བསྟན་འཛིན་སྐལ་བཟང་། བཅུ་གཉིས།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
ངོ་སྤྲོད།
འདས་ཟིན་པའི་ལོ་ཟླ་དུ་མའི་བྱུང་རིམ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ངས་ཁ་ཁུ་སིམ་པོའི་མཚན་མོར་བཙན་བྱོལ་དུ་བྲོས་བྱོལ་ཡོང་བའི་གོ་མེད་ཚོར་མེད་ཀྱི་བྱིས་པ་ནས། ད་གཟོད་གང་གི་ཐོག་ཏུ་གནས་ཡོད་པ་དཔྱོད་ཐུབ་པའི་ན་གཞོན་བར་གྱི་ལམ་བུ་ཀྱག་ཀྱོག་དེ་དེད་ནས་ཡོང་དུས། བདག་གི་མིག་ལམ་དུ་ནམ་ཡང་འཆར་རིན་ཆོག་པའི་ལམ་སྟོན་གྱི་སྒྲོན་མེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟོལ་མེད་ཀྱི་གདམས་ངག་དང་ཁོང་གིས་འུ་ཅག་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་ཐུགས་རེ་ཉག་ཅིག གལ་ཏེ་བདག་གི་མི་ཚེ་གོང་བུ་ནང་ཡོད་ཚད་ཀྱི་ཡོད་ཚད་རྣམས་རིན་ཐང་འཇལ་དུ་ཡོད་འགྱུར་ན། ༸གོང་ས་མཆོག་ཁོང་གིས་འུ་ཅག་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་དེ་དག་སྒྲུབ་ཐབས་ཀྱི་འབད་བརྩོན་ནི་ངའི་མི་ཚེ་ཧྲིལ་པོ་ནང་ཆེས་འོད་སྟོང་ཅན་གྱི་གཟི་བརྗིད་ཡིན་ལ་གནམ་འོག་ཏུ་སྤོབས་པས་བཙུགས་པའི་རྡོ་རིང་ཞིག་ཀྱང་ཡིན། བདག་ལ་མཚོན་ན་ཁོང་གིས་བོད་རིགས་གཞོན་སྐྱེས་ལ་བཅངས་པའི་ཐུགས་རེ་དེ་དག་མ་བསྐུལ་དང་ལེན་གྱིས་སྒྲུབ་ཐབས་བྱ་རྒྱུ་ནི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་འཚོ་གནས་ཀྱི་མཛེས་སྡུག་ཡིན་ལ། ཆེས་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་མཛད་པ་ཡང་ཅི་ལས་མིན། དེ་ཡང་དེ་རིང་གི་གོ་སྐབས་སྐལ་བཟང་པོ་དེའི་བརྒྱུད་ནས་ངས་ཁོང་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དཀའ་ཁག་གི་མདུན་ཕྱོགས་སུ་སྐུར་བར་བྱེད་པའི་ལྷག་བསམ་ཐུགས་རེ་དེ་དག་གི་ཟབ་གནད་ཉུལ་བར་སྣེ་འཁྲིད་བྱ་འདོོད་ཆེ།
ས་བཅད་དང་པོ། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་གྱི་འགན་ཁུར་བྱ་བའི་ཐུགས་རེ།
འུ་ཅག་རང་ཡུལ་གཞན་ལ་ཤོར་བའི་གཞན་ཡུལ་དུ་འཚོ་སྡོད་བྱེད་པའི་བཙན་བྱོལ་བ་ཡིན་དུས། ཁྱད་པར་དུ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྱུར་བའི་གཉན་འཕྲང་ཅན་གྱི་དུས་ངན་འདིར་བོད་མི་རིགས་ཀྱི་ངོ་བོ་གསོན་པོ་གནས་ཆེད་དུ། རང་རེའི་རིག་གཞུང་དང་སྐད་ཡིག་སོགས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུ་ནི་འགན་འཁྲི་ཤིན་ཏུ་ལྕི་བའི་གཡོ་ཐབས་མེད་པའི་འོས་འགན་ཡིན་ལ་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ཡིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གལ་འགངས་ཆེ་བ་དང་དེ་ནི་བོད་ཕྲུག་རྣམས་ལ་ལྡོག་ཏུ་མེད་པའི་ཕྲག་ལ་འབབ་པའི་ལས་འགན་ཡིན་པའི་ལམ་སྟོན་ནི་བོད་ཕྲུག་ཚོར་དམིགས་པའི་ཤེས་ཡོན་ལམ་སྟོན་ནན་ཏན་གསུང་གི་འདུག དེ་ཡང་དུས་རྒྱུན་བཤད་སྲོལ་ལ་སྐད་ཡིག་དང་རིག་གཞུང་ནི་མི་རིགས་ཀྱི་བླ་སྲོག་ཞེས་རླུང་ལྟར་གྲགས་པ་ཇི་བཞིན་རང་རེའི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་བྱ་རྒྱུ་ནི་བོད་མི་ཞིག་གི་འོས་འགན་ཆེ་ཤོས་དེ་ངོས་འཛིན་དགོས། ཁྱད་པར་དུ་འུ་ཅག་གཞོན་སྐྱེས་ཚོར་ཤེས་ཡོན་གྱི་བདུད་རྩི་དེ་ཐོབ་ཡོད་དུས་མ་འོངས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་ཀྱི་ཤི་གསོན་གྱི་འགན་དེ་ང་རང་ཚོར་ཐུག་ཡོད་དུས་བློ་དཀར་སེམས་དཀར་ཁྱེར་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འབད་བརྩོན་ཧུར་ཐག་གནང་དགོས།
ས་བཅད་གཉིས་པ། ཤེས་ཡོན་གྱི་གལ་གནད་དང་བསམ་བློ་གཏོང་ཐུབ་པའི་བོད་ཕྲུག་ཅིག་རེ་བ།
དེ་ཡང་སྔོན་བྱོན་མཁས་པའི་གསུངས་ལས།།
རྒྱལ་དབང་མཁྱེན་པའི་ཆུ་མཚོ་ལེགས་བྱས་ཀྱིས།།
བསྲུབས་སྐྱེས་ཉི་མ་འབར་བའི་གདེངས་སྟ་ནས།།
རྨོངས་པའི་མུན་པ་གསོད་རྟགས་ཤེས་རབ་ཀྱི།།
རལ་གྲི་འཁྲི་ཤིང་གཡོ་བ་དེས་སྲུངས་ཤིག།
ཞེས་པར་ལྟར། ལུས་སེམས་ཀྱི་བདེ་ཐང་མི་བུ་ཞིག་གི་ཚེ་སྲོག་ནང་གི་མ་རྩ་ཡིན་མོད་ཀྱང་། ཤེས་ཡོན་ནི་རྨོངས་མུན་དྲྭ་བ་བཅོམ་ཏེ་འཚོ་གནས་ཀྱི་མཛེས་སྡུག་དང་ངོ་མཚར་ཡིན། དེ་ཡང་༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ལ་དེའི་ཕྱོགས་སུ་ལམ་སྟོན་བཀའ་སློབ་ཡང་ཡང་སྩོལ་གྱིན་ཡོད་ལ། དེ་སྔོན་རང་ཡུལ་གཞན་ལག་ཏུ་ཤོར་བའི་རྒྱུ་མཚན་གྱི་གཙོ་བོ་ཡང་དེང་དུས་ཀྱི་ཤེས་ཡོན་ཞིག་དམངས་ལ་མཁོ་སྤྲོད་མི་ཐུབ་ནས་རྒྱལ་ཁབ་ཁག་གཞན་དང་དཔུང་པ་མཉམ་བཤིབས་ཀྱིས་གོམ་སྟབས་མི་མཐུན་པའི་རྐྱེན་གྱིས་རེད་སེམས། ༸གོང་ས་མཆོག་གི་དགོངས་འཆར་རང་རེའི་བོད་ཕྲུག་རྣམས་ལ་རྨོངས་པའི་དྲྭ་བ་སེལ་ཞིང་། འབྲི་ཀློག་ཤེས་པར་ཙམ་གྱིས་མི་ཆོག་པར། ཕྱི་ནང་གཉིས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱ་ཐབས་བྱས་ཏེ། གནས་ཚུལ་ག་གེ་མོ་ཞིག་འཕྲད་སྐབས་རང་ཉིད་ཀྱི་རྣམ་དཔྱོད་དང་བཟང་སྤྱོད་ཟུང་འབྲེལ་གྱི་ལམ་ནས་གནད་དོན་སེལ་ཐབས་ལ་འབད་བརྩོན་བྱེད་མཁན་གྱི་བསམ་བློ་ཅན་ཞིག་སྐྲུན་ཐབས། ཁོང་གི་གསུངས་འཕྲིན་དེ་དག་ནང་གསལ་པོར་བསྟན་འདུག ཁྱད་པར་དུ་ཤེས་ཡོན་ནི་དུས་རབས་ཉེར་གཅིག་ནང་འཚོ་གནས་ཆེད་མེད་དུ་མི་རུང་བའི་ཡོ་བྱད་དང་། མི་རིགས་ཞིག་གི་མ་འོངས་པ་ཁ་ལོ་སྒྱུར་མཁན་ནི་ཤེས་ཡོན་ཅན་གྱི་རག་ལས་པས། རྨོངས་དད་དང་། ཡིད་སྨུག་གི་གང་ཟག་ཞིག་ལ་སྤྲད་པ་ག་ལ་སྲིད་ཞེས་ཙམ་ཁོང་གི་ཐུགས་དགོངས་སུ་བོད་པའི་གཞོན་སྐྱེས་རྣམས་ཤེས་ཡོན་ཅན་དུ་གྱུར་ནས་རང་ཉིད་ཀྱི་རྣམ་དཔྱོད་སྒོ་མོ་སྟོང་ཕྲག་ཕྱེ་ནས་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་དང་དཔུང་པ་མཉམ་གཤིབས་འགྲོ་རྒྱུ་དེ་རང་ཡིན་ནོ།
ས་བཅད་གསུམ་པ། བོད་ཀྱི་རྩ་དོན་མེ་ལྕེ་རྒྱུན་འཛིན་གནང་ཐུབ་མཁན་བོད་ཕྲུག་ཚད་ལྡན་ཡོང་བའི་ཐུགས་རེ།
དུས་རབས་ཀྱི་འཕོ་འགྱུར་མྱུར་ཡང་མྱུར།།
མི་རིགས་ཀྱི་འཁུར་རྩ་ལྕི་ཡང་ལྕི།།
གཞུང་དོན་གྱི་སྤྱི་སེམས་མ་བཅངས་ན།།
རྩམ་གཟན་གྱི་སྒྲུང་གཏམ་ཡལ་ལ་ངེས།།
རེད་ཡ། བོད་དོན་གྱི་ལས་དོན་ཐད་འཁུར་ལེན་མཁན་ཕྱི་རྒྱལ་མི་སྣ་དང་ཚོགས་པ་གང་ལ་གང་ཙམ་བྱུང་དང་འབྱུང་མུས་ཡིན་ཀྱང་། ད་བར་དུ་ཆབ་སྲིད་པ་དང་ཁྲིམས་དོན་མཁས་པ་ཞིག་གིས་སྣེ་འཁྲིད་པ་ནམ་ཡང་མཇལ་མ་བྱུང་། ལྷག་པར་དུ་རྒྱ་དམག་ཉེས་རྡུང་བཏང་བ་དང་། རྒྱལ་སྤྱི་སྲིད་དོན་རྙོག་འཛིང་བཙན་དབང་གིས་བྱུང་མྱོང་མེད། ཡིན་ན་ཡང་། གཞན་ལ་ལས་དབང་སྐྱབས་སུ་བཅོལ་པ་དེ་བོད་མི་རང་བཞིན་ཞིག་ཆགས་ཡོད་པ་མ་གཏོགས། དོན་དངོས་སུ་བོད་ཀྱི་རྩ་དོན་དེ་ནི་རང་རེའི་བོད་རིགས་ཀྱི་ལས་དོན་རང་ཡིན་པ་དང་། ཡོད་ཚད་གཞན་ལ་རེ་བ་དང་ཡིད་ཆེས་བཅོལ་མི་འོས་པ་ཞིག་མཐོང་། མ་འོངས་པར་བོད་ཀྱི་རྩ་དོན་གྱི་འཁུར་རྩ་ལྕི་མོ་དེ་ད་ཡོད་གཞོན་སྐྱེས་རྣམས་ལ་ནམ་ཡང་གཡོལ་ཐབས་མེད་པའི་འོས་འགན་ཆགས་ཡོད་དུས། བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་དང་། རང་རྒྱལ་ཁྲག་གིས་བཏིང་པའི་རྐང་ལམ་བརྒྱུད་ཡོང་བའི་གཏམ་དེ་འཛམ་བུ་གླིང་གི་ལྡིངས་ཆ་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་བདེ་འཇགས་དང་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་ཐོབ་ཐང་རྩོད་ཐབས་བྱ་རྒྱུ། དེ་ལས་ལྷག་པར། གཞིས་བྱེས་བོད་མི་ལྷན་འཛོམས་ཀྱི་ཉིན་མོར་མགྱོགས་ནས་མྱུར་དུ་འཆར་བཅུག་ནས། རང་རྒྱལ་གྱི་ལེའུ་གསར་པ་ཞིག་དབུ་བཙུགས་དགོས་པའི་གལ་གནད་དེ་དག་དེང་གི་བོད་ཕྲུག་སོན་རྩ་རྣམས་ལ་ཐུག་ཡོད་དུས། ༸གོང་ས་མཆོག་གིས་བོད་ཀྱི་རྩ་དོན་མེ་ལྕེ་དེ་མི་ཉམས་རྒྱུན་འཛིན་བྱས་ཏེ་འཛམ་བུ་གླིང་ལ་བོད་མི་རིགས་ད་དུང་གསོན་པོ་ཡིན་པའི་ར་སྤྲོད་གནང་རྒྱུའི་ཐུགས་རེ་གལ་གནད་དེ་བོད་ཕྲུག་ལ་བཅངས་ཡོད།
ས་བཅད་བཞི་པ། འགྲོ་བ་མིའི་བཟང་སྤྱོད་དང་ལྡན་པའི་བོད་ཕྲུག་ཡོང་བའི་ཐུགས་རེ།
རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་།།
གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད།།
རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང་།།
སྤྱི་ཡི་ཁྲིམས་ལ་མཆོད་པ་འབུལ་བར་མཛོད།།
དེ་བཞིན་དུ། ༸གོང་ས་མཆོག་ནས་ཀྱང་། བོད་ཕྲུག་ཤེས་ཡོན་ཡོད་པ་ཙམ་དུ་མ་ཟད་ནང་གི་ཡོན་ཏན་དང་བཟང་སྤྱོད་སྤེལ་ཐབས་དགོས་པ་བོད་ཕྲུག་ལ་དམིགས་ནས་སྔ་རྟིང་དུ་མས་བཀའ་སློབ་གསུངས་པ་དེ་དེ་བཞིན་དུ། འུ་ཅག་བོད་ཕྲུག་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད། བསམ་འདུན་ནི་མ་འོངས་པར་བོད་ཀྱི་འབྱུང་འགྱུར་གྱི་རྩ་བ་ཡིན་པས། ད་ལྟ་ནས་འགྲོ་བ་མིའི་བཟང་སྤྱོད་དུས་རྟག་ཏུ་བཟུང་དེ། དྲན་ཤེས་ཀྱི་སྐུལ་མ་གཏོང་དགོས་པ་གལ་གནད་ཤིན་ཏུ་ཆེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་འཛམ་གླིང་གོ་ལ་ཧྲིལ་པོ་ཞི་བདེ་སྤེལ་ཐབས་སུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་ཇི་བཞིན་དུ་ང་རང་ཚོས་ཁོང་གི་རྗེས་སུ་འབྲངས་ནས་ཉུང་མཐར་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ཆུང་ངུ་ནང་ཞི་བདེ་བག་ཕེབས་དང་བཟང་སྤྱོད་དང་ལྡན་པ་ཞིག་བསྐྲུན་ཐབས་བྱ་རྒྱུའི་ཐུགས་རེ་བཅོལ་ཡོད།
གལ་ཏེ། བོད་ཕྲུག་ཞིག་ཤེས་ཡོན་ཡང་དག་པ་ཞིག་ཐོབ་ནའང་བཟང་སྤྱོད་དང་། སྤྱི་སེམས་མེད་ན་སྤྱི་ཚོགས་ལ་གནོན་བྱེད་མཁན་རང་བཞིན་ཅན་དུ་འགྱུར་བ་ཡིན་ན། ཁོ་མོའི་བསམ་པ་ནི་དེ་ལས་ཤེས་ཡོན་མེད་ན་བཟང་ངོ་། དེ་བས་ཀྱང་། ༸གོང་ས་མཆོག་གིས་དུས་རྟག་ཏུ་གསུངས་པ་བཞིན་ཤེས་ཡོན་དང་བཟང་སྤྱོད་ཟུང་སྦྲེལ་གྱི་མི་ཚེ་སྐྱེལ་བ་ཡིན་ན། མི་ཚེ་དེ་དོན་སྙིང་ལྡན་པ་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་གསུང་གིན་ཡོད་པས། རང་རེའི་བོད་ཕྲུག་ཚོ་ལའང་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་བའི་ཐུགས་རེ་ཆེན་པོ་བཅོལ་ཡོད།
ཕྱོགས་བསྡོམས་དེར།།
བརྩེ་བ་ཆེན་པོས་འགྲོ་བ་སྐྱོང་།།
བརྩོན་པ་ཆེན་པོས་གཞུང་དོན་སྒྲུབ།།
གུས་པ་ཆེན་པོས་རྒྱལ་ཁབ་བཀུར།།དེ་ལ་སྐྱེས་བུའི་ཁྱུ་མཆོག་ཟེར།།
ཞེས་པར་དཔེ་བླངས་ནས། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་དེ་མ་ཐག་ཏུ་ཤེས་ཡོན་གྱི་སྡེ་ཚན་ལོགས་སུ་བཙུགས་ནས། མ་འོངས་པའི་བོད་ཀྱི་འབྱུང་འགྱུར་གྱི་སྐུ་ཚབ་རྣམས་ལ་གནའ་བོའི་རང་རེའི་བཟང་པོའི་བསླབ་བྱ་དང་། དེང་རབས་ཚན་རིག་ཡར་ཐོན་གྱི་ཡོན་ཏན་ཟུང་འབྲེལ་གྱི་ཤེས་བྱའི་སྟེང་གི་སྒོ་མོ་ཕྱེ་ནས། མ་འོངས་བོད་ཀྱི་བུ་རབས་ཚ་རྒྱུད་རྣམས་ཤེས་ཡོན་ཅན་དང་ཡ་རབས་ཅན། རྒྱལ་ཞེན་ཅན། བྱམས་བརྩེ་ཅན་གྱི་བོད་ཕྲུག་ཚད་ལྡན་ཡོང་བའི་ཐུགས་རེ་ཕུགས་ཐག་རིང་པོ་ནས་བཅངས་ཡོད་པས། འུ་ཚོ་བོད་མི་གཞོན་སྐྱེས་རྣམས་ཀྱིས་ཀྱང་མདུན་ཕྱོགས་ཀྱི་དཀའ་ཁག་ལ་འཁུམས་པ་མེད་པ། ཁོང་གི་ཐུགས་རེ་མཐའ་དག་ལྷུན་གྱིས་གྲུབ་པའི་དམ་བཅའ་བརྟན་པོ་ཞིག་བཞག་དགོས་སོ།།

ད་བར་དཔྱད་མཆན་མེད།