སླང་ང་འཛོམས་པ། བཅུ་གཅིག
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།

   ཨ་མ་ལགས་ཟེར་ཞོར་ཚན་རིག་གི་སློབ་ཚན་འདི་ཁག་པ་ལའང་ཞེས་ཁོང་ཁྲོ་དང་ངར་སྐད་ངང་སྐད་ཤུགས་ཆེན་པོ་བརྗོད་པས། ཨ་མས་ཐབ་ཚང་ནས་ཨ་ཙི་སྦྱོང་བརྡར་མང་ཙམ་བྱེད་དང་འགྲིག་འགྲོ་ཡི་རེད་བཅས་ལན་གནང་བར། གུས་མོ་རང་ཉིད་ཀྱིས་ཅོག་ཙེ་སྟེང་གི་ཚན་རིག་སློབ་དེབ་ལ་མིག་བལྟ་ཞིག་བྱས་པ་ཙམ་གྱིས་སླར་ཡང་རང་ཉིད་ལ་ཉོབ་སྣང་དང་ཁོང་ཁྲོ་ཡི་སུན་སྣང་སྐྱེས། ཚན་རིག་ནི་ང་རང་ཆུང་དུས་ནས་དགའ་བོ་མེད་ལ་དོ་སྣང་ཡང་དེ་བས་མེད་ཀྱང་། རང་ཉིད་ལ་པ་ཕ་ཡིས་རོགས་རམ་བྱས་པ་ལ་བརྟེན་ནས་འབད་བརྩོན་བྱེད་བཞིན་སླེབས་པ་ཡིན། དེ་ཡང་ཚན་རིག་གི་ཡིག་ཚད་སླེབ་ལ་ཉེ་བས་རང་ཉིད་ཀྱིས་ཚན་རིག་སློབ་ཚན་ཐོག་ལ་སྦྱང་བརྩོན་བྱེད་བཞིན་ཡོད་ཀྱང་། ཤེས་ཐབས་དཀའ་བའི་ཉིན་ལྷག་ཚང་མ་ཁོང་ཁྲོ་ངང་ལུས་བཞིན་རྫོགས་སོང་།

དེ་ཡང་དགོང་ཚིགས་ཚར་རྗེས་སུ་ཉལ་ཁང་གི་སྒེའུ་འགྲམ་དུ་བསྡད་ནས་སློབ་ཚན་ལྔ་པ་བསྐྱར་སྦྱོང་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་སེམས་སུ་གཅེན་མོ་ལྷ་མོ་མགྱོགས་པོ་ཡོང་ན་སྙམ་བྱུང་། དེ་ཡང་ངེད་ཉིད་ཀྱི་ཕྱི་ལོགས་སུ་སྤྲོ་འཁྱམ་འགྲོ་རྒྱུ་རག་གི་རེད་བསམས། གཅེན་མོ་ཡིས་ཆུ་མངར་མོ་དང་བྱི་རིལ་མང་པོ་ཉོས་ནས་གནང་གི་རེད་བཅས་སྣང་བ་གཡེང་བཞིན་པའི་སྐབས་ཅོག་ཙེ་ཐོག་ཏུ་ཟླ་ཤས་སྔོན་གཅེན་མོ་ཡིས་བཀླགས་ཟིན་པའི་༸གོང་ས་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཡོད་པ་དེ་མཐོང་འཕྲལ་ཚན་རིག་སྦྱང་འདོད་མེད་པས།། ཁོང་གི་སྒྲུང་དེབ་དེ་ཡར་བླངས་ནས་ཀློག་རྒྱུ་མགོ་བཙུགས་པ་ཡིན།

༸གོང་ས་མཆོག་གི་ལོ་རྒྱུས་མདོར་བསྡུས་འདི་བཀླགས་ཚར་དུས་ས་རུབ་ཟིན་འདུག་ལ། སྟོན་རླུང་གྲང་ལྷང་གིས་སྒེའུ་ཕྱོགས་སུ་ལྡང་པར། ངས་ཤེས་འཕྲལ་དུ་དགོང་མོར་ཆགས་ཚར་འདུག། བྱེའུ་སྣ་མང་ཡང་རང་ཉིད་ཀྱི་བྱེའུ་ཚང་ཞིག་གི་ཕྱོགས་སུ་འཕུར་འགྲོ་བ་མཐོང་བྱུང་། འོན་ཀྱང་གུས་མོ་ཚན་རིག་གི་ཡིག་ཚད་ཐོག་བསམ་བློ་འཁོར་བ་དང་ཡ་མཚན་པ་ཞིག་ལ་སྔར་བཞིན་དངངས་སྐྲག་དང་ཁོང་ཁྲོ་ཚང་མ་ཡལ་ཕྱིན་པ་ལྟ་བུར་ཚོར་ཞིང་། ངའི་སེམས་པ་སྔར་ལས་དལ་ལྷོད་ཕྱིན་པར་ཤེས་བྱུང་། དེའི་རྒྱུ་མཚན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། ཁོང་གི་མཛད་འཕྲིན། སྐུ་ཚེའི་ལོ་རྒྱུས། འཛམ་གླིང་གང་སར་ཕན་པའི་སྲིད་བྱུས་བཟང་པོ་སོགས་ཀྱི་ཐོག་ལ་བཀླགས་པས། གུས་མོའི་བསམ་བློར་འགྱུར་བ་ཆེན་པོ་ཞིག་ཕྱིན་སོང་།

དེ་ཡང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཡིས་བོད་ཀྱི་ཛ་དྲག་གི་དུས་སྐབས་དེར་ཁོང་དགུང་ལོ་བཅུ་དྲུག་ལས་མ་སོན་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཆ་ཚང་བཞེས་ཡོད་པས། གུས་མོས་ཚན་རིག་སློབ་ཚན་མི་ཤེས་པ་དེ་གནས་ཚུལ་ཆུང་ངུ་ཞིག་ཏུ་ཚོར་བྱུང་། ད་དུང་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོར་ཐུགས་རེ་ཆེན་པོ་བཅངས་ཡོད་པས། གལ་ཏེ། གུས་མོ་ཡིས་དཀའ་ངལ་ཆུང་ཙག་རིགས་ཞུམ་མེད་ཀྱི་གདོང་ལན་དང་འབད་བརྩོན་བྱེད་དགོས་རེད་བསམས་བྱུང་། ངའི་སེམས་སུ་སྔར་ལས་སྙིང་སྟོབས་ཇེ་ཆེ་སླེབས་པའི་ཚོར་སྣང་ཁྱད་པར་ཞིག་སྐྱེས།

འཛམ་གླིང་གི་ཞི་བདེའི་དེད་དཔོན་ཁོང་གིས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་རྗེས་སུ་བོད་མིའི་འཚོ་བ་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་སྐུ་ངལ་ཚད་མེད་སྐྱོན་བཞིན་ཡོད་ལ། དམིགས་བསལ་བོད་པའི་ཕྱི་རབས་རྣམས་ཀྱི་ཆེད་དུ་བོད་པའི་སློབ་གྲྭ་ཟུར་བཙུགས་གནང་སྟེ་བོད་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་དུ་ཉིན་མཚན་ལྟོས་མེད་སྐུ་ལས་བསྐྱོན་གནང་མཛད་ཅིང་། ༸གོང་ས་རྒྱལ་བ་ཁོང་གིས་ན་གཞོན་ཚོར་ཐུགས་རེ་བཅངས་པའི་ཐོག་མ་ནི་རང་ཉིད་ཀྱི་ཕ་སྐད་བོད་ཡིག་སྲུང་སྐྱོབ་བྱེད་ཡུལ་དང་། ཡར་རྒྱས་གཏོང་ཡུལ་དེ་ཡིན་སྟབས་གུས་མོས་ཚན་རིག་ཙམ་ཡང་མི་ཤེས་ཏེ་སེམས་ཤུགས་ཆག་ན་ག་ལ་འགྲིག་བསམས་ནས་བསམ་བློ་གཉིས་པ་འཁྱེར་ཞིང་། གུས་མོས་བཀླགས་པའི་༸གོང་ས་མཆོག་གི་ཕྱག་དེབ་ཁག་ཏུ་ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེ་དང་ཕུགས་བསམ་ཐོག་གོ་རྟོགས་མང་པོ་བྱུང་བར། དེ་རྣམས་དེར་རེ་རེ་བཞིན་དྲན་ཚོད་འགོད་རྒྱུ་ཡིན། དེ་ཡང་དེ་རིང་ཤོག་ལྷེ་དཀར་པོའི་ཐོག་ཏུ་ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེ་གཙོ་བོ་གསུམ་གྱི་ཐོག་ནས་དྲན་གསོ་གཏོང་འདོད་བྱུང་སོང་།

ས་བཅད་དང་པོ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་སྐོར།

   ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་མ་ཐག་ཏུ་དུས་ཡུན་རིང་པོ་ཞིག་མ་འགོར་བར་ཁོང་གིས་དམིགས་བསལ་གྱི་དོ་སྣང་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད། ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཐོག་མར་གསར་འཛུགས་གནང་བ་དང་། བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག མཐོ་སློབ་སོགས་མང་པོ་བཙུགས་ཏེ་ཤེས་ཡོན་འཛིན་སྐྱོང་ལེགས་པོ་ཡོང་ཐབས་གནང་། དེ་བཞིན་ཁོང་གིས་དུས་རྒྱུན་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཕ་སྐད་ལ་དོ་སྣང་དམིགས་བསལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་བཀའ་སློབ་ཕེབས་ཀྱི་ཡོད། དེ་ཡང་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་རྒྱལ་ཁབ་ཅིག་གི་ངོ་བོ་ཡིན་པས། གལ་ཏེ་རྒྱལ་ཁབ་ཅིག་རྩ་མེད་གཏོང་དགོས་ན་ཐོག་མར་རྒྱལ་ཁབ་དེའི་ཕ་སྐད་མ་ཡིག་དེ་མེད་པར་བཟོས་དགོས་པས། རྒྱ་མི་དམར་ཤོག་གཞུང་གིས་བོད་ཡིག་དང་བོད་སྐད་མེད་པར་བཟོ་ཆེད་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་མུས་ཡིན་ལ། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སྐད་ཡིག་འདི་ནི་ཡུལ་ལུང་གཞན་གྱི་སྐད་ཡིག་ལས་ཉེན་ཚབས་ཆེ་བ་ཡོད་ཁར། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གཞོན་སྐྱེས་དང་བོད་ཕྲུག་རྣམས་ཀྱི་ལས་འགན་གཙོ་བོ་དེ་ཆགས་ཡོད་ལ། ༸གོང་ས་མཆོག་གིས་ང་ཚོར་བཅངས་པའི་ཐུགས་རེ་གཙོ་བོ་གཅིག་ཆགས་ཡོད།

དེང་དུས་བོད་མི་གཅིག་པུ་མེད་པར་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་མང་པོ་ཞིག་དང་མི་ཚོགས་མང་པོ་ཞིག་གིས་བོད་ཡིག་དང་ནང་ཆོས་ཀྱི་ཐོག་ལ་དོ་སྣང་གསར་བ་ཞིག་བྱེད་བཞིན་ཡོད་པས། ཁོང་ཚོས་རྒྱང་རིང་ནས་བོད་སྐད་སྦྱོང་བར་ཡོང་གི་ཡོད་སྟབས་དེ་ནི་གཏམ་བཟང་ཞིག་སྟེ། ང་ཚོ་སློབ་ཕྲུག་རྣམས་ཀྱིས་ཀྱང་བོད་སྐད་ཐོག་དོ་སྣང་དམིགས་བསལ་བྱེད་དགོས་པ་དེ་གནད་འགག་ཆགས་ཡོད།

ས་བཅད་གཉིས་པ། སེམས་བཟང་དང་ཡ་རབས་སྤྱོད་བཟང་གི་སྐོར།

   གངས་ཅན་བོད་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་ནི་གོ་ལ་འདིའི་སྟེང་དུ་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཀུན་ལ་ནོར་བུ་ལྟ་བུར་འགྱུར་ཡོད། ཁོང་གི་བཀའ་སློབ་དང་ལམ་སྟོན་བཟང་པོ་ལ་བརྟེན་ནས་སྐྱེས་བུ་རྣམས་ཀྱི་མི་ཚེར་འགྱུར་བ་ཆེན་པོ་འགྲོ་ཞིང་། མི་ཚེའི་ཕུགས་བསམ་བརླགས་པ་རྣམས་ལ་མི་ཚེའི་རིན་ཐང་སྙིང་པོ་བྱིན་ཐུབ་པ། ཁོང་གིས་རྟག་ཏུ་བཀའ་སློབ་འུ་ཅག་ལ་གསུངས་པའི་གལ་གནད་གཙོ་བོ་ནི་སེམས་པ་བཟང་པོ་ཞིག་དང་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་བྱ་རྒྱུ་དེ་རེད། ཁོང་གིས་བཀའ་སློབ་ཕེབས་པ་ལ་བརྟེན་ནས་མི་ས་ཡ་མང་པོས་མི་ཚེའི་ནང་དུ་ཡ་རབས་སྤྱོད་བཟང་གི་བྱ་བ་ལ་འཇུག་བཞིན་སྣང་། དེ་བཞིན་འོ་སྐོལ་སློབ་ཕྲུག་དབར་དུ་རིག་པ་རྣོ་ཞན་གྱི་ཁྱད་པར་ལ་བལྟས་ནས་ཤེས་ཡོན་དང་བཟང་སྤྱོད་ཀྱི་ཚད་འཇལ་ན་དེ་བས་ག་ལ་འགྲིག།ལྷག་པར་དུ་སྤྱི་ཚོགས་ཁྲོད་སློབ་སྦྱོང་ཡོད་ཀྱང་སྤྱོད་པ་མེད་མཁན་གྱི་སྐྱེས་བུ་ཕལ་མོ་ཆེ་མིའི་གྲལ་དུ་ཚུད་དཀའ་བའི་གནས་སྟངས་སུ་གྱར་ཡོད་ལ། བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་ཐབས་དེ་བས་དཀའ། དེ་ལས་ལྡོག་སྟེ་གལ་སྲིད་མི་ཞིག་ཡ་རབས་དང་བཟང་སྤྱོད་ཀྱི་ཕྱུག་པ་ཡིན་ན་སྤྱི་ཚོགས་ཀྱིས་ཆེ་མཐོང་དང་གུས་བཀུར་བྱེད་ཀྱི་ཡོད། དེ་བཞིན་སློབ་ཕྲུག་ཅིག་རིག་པ་ཞན་ཡང་སྤྱོད་བཟང་དང་ཡ་རབས་སོགས་ལྡན་ན་དགེ་རྒན་ལས་བྱེད་རྣམས་ཀྱིས་དགའ་མོས་བྱ་ཡུལ་ཞིག་ཏུ་འགྱུར་བར་སྣང་། དཔེར་ན། ཤིང་སྡོང་ཞིག་ལ་ལོ་འདབ་འབྲས་ལྡན་མེད་ཀྱང་རྩ་བ་བརྟན་པོ་ཡོད་པ་དང་གཉིས་སུ་མ་མཆིས་སོ།། དེར་བརྟེན་བོད་ཀྱི་གཞོན་སྐྱེས་ཚོས་༸གོང་ས་མཆོག་གི་བཀའ་སློབ་ཡིད་ལ་བཟུང་སྟེ་གཞན་ལ་ཕན་པར་སྒྲུབ་མ་ཐུབ་ན་ཡང་གནོད་རྩ་བ་ཉིད་ནས་མི་བྱེད་པའི་དམ་བཅའ་བརྟན་པོ་ཞིག་ཡིད་ལ་བཞག་ན་མི་ཚེ་དོན་དང་ལྡན་པ་ཞིག་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ།

༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་བཀའ་སློབ་དང་ལམ་སྟོན་བཟང་པོ་འོག་མི་ཚང་མས་དད་བཀུར་ཆེན་པོ་བྱས་པ་མ་ཟད། ཁོང་གིས་སེམས་པ་བཟང་པོ་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པའི་བཀའ་བསྩལ་ཡོད། དེར་བརྟེན། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་གནང་མཛད་ཡོད། མདོར་ན། དེང་གི་ཆ་ལ་བོད་ཕྲུག་རྣམས་ཀྱིས་མི་ཚེའི་ཁྲོད་དུ་ལས་དོན་ཆེན་པོ་ཞིག་དང་དངུལ་མང་པོ་ཞིག་རྙེད་མ་ཐུབ་རུང་། གཙོ་ཆེ་ཤོས་དེ་ནི་སེམས་བཟང་དང་ཡ་རབས་ཕྱུག་པའི་མི་ཞིག་བྱ་རྒྱུ་ནི་༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་མངོན་སུམ་འདི་རེད་སྙམ།

ས་བཅད་གསུམ་པ། དོན་དམ་པའི་མི་ཚེ་བདེ་སྐྱིད་སྐྲུན་ཐབས།

   ན་གཞོན་མང་པོ་ཞིག་གིས་གསེར་ལས་དཀོན་པའི་དུས་ཚོད་འདི་འཕྲོ་བརླག་ཏུ་བཏང་ནས་རྣམ་གཡེང་དུ་སོང་བ་མ་ཟད། ང་ཚོ་སློབ་ཕྲུག་རྣམས་ལ་རེ་བ་ཆེན་པོ་བཅངས་ནས་བཞུགས་ཡོད་པ་དེ་སྐབས་རེ་བརྗེད་འགྲོ་ཡི་འདུག།དེ་ཡང་དཀའ་ངལ་ཆུང་ངུ་ལ་འཛེམས་ནས་སེམས་ཤུགས་ཆག་སླ་བ་དང་། ལས་ཀ་དང་བསམ་བློ་སོགས་ལྷོད་ཡངས་བཏང་བའི་རྐྱེན་གྱིས། སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་རྒྱུ་མེད་ལ། སྤྱི་ཚོགས་སུ་དུག་སྦྲུལ་ལྟ་བུར་འགྱུར་ཡོད། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་ང་ཚོ་བོད་ཀྱི་ན་གཞོན་ཆེད་ཕྱག་གཉིས་ཐལ་མོར་སྦྱར་ནས་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ནས་རོགས་རམ་ཞུ་ཞིང་། ང་ཚོ་སློབ་ཕྲུག་རྣམས་ཀྱི་བསམ་བློ་ཡར་རྒྱས་མེད་པར་དེ་དག་གི་ཕྱོགས་སུ་མུ་མཐུད་ནས་བྱེད་པ་ཡིན་ན་རྩ་བ་ཉིད་འགྲིག་མེད་པར། སློབ་སྦྱོང་བཟང་པོའི་གོ་སྐབས་ཀྱི་བསོད་ནམས་ཐོབ་ཡོད་སྟབས་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཕྱིས་སུ་བོད་གཞུང་དང་། བོད་པའི་སྤྱི་ཚོགས། དེ་བཞིན་འཛམ་གླིང་སྤྱི་ཁྱབ་ལ་ཕན་པར་བྱེད་རྒྱུ་དང་རྒྱུན་དུ་ཁོང་གིས་བཀའ་སློབ་ཕེབས་པ་ལྟར། སྙིང་ཁོངས་རུས་པའི་གཏིང་ནས་སྒྲུབ་ཐུབ་ན་རང་གཞན་གཉིས་ཀའི་མི་ཚེ་རུ་བདེ་སྐྱིད་སྐྲུན་ཐུབ་ཅིང་། རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་ལ་འབད་དགོས།

གུས་མོས་རྩོམ་ཡིག་འདི་བྲིས་ཚར་མ་ཐག་ཨ་མ་ལགས་ཀྱིས་བོད་ཇ་དང་ཁ་ཟས་ཁྱེར་ཡོང་ནས་ངའི་ཅོག་ཙེ་ཐོག་ལ་བཞག་པ་དང་། ད་ཨ་མའི་གཅེས་ཕྲུག་ངལ་གསོ་རྒྱོགས་ཞུས་སོང་། དེ་ཉིན་ཚན་རིག་སློབ་ཚན་ཅི་ཡང་སྦྱངས་མེད་ཀྱང་རང་ཉིད་ཀྱི་སེམས་སུ་བདེ་བ་དང་སྐྱིད་པོ་མི་འདྲ་བ་ཞིག་ཚོར་བྱུང་། ངས་ཨ་མ་ལགས་ཟེར་ཞོར་ཚན་རིག་སློབ་ཚན་ཁག་པོ་རེད་བསམས་ནས་ངའི་བསམ་བློའི་གཏོང་ཕྱོགས་ཀྱི་ནོར་འཁྲུལ་ཞིག་ཤོར་འདུག་བརྗོད་པས། ཨ་མས་བུ་མོ་ཁྱེད་ཀྱིས་ཚན་རིག་སློབ་ཚན་ཙམ་ལ་འབད་བརྩོན་བྱེད་མི་ཐུབ་ན་ང་ཚོ་བོད་ཀྱི་རང་བཙན་སླར་གསོ་གནང་དགོས་རེད་པ། ཞེས་ཀུ་རེ་ངང་བརྗོད་པར་ངེད་གཉིས་གད་མོར་རོལ་ཞིང་ལྷག་སོང་ངོ་།།