པདྨ་ཕུན་ཚོགས། འཛིན་གྲྭ་བཅུ་པ།
ཅན་དྷ་གྷི་རི་སཾ་བྷོ་ཊ་ཉིན་སློབ།

ལྷ་མོ་དོན་གྲུབ་ང་ཡི་བླ་མ། ། ལྷ་མོ་དོན་གྲུབ་ང་ཡི་སྲུང་མ། །

ང་ཡི་བླ་མ་ང་ཡི་སྲུང་མ། ། ༸རྒྱལ་དབང་ཡིད་བཞིན་ནོར་བུ་མཁྱེན་ནོ། །

ཁྱེད་ནི་ཐམས་ཅད་མཁྱེན་པ། ། ཁྱེད་ནི་ཞི་བདེའི་དེད་དཔོན། །

བོད་མིའི་དབུ་འཁྲིད་གཙོ་བོ། ། ༸བསྟན་འཛིན་རྒྱ་མཚོ་མཁྱེན་ནོ། །

ནོར་སྦེལ་ཞི་བདེ་གཟེངས་རྟགས། ། ༸གོང་ས་མཆོག་ལ་ཕུལ་བ། །

སྤྱན་རས་གཟིགས་ཀྱི་སྤྲུལ་བ། ། ལྷ་མོ་དོན་གྲུབ་མཁྱེན་ནོ། །

དཀར་པོ་དུང་ལ་འགྲན་པའི། ། ཐུགས་སེམས་དཀར་བའི་སྐུ་མདུན། །

ཕན་མེད་གནོད་པ་མ་མཛད། ། བཀའ་སློབ་སྙིང་གི་ནོར་བུ། །

ང་ཚོའི་འཛམ་གླིང་འདི་ན། ། ཐུགས་སེམས་ཁྱེད་རང་ནང་བཞིན། །

ཧ་ཅང་མང་པོ་ཡོད་ན། ། འཛམ་གླིང་ཞི་བདེ་ཆགས་ཐུབ། །

མི་ཡི་མི་ཚེ་ནང་ལ། ། ཕ་མ་ཡིན་གཅིག་དགོས་ཡོད། །

བོད་རིགས་ཡོད་དོ་ཅོག་ལ། ། སྐུ་མདུན་ཡིན་གཅིག་དགོས་ཡོད། །

བསྟན་འཛིན་རྒྱ་མཚོ་མེད་ན། ། བོད་མི་གསོན་ཐབས་བྲལ་ལོ། །

རྒྱལ་བའི་བཀའ་སློབ་མེད་ན། ། བོད་རིགས་མདུན་ལམ་མེད་དོ། །

མི་ལ་ཕ་མ་དགོས་རེད། ། གྲོག་མར་ཁ་ལག་དགོས་རེད། །

རྩི་ཤིང་ཉི་འོད་དགོས་ལྟར། ། ང་ཚོར་སྐུ་མདུན་དགོས་རེད། །

བོད་ལ་རང་དབང་ཡོད་ན། ། ཡུལ་ལུང་བདེ་སྐྱིད་འཕེལ་ཡོང་། །

སྐུ་མདུན་སྐུ་ཚེ་བརྟན་ན། ། འཛམ་གླིང་ཞི་བདེ་འགྱུར་ཡོང་། །

ནང་ཆོས་དབུ་ཁྲིད་གཙོ་བོ། ། གོ་ལའི་ཞི་བདེ་དེད་དཔོན། །

ཁྱེད་ལྷག་ཞི་བདེ་སྤེལ་མཁན། ། ས་སྟེང་འདི་ནང་མེད་དོ། །