ཡིད་འཕྲོག་པ། བོད་སྐད་ལེ་ཚན་གཏོང་བ། ངོ་མཚར་སྐྱེས་པ། ཆག་སྐྱོན་འབྱུང་བ། སེམས་འཁུར་བྱེད་པ། གློག་སྒོ་འབྱེད་པ།
ངའི་ཕ་རྒན་གྱིས་སྒྲ་སྡུད་འཕྲུལ་ཆས་ཤིག་དང་རྐང་འཁོར་ཞིག་ཉོས་ཡོང་བ་དེ་རེ་ཞིག་ལ་གྲོང་གསེབ་ཏུ་གསར་འགྱུར་དུ་གྱུར་སོང་། ང་ནི་སྒྲ་སྡུད་འཕྲུལ་ཆས་ཟེར་བའི་ཚན་རིག་དེས་ཡིད་ཡོངས་སུ་འཕྲོག་སོང་། ལྷག་པར་དེའི་ནང་དུ་བོད་སྐད་ལེ་ཚན་གཏོང་བ་ནི་ཅི་འདྲའི་ངོ་མཚར་དང་ལྡན་པ་ཞིག་རེད་ཨང་། དེ་ལས་ཀྱང་ངོ་མཚར་ཆེ་བ་ཞིག་ནི་སྒམ་ཆུང་ཆུང་དེ་འདྲ་ཞིག་གི་ནང་དུ་མི་སྐུང་ཐབས་མེད་ཀྱང་། མི་སྐད་བར་མེད་དུ་གྲགས་ཡོང་བ་ནི་ཧ་ལས་དགོས་པ་ཞིག་རེད་ཨང་། དེ་ལྟ་བུའི་ངོ་མཚར་གྱི་འཕྲུལ་ཆས་དེ་གནས་གང་ཞིག་ཏུ་བཤམས་ནས་འཇོག་དགོས་པའི་ཐད་ལ་ཡང་ངའི་ཕ་རྒན་ལ་སེམས་ངལ་མང་པོ་ཞིག་བྱུང་ཡོད་དེ། ཁོང་གིས་དང་ཐོག་ཅོག་ཙེ་སྟེང་བཞག་ནས་པྲ་ཆལ་གྱིས་ངའི་ལག་པས་རེག་ཐུབ་པས་ཆག་སྐྱོན་རེ་འབྱུང་བར་སེམས་ཁུར་ཡོད་པས། སྒྲ་སྡུད་འཕྲུལ་ཆས་དེ་ཆ་སྒམ་གོང་མར་བཞག ཡིན་ནའང་གནས་དེ་ནི་མཐོ་དྲགས་པས་རྣམ་ཀུན་གློག་སྒོ་འབྱེད་པ་དང་གཏན་པའི་དུས་སུ་རྐང་པའི་ཕྱི་རྟིང་ཡར་འགྱོགས་དགོས་པས་ལས་ཚེགས་ཅུང་ཆེ། མཇུག་མཐར་སྒྲ་སྡུད་འཕྲུལ་ཆས་དེ་ཁང་པའི་སྦུག་གི་མཆོད་སྟེགས་སུ་བཞག་སོང་། ངས་ཕ་རྒན་ལ་”ང་ཚོའི་སྒྲ་སྡུད་འཕྲུས་ཆས་ནང་སྐད་ཆ་བཤད་མཁན་གྱི་མི་དེ་དག་གང་དུ་བསྡད་ཡོད་”དྲིས་པར། “སྐད་ཆ་བཤད་མཁན་དེ་དག་ནི་ཨ་ཁུ་ལྷ་དང་མཉམ་དུ་རྩིག་ལྡེབས་ཀྱི་ཁོག་ཏུ་ཡོད་པ་རེད། ཁྱོད་ཀྱིས་རྗེས་མར་སྒྲ་སྡུད་འཕྲུལ་ཆས་ལ་གཏན་ནས་རེག་མི་ཉན་”ཟེར། ཕ་རྒན་གྱི་སྐད་ཆ་དེ་ལ་ང་ཡིད་ཆེས་སོང་། དེ་ནས་བཟུང་ངས་ཁོང་ལ་སྒྲ་སྡུད་འཕྲུལ་ཆས་སྐོར་གྱི་སེམས་ནང་གི་ངོ་མཚར་ཡང་བསྐྱར་དྲིས་བྱས་མ་མྱོང་ལ་རེག་ཀྱང་མ་མྱོང་།
 
མཆན་འགྲེལ།
གསར་འགྱུར། གནས་ཚུལ་གསར་པ། ལེ་ཚན། སྡེ་ཚན། སྐུང་། ལྐོག་ཏུ་སྦས་པ། བར་མེད། རྒྱུན་མི་འཆད་པ། གྲགས། སྐད་ཆེན་པོ་འབྱིན་པ། བཤམས། དངོས་རྫས་རིགས་གནས་ངེས་ཅན་དུ་ལེགས་པར་བསྒྲིགས་པ། པྲ་ཆལ། འཚུབ་ཐེར། ཆ་སྒམ། དངོས་ཆས་འཇུག་སྣོད་མདུན་དུ་སྒོ་འབྱེད་རྒྱུ་ཡོད་པའི་ཤིང་ཆས་ཤིག གོང་མ། སྟེང་མ། གློག་སྒོ་འབྱེད་པ། གློག་སྦར་བ། གློག་སྒོ་གཏན་པ། གློག་གསོད་པ། ཕྱི་རྟིང་། རྐང་པའི་རྟིང་པ། ཚེགས། ངལ་བ། མཆོད་སྟེགས། མཆོད་པ་འཇོག་སའམ་འབུལ་སའི་སྟེགས།