Skip to main content
ཤེས་རིག་ལས་ཁུངས།

བརྗེད་དཀའ་བའི་ཉིན་མོ།

བསྟན་འཛིན་སྨིན་གྲོལ། འཛིན་གྲྭ་ལྔ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།    ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པའི་ཚེས་ ༢༥ ཉིན་བོད་ཡིག་རྒན་ལགས་ཀྱིས་ང་ཚོར་༸གོང་ས་མཆོག་གི་སྐོར་རྩོམ་ཞིག་བྲིས་ཞེས་ངག་འཇམ་པོའི་ངང་བཤད་སྐབས། ངའི་སེམས་སུ་དེ་མ་ཐག་༸གོང་ས་མཆོག་དང་འབྲེལ་བའི་བརྗེད་དཀའ་བའི་གནས་ཚུལ་ཞིག་དྲན་བྱུང་། བྱས་ཙང་ངས་རྩོམ་གྱི་མགོ་བརྗོད་དུ་བརྗེད་དཀའ་བའི་ཉིན་མོ་ཞེས་བྲིས། ངའི་བརྗེད་དཀའ་བའི་ཉིན་མོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོང་ཞབས་པུས་ཡུན་རིང་སྙུང་སྟེ་མཐར་ཕྱི་རྒྱལ་དུ་སྨན་བཅོས་གནང་དུ་ཕེབས་པའི་ཉིན་མོ་དེ་ཡིན། ངས་གནས་ཚུལ་དེ་ཐོས་མ་ཐག་དངངས་སྐྲག་ངང་སྐད་ཤུགས་ཆེ་ཞིང་ངོ་གདོང་ན་ཡིད་མ་ཆེས་པའི་རྣམ་འགྱུར་ཞིག་གིས་ཨ་མ་ལ་བཤད། ཨ་མས་སྐད་གདངས་དམའ་པོས་སྐད་ཆ་གཞན་གང་ཡང་མ་གསུངས་པར། ང་ལ་མཆོད་གཤོམ་སྟེང་མཆོད་མེ་ཞིག་འབུལ་དུ་བཅུག།།    ངས་སེམས་ཚོར་དྲག་པོའི་ངང་མཆོད་མེ་ཆེ་བ་ཞིག་ཞལ་ཁ་ཕྱེས་ཏེ་ཁོང་བདེ་ཐང་ཡོང་བའི་སྨོན་ལམ་ཐེངས་མང་བཏབ་སྟེ་ཉལ་བ་ཡིན། སང་ཞོགས་དེར་ངས་སླར་ཡང་མཆོད་མེ་ཞིག་ཕུལ་བ་ཡིན། ཉིན་ཤས་རྗེས་ཨ་མས་ང་ལ་ཁོང་གི་གཤག་བཅོས་ལེགས་གྲུབ་བྱུང་འདུག་ཅེས་སེམས་པ་དགའ་བའི་གཏམ་བཟང་དེ་བཤད་དུས།  ངའི་ལུས་སེམས་གཉིས་ཀ་ལྷོད་པོར་གྱུར་སོང། ད་ལྟ་ཁོང་སྐུ་གཟུགས་བདེ་ཐང་ངང་འགྲུལ་བཞུད་གནང་ཐུབ་ཀྱི་ཡོད། གུས་མོ་ངས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁོང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད།

༸གོང་ས་མཆོག

བསྟན་འཛིན་ཡིད་སྨོན། འཛིན་གྲྭ་ལྔ་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།    སྤྱིར་བཏང་འཛམ་གླིང་ནང་ལ་བླ་མ་དང་མཁས་པ་ཧ་ཅང་མང་པོ་ཡོད། བླ་མ་དང་མཁས་པ་ཚང་མས་ཕྱག་ལས་ཡག་པོ་གནང་གི་ཡོད། དམིགས་བསལ་དུ་༸གོང་ས་མཆོག་ནི་འཛམ་གླིང་ནང་དུ་སྙད་སྒྲགས་ཆེ་ཤོས་རེད། རྒྱུ་མཚན་ནི། ༸གོང་ས་མཆོག་གིས་ག་དུས་ཡིན་ནའང་སེམས་བཟང་པོ་བྱས་ཏེ་བཀའ་སློབ་གནང་བ་དང་སོ་སོའི་དགྲ་བོ་རྒྱ་མི་ལའང་སྙིང་རྗེ་བྱེད་ཀྱི་ཡོད། ༸གོང་ས་མཆོག་ནི་ཉི་མ་ནང་བཞིན་རེད། ཉི་མ་ཡིས་ཡག་སྡུག་དབྱེ་བ་མེད་པར་ཚང་མར་འོད་དང་དྲོད་སྤྲོད་སྟངས་ཤེས་ཐུབ། ༸གོང་ས་མཆོག་ནི་ཆུ་ནང་བཞིན་རེད། དེ་ཡང་ཆུ་མེད་ན་སེམས་ཅན་དང་རྩི་ཤིང་ཚང་མ་སྐོམ་ནས་ཤི་འགྲོ་བ་ནང་བཞིན། ༸གོང་ས་མཆོག་མེད་ན་ང་ཚོ་བོད་མི་ཚོ་བརླགས་ནས་མེད་པར་ཆགས་ཀྱི་རེད། ༸གོང་ས་མཆོག་ནི་འབྱུང་བཞི་འདྲ་བོ་རེད། ༸གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༥ ལོ་བོད་ཨ་མདོ་སྟག་འཚེར་ལ་སྐུ་ཁྲུངས་པ་རེད། ༸གོང་ས་མཆོག་ལ་ཕྱི་ལོ་ ༡༩༨༩ ལོ་ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་རེད།    ༸གོང་ས་མཆོག་གིས་དེབ་མང་པོ་ལྗགས་རྩོམ་གནང་ཡོད། དེ་དག་ནང་ནས་ཕྱག་དེབ་གསར་ཤོས་དེ་ནི་<<བོད་དང་བོད་མིའི་མགྲིན་ཚབ།>>ཅེས་པ་དེ་ཆགས་ཀྱི་ཡོད། མི་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངའི་ནང་ལ་དེབ་དེ་ཉོས་ཡོད། ད་ལོ་༸གོང་ས་མཆོག་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད། ཉིན་མ་རྟག་པར་ངའི་རྨོ་མོ་ཡིས་ཞལ་འདོན་སྐྱོར་བའི་སྐབས་སུ་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་ཀྱི་འདུག མཚམས་མཚམས་མི་ཆུ་ཤོར་བཞིན་འདུག ང་ཚོའི་ནང་དུ་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཡོད། ཉིན་མ་རྟག་པར་སློབ་གྲྭ་མ་འགྲོའི་སྔོན་དུ་སྐུ་པར་མདུན་ལ་སྨོན་ལམ་འདེབས་ཀྱི་ཡོད། ༸གོང་ས་མཆོག་དགུང་ལོ་ ༡༣༠ བཞུགས་པར་ཤོག

༸གོང་ས་མཆོག

ཀུན་གསལ་ལྷ་མོ། འཛིན་གྲྭ་བཞི་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། བདུན་པའི་ཚེས་དྲུག་གི་ཉིན་མོར།།བོད་ཡུལ་ཤར་ཕྱོགས་ཀྱི་ཨ་མདོ།།སྟག་འཚེར་ཡུལ་ལུང་དུ་འཁྲུངས་པའི།།༸གོང་ས་ཡིད་བཞིན་གྱི་ནོར་བུ།། ཁྱེད་ཀྱི་ཞལ་རས་དེ་མཛེས་པ།།ཁྱེད་ཀྱི་ཐུགས་སེམས་དེ་བཟང་བ།།སྤྱོད་པ་ཡག་པོ་དང་དྲང་པོ།།ཁྱེད་ནི་སྤྱན་རས་གཟིགས་དངོས་རེད།། ང་ཡི་མི་ཚེ་ཡི་ནང་དུ།།འཛམ་གླིང་མི་མང་གི་ཁྲོད་ན།།༸གོང་ས་ཡིད་བཞིན་གྱི་ནོར་བུ།།ཁྱེད་ལས་བཟང་བ་ཞིག་མ་མཇལ།། ཁྱེད་ཀྱིས་རྒྱ་གར་གྱི་ལུང་པར།།སློབ་གྲྭ་མང་པོ་ཞིག་བཙུགས་ནས།།བོད་ཕྲུག་ཧ་ཅང་གི་མང་པོར།།སློབ་སྦྱོང་གོ་སྐབས་དེ་གནང་བྱུང་།། དེ་བཞིན་དགོན་པ་ཡང་མང་པོ།།ས་ཕྱོགས་གང་ས་ལ་བཞེངས་ཏེ།།མི་རིགས་འདྲ་མིན་ལ་དེ་འདྲའི།།ནང་ཆོས་སྦྱོང་ས་ཞིག་གནང་སོང་།། ང་ཚོ་སྐྱབས་བཅོལ་བའི་བོད་མིར།།ཕ་མ་ལྟ་བུ་དེ་གནང་མཁན།།༸གོང་ས་ཡིད་བཞིན་གྱི་ནོར་བུ།།ཁྱེད་ལས་ལྷག་པ་གཞན་མི་འདུག། ང་ཚོ་བོད་མི་ཙམ་མིན་པར།།འཛམ་གླིང་སྐྱེ་འགྲོ་ཡོངས་གཟིགས་ནས།།ཁྱེད་ཀྱི་བྱམས་པ་དང་བརྩེ་བའི།།བཀའ་དྲིན་འཇལ་ཐབས་ཤིག་མི་འདུག། ད་ལོ་ཁྱེད་རང་གི་དགུང་གྲངས།།ཕྱི་ལུགས་དགུ་བཅུ་རུ་ཕེབས་ཀྱང་།།སྐུ་ཁམས་བདེ་མོ་རུ་བཞུགས་པས།།གུས་མོ་སྤྲོ་བ་ཡིས་ཁེངས་ཡོད།། ང་ཚོ་བོད་མི་ཡི་སྐྱབས་གནས།།ལྷ་གཅིག་གངས་ཅན་མགོན་པོ།།སྐུ་ཚེ་བསྐལ་བརྒྱ་བར་བཞུགས་པའི།།གསོལ་བ་སྙིང་ཁོངས་ནས་འདེབས་སོ།།

༸གོང་ས་མཆོག

པདྨ་ལས་འཕྲོ། འཛིན་གྲྭ་བཞི་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ང་ཚོ་བོད་པ་ཚང་མའི།།རྩ་བའི་བླ་མ་ཡིན་པའི།།༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི།།སྟག་འཚེར་ཡུལ་དུ་འཁྲུངས་ཡོད།། ང་རང་ཆུང་ཆུང་སྐབས་སུ།།ཨ་མ་མཉམ་དུ་འགྲོ་ནས།།༸གོང་ས་མཆོག་དང་མཇལ་མྱོང་།།ང་རང་དགའ་ཐག་ཆོད་སོང་།། ང་ཡིས་སློབ་དེབ་ནང་ལ།།ཡག་པོ་བྱས་ནས་ལྟ་དུས།།བསྟན་འཛིན་རྒྱ་མཚོ་མཆོག་གི།།བཀའ་སློབ་མང་པོ་བྲིས་འདུག།། ང་རང་ཆོས་མཇལ་ཕྱིན་ཡིན།།མཆོད་ཁང་ནང་ལ་སླེབས་ཏེ།།སྐུ་པར་དེ་ལ་མཇལ་དུས།།བསྟན་འཛིན་རྒྱ་མཚོ་རེད་འདུག། ང་རང་རྟ་དབང་འགྲོ་ཡིན།།༸གོང་ས་སྐུ་ཕྲེང་དྲུག་པ།།ཚངས་དབྱངས་རྒྱ་མཚོ་འཁྲུངས་ས།།གནས་མཆོག་དེ་ལ་སླེབས་སོང་།། ༸གོང་ས་༸སྐྱབས་མགོན་ཆེན་པོ།།སེམས་པ་ཡག་པོ་རེད་འདུག།སེམས་པ་ཡག་པོ་བྱས་ནས།།ནོར་ཝེལ་གཟེངས་རྟགས་ཕུལ་སོང་།། ཉིས་སྟོང་ཉེར་ལྔ་ལོ་འདིར།།༸གོང་ས་༸སྐྱབས་མགོན་ཆེན་པོ།།དགུང་གྲངས་དགུ་བཅུ་རེད་དེ།།ད་ལྟ་གཞོན་གཞོན་རེད་འདུག། ༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།བོད་ཀྱི་རྒྱལ་པོ་ཡིན་དུས།།རྒྱ་མིས་སྡུག་པོ་བཏང་ནས།།རྒྱ་གར་ཡུལ་དུ་ཕེབས་རེད།། ད་ལྟ་རྒྱ་གར་ཡུལ་གྱི།།རྡ་རམ་ས་ལ་ཟེར་བའི།།ཤིང་ནགས་ཡོད་ས་དེ་ལ།།ལྷོད་ལྷོད་གནང་ནས་བཞུགས་ཡོད།།

༸གོང་ས་མཆོག

བསྟན་པ་ཚེ་རིང་། འཛིན་གྲྭ་བཞི་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ༸གོང་ས་མཆོག་གི་ཡུལ་དེ།།རྒྱ་ནག་དམར་པོས་ཕྲོགས་རེད།།ཉི་མ་དེ་ཡི་དགོང་མོར།།རྒྱ་གར་ཡུལ་དུ་བྲོས་ཕེབས།། ༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ།།བོད་ནས་བྲོས་བྱོལ་ཕེབས་དུས།།དང་པོ་ཕེབས་སའི་ཡུལ་དེ།།མོན་ཡུལ་ནང་དུ་ཡོད་རེད།། ས་ཆ་དེ་ཡི་མིང་ལ།།སྐས་འཛེག་མ་ཎི་ཟེར་འདུག།།སྐས་འཛེག་མ་ཎིའི་འགྲམ་ལ།།ཁོང་གིས་ཕྱག་ཤིང་བཙུགས་ཡོད།། ད་ལྟའི་དུས་སུ་ཕྱག་ཤིང་།།ཆེན་པོ་ཆེན་པོ་ཆགས་ཡོད།།ཕྱག་ཤིང་དེ་ལ་མི་ཚོས།།ཕྱག་དང་སྐོར་བ་གནང་འདུག། དེ་ནས་ཕེབས་ཀྱིན་ཕེབས་ཀྱིན།།རྟ་དབང་ཕྱོགས་སུ་ཕེབས་རེད།།དེ་ནས་ཨ་སམ་བརྒྱུད་དེ།།རྡ་རམ་ས་ལར་ཕེབས་རེད།། རྡ་རམ་ས་ལར་ཕེབས་ནས།།དགོན་པ་གསར་པ་བཞེངས་ཏེ།།བླ་མ་མང་པོ་མཉམ་དུ།།དགོན་པའི་ནང་ལ་བཞུགས་རེད།། ༸གོང་ས་མཆོག་གིས་གནང་ནས།།བོད་པའི་སློབ་གྲྭ་ཚོགས་སོང་།།བོད་པའི་སློབ་གྲྭ་ནང་ལ།།སློབ་ཕྲུག་མང་པོ་སླེབས་སོང་།། ༸གོང་ས་མཆོག་གིས་རྒྱུན་དུ།།བཀའ་སློབ་མང་པོ་གསུངས་ཡོད།།བཀའ་སློབ་མང་པོ་ཉན་དུས།།ཤེས་བྱ་མང་པོ་རག་སོང་།། ང་རང་གུང་སེང་སྐབས་སུ།།ཁོང་གི་བཀའ་སློབ་མང་པོ།།ཁང་པ་གཅིག་གི་ནང་དུ།།གྲོགས་པོ་མཉམ་དུ་ཉན་ཡིན།། ཁོང་གི་བཀའ་སློབ་ཉན་དུས།།ང་ཚོ་བོད་མི་ཚང་མ།།སེམས་པ་བཟང་པོ་བྱེད་དགོས།།ཐེངས་མ་མང་པོ་གསུངས་བྱུང་།།

༸གོང་ས་མཆོག

པདྨ་བདེ་སྐྱིད་ཤར་པ། འཛིན་གྲྭ་བཞི་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ༸གོང་ས་མཆོག་གི་མཚན།།ལྷ་མོ་དོན་གྲུབ་དང་།།བསྟན་འཛིན་རྒྱ་མཚོ་དང་།།ཏཱ་ལའི་བླ་མ་ཞུ།། ཁོང་གི་འཁྲུངས་ཡུལ་དེ།།ཨ་མདོའི་ལུང་པ་རེད།།ས་ཆ་དེ་ཡི་མིང་།།སྟག་འཚེར་ཟེར་གྱི་རེད།། སྟག་འཚེར་ལུང་པ་ནས།།ལྷ་ས་ཕེབས་དུས་སུ།།རྒྱ་མིས་སྡུག་པོ་བཏང་།།དཀའ་སྡུག་མང་པོ་མྱངས།། ༸གོང་ས་མཆོག་ལགས་ཀྱི།།ཡབ་ཡུམ་གཉིས་ཀྱི་མཚན།།ཆོས་སྐྱོང་ཚེ་རིང་དང་།།བདེ་སྐྱིད་ཚེ་རིང་རེད།། ཁོང་གི་འཁྲུངས་སྐར་དེ།།ཟླ་བདུན་ཚེ་དྲུག་རེད།།ང་ཚོས་སློབ་གྲྭ་ལ།།ཁོང་གི་འཁྲུངས་སྐར་བཏང་།། ཁོང་གི་འཁྲུངས་སྐར་སྐབས།།ང་ཚོ་ཚང་མ་ཡིས།།དགའ་དགའ་སྤྲོ་སྤྲོ་ངང་།།གཞས་དང་ཞབས་བྲོ་འཁྲབ།། ཕྱི་ལུགས་རྩི་སྟངས་ལ།།༸གོང་ས་མཆོག་ལགས་ཀྱི།།དགུང་གྲངས་དགུ་བཅུ་རེད།།གོ་སྟོན་སྲུང་བརྩི་བྱེད།། ༸གོང་ས་མཆོག་ལགས་ཀྱིས།།སེམས་པ་བཟང་པོ་གནང་།།འཛམ་གླིང་མི་མང་ནང་།།སྐད་གྲགས་ཆགས་པ་རེད།། ༸གོང་ས་མཆོག་ལགས་ལ།།ང་ཚོས་གུས་ཞབས་བྱེད།།ཁོང་གི་བཀའ་ལ་ཉན།།སྤྱོད་པ་ཡག་པོ་བྱེད།། ༸གོང་ས་མཆོག་ལགས་ཁྱེད།།ང་ཚོ་བོད་པའི་སླད།།སྐུ་གཟུགས་བདེ་ཐང་ངང་།།ཡུན་རིང་བཞུགས་རོགས་གནོངས།