བསྟན་འཛིན་བྱམས་ཆེན་རྡོ་རྗེ། འཛིན་གྲྭ་བརྒྱད་པ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།

   ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཙམ་མ་ཡིན་པར། དེང་རབས་ཀྱི་འཛམ་གླིང་ནང་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཚོ་བའི་ཐད་གུས་བཀུར་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་སྐྱེས་བུ་ཞིག་ཀྱང་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ལོར་བོད་ཀྱི་བྱང་ཤར་མཚོ་སྔོན་ཞིང་ཆེན་གྱི་སྟག་འཚེར་ཞེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་གཉིས་ལ་ཕེབས་སྐབས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཁོང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་ནས་བཟུང་ྋགོང་ས་མཆོག་ནི་འཛམ་གླིང་གི་དབུ་ཁྲིད་བླ་ན་མེད་པ་ཞིག་ཏུ་གྱུར།

༸གོང་ས་མཆོག་གི་མཛད་འཕྲིན་གྱི་སྙིང་དོན་ནི་ཞི་བདེ། སྙིང་རྗེ། འཚེ་མེད་ཞི་བ། ཁོར་ཡུག་འགན་འཁུར། ཡོངས་ཁྱབ་ཀྱི་བཟང་སྤྱོད་བཅས་ལ་སྐུལ་འདེད་གནང་རྒྱུའི་གཞི་རྩའི་ལམ་སྟོན་ཁག་ཅིག་ཡིན། ལམ་སྟོན་འདི་དག་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་གཏིང་ཟབ་པོས་རྩ་བ་བཙུགས་ཡོད་མོད། འོན་ཀྱང་དེའི་ཁྱབ་ཚད་དང་དགོས་མཁོ་ནི་ཆོས་ལུགས་སམ་ཡིད་ཆེས་ཀྱི་མ་ལག་གཅིག་པུ་ལས་ཧ་ཅང་རྒྱ་ཆེ་བ་ཡིན། དཔྱད་རྩོམ་འདིས་༸རྒྱལ་བ་རིན་པོ་ཆེའི་བཟང་སྤྱོད་དང་ལྟ་གྲུབ་ཀྱི་གདམས་པ་གཙོ་བོ་ཁག་ལ་འཚོལ་ཞིབ་བྱེད་པ་དང་། དེ་དག་གིས་དེང་དུས་ཀྱི་འཇིག་རྟེན་འཁྲུག་ཆ་དོད་པའི་ནང་མི་སྒེར་གྱི་བདེ་ཐང་དང་འཛམ་གླིང་ཞི་མཐུན་གཉིས་ཀར་དགོས་ངེས་ཀྱི་ལམ་སྟོན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་བརྗོད་རྒྱུ་ཡིན།

༡༽ སྙིང་རྗེ་ནི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག

   ༸གོང་ས་མཆོག་གི་བསླབ་བྱའི་ནང་གི་བརྗོད་གཞི་གལ་ཆེ་ཤོས་གཅིག་ནི་སྙིང་རྗེ་གཙོ་བོར་འཛིན་རྒྱུ་དེ་རེད། ཁོང་གི་གསུང་དོན་ལྟར་ན། སྙིང་རྗེ་ནི་ཆོས་ལུགས་ཀྱི་ཡོན་ཏན་ཁྱད་པར་བ་ཞིག་མ་ཡིན་པར། ཆོས་ལུགས་དང་རྒྱབ་ལྗོངས་ལ་མ་ལྟོས་པར་སུས་ཀྱང་ལག་ལེན་བྱེད་ཆོག་པའི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་རེད། ཁོང་གིས་གཟིགས་ཚུལ་ལྟར་ན། སྙིང་རྗེ་ནི་མིའི་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་གྱི་ལྡེ་མིག་རེད། ཁོང་གིས་རྒྱུན་དུ་“ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་”ཀྱི་འདུ་འགོད་ནན་བརྗོད་གནང་གི་ཡོད། དེའི་ནང་དུ་ཆོས་ལ་ངེས་པར་དུ་བརྟེན་མི་དགོས་པར་བརྩེ་བ། བཟོད་པ། ལྷག་བསམ་དང་གཞན་ཕན་སོགས་ཀྱི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུ་དེ་ཚུད་ཡོད། ཁོང་གི་ཕྱག་དེབ་“དུས་རབས་གསར་པའི་བཟང་སྤྱོད”་ནང་དུ། “བརྩེ་བ་དང་སྙིང་རྗེ་ནི་རྒྱས་སྤྲོས་ཙམ་མ་ཡིན་པར་དགོས་ངེས་རེད། དེ་མེད་ན་མིའི་རིགས་གནས་ཐབས་མེད”་ཅེས་གསུངས་ཡོད། ཁོང་གི་ཐབས་ལམ་འདིས་གཞན་གྱི་བདེ་དོན་ལ་འགན་འཁུར་བའི་བསམ་པ་གོང་འཕེལ་གཏོང་རྒྱུར་དམིགས་པ་དང་། མི་སྒེར་གྱིས་ཁྱིམ་ཚང་དང་། རྒྱལ་ཁབ། ཆོས་ལུགས་བརྒལ་ཏེ་ཚོར་བ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་ཁུར་རྒྱ་བསྐྱེད་གཏོང་རྒྱུར་སྐུལ་འདེད་གནང་གི་ཡོད།

༢༽ ནང་སེམས་ཞི་བདེའི་གལ་གནད།

   ༸གོང་ས་མཆོག་གིས། འཛམ་གླིང་ཞི་བདེ་ནི་ནང་སེམས་ཞི་བདེའི་ཐོག་ནས་མ་གཏོགས་འགྲུབ་ཐབས་མེད་པའི་སྐོར་ཡང་ཡང་གསུང་གི་ཡོད། དེའི་དོན་ནི་མི་སྒེར་ངོ་རེས་སྤྱི་ཚོགས་ལ་ཕན་ཐོགས་ཡོང་བའི་རེ་བ་བྱེད་པར་སྔོན་དུ་རང་ཉིད་ཀྱི་ཁོང་ཁྲོ་དང་། ཧམ་སེམས། གཏི་མུག་བཅས་ལས་ཐོག་མར་རྒྱལ་ཁ་ཐོབ་དགོས་ཞེས་པ་དེ་རེད། ཁོང་གིས་ནང་སེམས་ཀྱི་ཞི་བདེ་འདི་སྐྱེད་སྲིང་བྱེད་ཆེད་དུ་བསམ་གཏན་དང་། དྲན་ཤེས། རང་ཉིད་ལ་བརྟག་དཔྱད་བྱ་རྒྱུ་བཅས་ནི་ལག་ཆ་ཡག་ཤོས་སུ་ངོས་འཛིན་གནང་གི་ཡོད། ཁོང་གིས་གསུང་རྒྱུར། མི་དགེ་བའི་སེམས་ཚོར་དེ་དག་གིས་མི་སྒེར་ཙམ་མ་ཟད་སྤྱི་ཚོགས་ཧྲིལ་པོར་སྡུག་བསྔལ་སྤྲོད་ཀྱི་ཡོད། དེར་བརྟེན། སེམས་ཚོར་དེ་དག་ལ་དོ་དམ་བྱེད་པ་ནི་རང་སེམས་ཁོ་ནའི་དོན་དུ་མིན་པར་འཛམ་གླིང་ཞི་བདེར་ཞབས་འདེགས་ཞུ་བ་ཞིག་རེད། ཁོང་གིས། “གལ་ཏེ་འཛམ་གླིང་ནང་གི་ལོ་བརྒྱད་ཅན་གྱི་བྱིས་པ་ཚང་མར་བསམ་གཏན་སློབ་ཁྲིད་བྱས་ན། ང་ཚོས་མི་རབས་གཅིག་གི་ནང་དུ་འཇིག་རྟེན་འཁྲུག་རྩོད་མེད་པར་བཟོ་ཐུབ”ཅེས་གསུང་ཤུགས་ཆེན་པོས་གསུངས་ཡོད།

༣༽ འཚེ་མེད་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ།

   ༸གོང་ས་མཆོག་ནི་སྐུ་ཚེ་གང་པོར་འཚེ་མེད་ཞི་བདེའི་རྩ་འཛིན་པ་ཞིག་ཡིན་ཞིང་། ཁོང་གིས་མེས་པོ་དམ་པ་གྷན་དྷི་མཆོག་དང་མར་ཊིན་ལུ་ཐཱར་ཀིང་ལྟ་བུའི་མི་སྣ་དག་ལས་ངར་ཤུགས་བླངས་གནང་མཛད་ཡོད། ཁོང་གིས་གླེང་མོལ་དང་གོ་རྟོགས་བརྒྱུད་ནས་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ནི་ནམ་ཡང་དྲག་སྤྱོད་དང་གདུག་རྩུབ་ལས་ལྷག་པར་དགེ་མཚན་ཆེ་བ་ཞིག་ཏུ་ངོས་འཛིན་གནང་གི་ཡོད། ཐ་ན་བོད་དོན་རང་སྐྱོང་འཐབ་རྩོད་ལྟ་བུའི་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོའི་མདུན་དུའང་། ཁོང་གིས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཚང་མ་ནི་བྱམས་བརྩེ་སྐྱེད་སྲིང་དང་སྡུག་བསྔལ་ཉུང་དུ་གཏོང་བའི་དམིགས་ཡུལ་གཅིག་ལ་འགྲོ་བའི་ལམ་དུ་གཟིགས། ཡེ་ཤུའི་ཆོས་ལུགས་དང་ཧིན་རྡུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་དབུ་ཁྲིད་མང་པོ་དང་ལྷན་དུ་བགྲོ་གླེང་གྲངས་མེད་པ་མཛད་དེ་༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་དབར་དད་མོས་ཀྱི་ཟམ་པ་བསྐྲུན་པ་དང་ཕན་ཚུན་བརྩི་འཇོག་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ལྷོད་མེད་གནང་ཡོད། ཁོང་གིས་མི་རྣམས་ལ་ཆོས་ལུགས་གཞན་ལ་བཟོད་སྒོམ་བྱེད་པ་ཙམ་མ་ཟད། དེ་དག་ལས་སློབ་སྦྱོང་བྱེད་པ་དང་ཁོང་ཚོས་མཉམ་སྤྱོད་ཀྱི་བཟང་སྤྱོད་རིན་ཐང་ལ་གདེང་འཇོག་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད།

༤༽ ཡོངས་ཁྱབ་ཀྱི་འགན་འཁྲི།

   ༸གོང་ས་མཆོག་གིས་ང་ཚོས་འཚོ་སྡོད་བྱེད་བཞིན་པའི་འབྲེལ་མཐུད་ཀྱི་འཛམ་གླིང་འདིར། མི་སྒེར་ངོ་རེ་ནས་ཀྱང་“ཡོངས་ཁྱབ་ཀྱི་འགན་འཁྲིའི་” འདུ་ཤེས་ཤིག་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་གི་ཡོད། དེའི་དོན་ནི་ང་ཚོའི་བྱ་སྤྱོད་ལ་འཛམ་གླིང་ཡོངས་ལ་མཇུག་འབྲས་ཐོན་གྱི་ཡོད་པ་དང་། ང་ཚོ་ཚང་མར་དྲང་བདེན་དང་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ནུས་པ་ཡོད་པ་ཤེས་དགོས་པ་དེ་རེད། གནམ་གཤིས་འགྱུར་ལྡོག་དང་། འགྲོ་བ་མིའི་ཐོབ་ཐང་། དབུལ་ཕོངས། ཡང་ན་ཤེས་ཡོན་གང་ཡིན་རུང་། ཏཱ་ལའི་བླ་མ་མཆོག་གིས་མི་སྒེར་ངོས་ནས་ཀྱང་ཕན་ཐོགས་ཅན་གྱི་ཤུགས་རྐྱེན་ཞིག་སྤེལ་རྒྱུའི་ནུས་པ་དང་འོས་འགན་ཡོད་པར་ཡིད་ཆེས་གནང་གི་ཡོད། ཁོང་གིས་“ང་ཚོ་ཚང་མ་ནི་མི་རིགས་གཅིག་གི་ཁྱིམ་ཚང་ཡིན། འཛམ་གླིང་གི་ཆ་ཤས་གཅིག་ལ་གནོད་ན་ང་ཚོ་ཚང་མར་གནོད་ཀྱི་རེད།” ཅེས་ཡང་ཡང་གསུངས་ཡོད། ཚུལ་འདིས་མི་རྣམས་ལ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་ལས་བརྒལ་ཏེ། མིའི་རིགས་དང་གོ་ལའི་ཡུན་གནས་ཀྱི་བདེ་རྩར་བསམ་བློ་གཏོང་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད།

༥༽ ཁོར་ཡུག་སྲུང་སྐྱོབ།

   ༸གོང་ས་མཆོག་ནི་ཁོར་ཡུག་སྲུང་སྐྱོབ་ཆེད་འབད་བརྩོན་གནང་མཁན་ཞིག་ཀྱང་ཡིན། ནང་ཆོས་ཀྱི་རྩ་དོན་དང་མཐུན་པར། ཁོང་གིས་རང་བྱུང་ཁམས་དང་མི་རྣམས་གཉིས་དམ་ཟབ་ཏུ་འབྲེལ་ཡོད་པའི་ལམ་སྟོན་གནང་གི་ཡོད། ཁོང་གིས་གཞུང་དང་ཚོང་ལས་སྡེ་ཁག མི་སྒེར་བཅས་ནས་གནམ་གཤིས་འགྱུར་ལྡོག་ལའང་འཕྲལ་དུ་འགོག་རྒོལ་དང་སའི་གོ་ལའི་སྐྱེ་ཁམས་སྲུང་འཛིན་ཆེད་འགུལ་སྐྱོད་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད། ཁོང་གིས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཚན་རིག་དང་ཆབ་སྲིད་ཀྱི་ཐད་ནས་བློ་ཁོག་བྱེད་དགོས་པའི་དོན་དག་ཅིག་མ་ཡིན་པར། བཟང་སྤྱོད་ཀྱི་འོས་འགན་ཞིག་ཡིན་ཞེས་གསུངས་ཡོད། རང་བྱུང་ཁམས་སྲུང་སྐྱོབ་བྱེད་པ་ནི་མ་འོངས་པའི་མི་རབས་ཚོར་སྙིང་རྗེ་སྟོན་པ་ཞིག་རེད། ཁོང་གི་གསུང་འཕྲིན་འདི་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ནས་ཐོན་ཡོང་བ་ཡིན་སྟབས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་བཟང་སྤྱོད་དང་ཆོས་ཕྱོགས་ཀྱི་ཐ་སྙད་ནང་བཀོད་ཡོད།

༦༽ སེམས་དང་བློའི་སློབ་གསོ།

   ༸གོང་ས་མཆོག་གི་བཀའ་སློབ་ནང་གི་བརྗོད་གཞི་གཙོ་བོ་ཞིག་ནི་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་གི་ལམ་ལུགས་བསྒྱུར་བཅོས་ཀྱིས་ཤེས་ཡོན་གྱི་གནས་ཚད་དང་མཉམ་དུ་ཚོར་བ་དང་སྤྱོད་བཟང་གི་སློབ་སྦྱོང་འདོན་སྤྲོད་བྱེད་དགོས་པའི་སྐོར་རེད། ཁོང་གིས་དེང་རབས་ཀྱི་ཤེས་ཡོན་གྱིས་དངོས་པོའི་ལོངས་སྤྱོད་ཐོག་མཐོང་ཆེན་དང་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་ཆུང་དྲགས་པའི་རྐྱེན་གྱིས་དེའི་མཇུག་འབྲས་སུ་གཞོན་སྐྱེས་ཚོས་ཚན་རིག་དང་འཕྲུལ་ལས་ཐོག་ཡར་རྒྱས་གཏོང་ཐུབ་ཀྱང་སེམས་ཁྲལ་དང་སྐྱོ་སྣང་སོགས་ཀྱི་དཀའ་ངལ་མྱོང་སྲིད་པར་ཡིད་ཆེས་གནང་གི་ཡོད།

༧༽མཇུག་བསྡོམས།

   ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བཀའ་སློབ་ནང་དོན་རྣམས་ནི་སྒེར་གྱི་ཡིད་ཚིམ་པ་དང་ཐུན་མོང་གི་ཡར་རྒྱས་གཉིས་ཀར་ཟབ་ཅིང་རྒྱ་ཆེ་བའི་བློ་གྲོས་ཤིག་ཡིན། དེའི་སྙིང་དོན་ནི་སྙིང་རྗེ་དང་། ནང་སེམས་ཞི་བདེ། འཚེ་མེད་ཞི་བ། ཁོར་ཡུག་འགན་འཁྲི། ཡོངས་ཁྱབ་ཀྱི་བཟང་སྤྱོད་བཅས་ལ་ནན་ཏན་གནང་གི་ཡོད། རྩ་དོན་འདི་དག་ནི་ཆོས་ལུགས་དང་རིག་གཞུང་གང་རུང་ཞིག་ལ་བརྟེན་པ་མིན་པར། དུས་ནམ་ཡང་རིན་ཐང་ལྡན་པའི་རིན་ཐང་ཞིག་ཡིན་ཞིང་། འགྲོ་བ་མི་རྣམས་ཞི་བདེ་དང་རྒྱུན་གནས་ཐུབ་པའི་མདུན་ལམ་ཞིག་ལ་ཁྲིད་སྟོན་བྱེད་ཐུབ། འཛམ་གླིང་འཁྲུག་རྩོད་དང་། དྲང་བདེན་མིན་པ། ཁོར་ཡུག་ཉམས་རྒུད་སོགས་ཀྱིས་ཇེ་ཞན་དུ་འགྲོ་བཞིན་པའི་སྐབས་འདིར། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནི་སྔར་ལས་ཀྱང་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། ཁོང་གི་མཛད་འཕྲིན་དང་བཀའ་སློབ་རྣམས་ནི་འགྱུར་བའི་ནང་ནས་འགོ་བཙུགས་ཏེ། ང་ཚོས་སེམས་དང་བློ་ཁ་བསྒྱུར་བ་བརྒྱུད་ནས་འཛམ་གླིང་འདི་བསྒྱུར་བཅོས་བྱེད་ཐུབ་པའི་དྲན་སྐུལ་ཞིག་ལགས་སོ།།