། བཅས་གུས་མོ་རང་ཉིད་ཀྱི་བསམ་ཚུལ་འདི་གར་མཚམས་འཇོག་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།།