Skip to main content
ཤེས་རིག་ལས་ཁུངས།

བཀའ་དྲིན་གཞལ་དུ་མེད་པའི་ངའི

བཀའ་དྲིན་གཞལ་དུ་མེད་པའི་ངའི་ཕ་མ་གཉིས།

བསྟན་འཛིན་ཡེ་ཤེས། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། ངའི་མིང་ལ་བསྟན་འཛིན་ཡེ་ཤེས་ཟེར་ཞིང་། ད་ལྟ་ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ་ཏུ་འཛིན་གྲྭ་གསུམ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་། བྱམས་སེམས་ཅན་གྱི་ཕ་མ་གཉིས་ཡོད་པས་ང་ནི་བསོད་ནམས་ཅན་ཞིག་དང་བདེ་སྐྱིད་ཤིན་ཏུ་ཆེ་བའི་བྱིས་པ་ཞིག་ཡིན། ངའི་དྲིན་ཅན་པཱ་ལགས་ཀྱི་མཚན་ལ་བསྟན་འཛིན་ཆོས་ལྡན་ཞུ་ཞིང་། ཁོང་གིས་དམག་ཞབས་ཀྱི་ལས་དོན་གཉེར་ནས་མི་ལོ་ཉི་ཤུ་ལྷག་ཙམ་འཁོར་ཡོད། པཱ་ལགས་ནི་སེམས་པ་བཟང་ཞིང་གཞན་ལ་རོགས་པ་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན་པ་མ་ཟད། ཕྱག་ལས་ཀྱི་བར་གསེང་ནས་ཞལ་ལག་བཟོ་རྒྱུར་ཧ་ཅང་མཁས་པས་ང་ཚོར་ཞིམ་ཟས་སྣ་ཚོགས་ཕུལ་གནང་གི་ཡོད། ལོ་ལྟར་ཟླ་བ་གསུམ་གྱི་གུང་སེང་སྐབས་ནང་དུ་ཕེབས་ནས་ང་ཚོ་འཆམ་འཆམ་ལ་འཁྲིད་པ་དང་། རྔན་པ་དང་རྩེད་ཆས་སྣ་ཚོགས་ཉོས་ཏེ་ང་དང་མཉམ་དུ་རྩེད་མོ་རྩེས་པའི་དུས་ཚོད་ནི་ངའི་མི་ཚེའི་ནང་གི་ཆེས་སྐྱིད་པའི་དུས་ཚོད་ཅིག་ཡིན། ཁོང་གིས་ང་ལ་རྐང་འཁོར་གཏོང་སྟངས་དང་སྤོ་ལོ་རྩེད་སྟངས་བསླབ་པ་ཙམ་མ་ཟད། ང་ལ་དཀའ་ངལ་འཕྲད་སྐབས་རང་ཉིད་ལ་གདེང་ཚོད་དགོས་པའི་རྒྱབ་སྐྱོར་དང་ལམ་སྟོན་གནང་གི་ཡོད། པཱ་ལགས་ཀྱིས་ཁྱིམ་ཚང་གི་ཆེད་དུ་དཀའ་ལས་ཇི་ལྟར་བརྒྱབ་ཀྱང་ནམ་ཡང་ཉོབ་སྣང་མེད་པར། ང་ཚོའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་དཀའ་སྡུག་ཡོད་ཚད་སེམས་ཀྱིས་ཁུར་ནས་བཞུགས་ཀྱི་ཡོད། ངའི་དྲིན་ཅན་ཨ་མ་ལགས་ཀྱི་མཚན་ལ་བསྟན་འཛིན་ཚེ་ལྷ་ཟེར། ཁོང་ནི་སྨན་ཞབས་པའི་སློབ་སྦྱོང་ཐོན་ཞིང་ལོ་མང་པོར་ལས་ཀ་གནང་མྱོང་མཁན་ཞིག་ཡིན་ནའང་། ད་ལྟ་ང་ཚོའི་ཆེད་དུ་ཁྱིམ་ལས་ཁོ་ནར་འབད་བཞིན་བཞུགས་ཡོད། ཨ་མ་ལགས་ནི་ཞོགས་པ་སྔ་པོ་ནས་བཞེངས་ཏེ་ཞལ་ལག་བཟོ་བ་དང་། ཁྱིམ་གཙང་བཟོ་བྱེད་པ། གྱོན་ཆས་འཁྲུད་པ་སོགས་བར་མཚམས་མེད་པའི་ཕྱག་ལས་ཀྱི་བྲེལ་བས་བཞུགས་ཀྱི་ཡོད། ཨ་མ་ལགས་ཀྱིས་ང་ལ་སློབ་སྦྱོང་དང་སྒྲིག་ལམ་ཐད་དམ་འཛིན་ནན་པོ་གནང་གི་ཡོད་པ་དང་། ནོར་འཁྲུལ་ཤོར་སྐབས་སྐབས་རེར་ཐག་པས་གཞུས་ནས་སློབ་གསོ་གནང་གི་ཡོད། དེ་ནི་ང་རང་མི་ཡ་རབས་ཤིག་ཡོང་བའི་ཆེད་དུ་ཡིན་པ་ངས་གསལ་པོ་ཤེས་ཀྱི་ཡོད། ཨ་མ་ལགས་ནི་གཤིས་རྒྱུད་ཧ་ཅང་འཇམ་པོ་ཞིག་ཡིན། འོན་ཀྱང་ནོར་འཁྲུལ་བྱུང་སྐབས་བཀའ་བཀྱོན་གནང་ཚེ་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཅུང་ཟད་སྐྱེ་གིན་འདུག ཨ་མས་ང་ལ་སྤྱོད་པ་བཟང་པོ་དང་སློབ་སྦྱོང་ལ་བརྩོན་དགོས་པའི་བསླབ་བྱ་གནང་བ་དང་། སྐབས་རེར་ཕྱི་ལོགས་ནས་ཞལ་ལག་ཞིམ་པོ་དང་གྱོན་ཆས་གསར་པ་ཉོས་ནས་ང་ལ་གནང་གི་རེད། མདོར་ན། ང་རང་ཕ་མ་གཉིས་ལ་ཧ་ཅང་དགའ་པོ་ཡོད་ལ་ཁོང་རྣམ་གཉིས་ནི་ངའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་དེ་ཡིན། ང་ལ་བྱམས་སེམས་ཅན་གྱི་ཕ་མ་འདི་འདྲ་ཞིག་ཐོབ་པར་དཀོན་མཆོག་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་རྣམ་གཉིས་སྐུ་ཚེ་རིང་པོ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན། ངས་ཕ་མའི་བཀའ་དྲིན་ནམ་ཡང་མི་བརྗེད་པར་མ་འོངས་པར་དྲིན་ལན་འཇལ་ཐུབ་པའི་རེ་བ་དང་དམ་བཅའ་བརྟན་པོ་ཡོད།

བོད་མིའི་ལྟ་བའི་མིག་དང་ཁོག་

བོད་མིའི་ལྟ་བའི་མིག་དང་ཁོག་པའི་སྙིང་།

བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཨ་མདོ་སྐུ་འབུམ་སྟག་འཚེར་དུ་སྐུ་འཁྲུངས། ༸གོང་ས་མཆོག་གི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞུ་ཞིང་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་ཟེར། ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་དང་ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་ཞུ་བ་དང། ཡབ་ཡུམ་གཉིས་ཀ་ཡ་རབས་བྱམས་བརྩེ་ཅན་གྱི་ཞིང་པ་ཞིག་ཡིན། ཁོང་ལ་གཅེན་གཅུང་དྲུག་ཡོད་པའི་ནང་ནས་ད་ལྟ་གཅུང་མོ་རྗེ་བཙུན་པདྨ་ལགས་སྐུ་འཚོ་བཞུགས་ཡོད། དགུང་ལོ་བཞི་ལ་ཕེབས་སྐབས་ཁོང་ཉིད་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་བཟུང་ཁོང་གིས་དབུ་ཅན་དབུ་མེད་ཀྱི་འབྲི་ཀློག་ནས་བཟུང་། བརྡ་སྤྲོད་སུམ་རྟགས་དང་ནང་པའི་གཞུང་ཆེན་ཁག་ལ་ཐུགས་གཉེར་ཧུར་ཐག་གནང་། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་ཏེ། བོད་མིའི་བདེ་སྐྱིད་ཆེད་སྐུ་ལས་མང་པོ་བསྐྱོན། ཕྱི་ལོ་ ༡༩༥༩ ལོར་བོད་ནང་གནས་སྟངས་ཛ་དྲག་ཏུ་གྱུར་བས་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། ཁོང་རྒྱ་གར་དུ་ཕེབས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཆེད་དགོན་སྡེ་དང་སློབ་གྲྭ་མང་པོ་གསར་འཛུགས་གནང་། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་ཕྲུག་ལྔ་བཅུ་ཡོད་པའི་བོད་པའི་སློབ་གྲྭ་ཐོག་མ་དེ་གསར་འཛུགས་མཛད་དེ། བཙན་བྱོལ་བོད་མིའི་སློབ་གསོའི་རྨང་གཞི་བཏིང་གནང་བ་རེད། ༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་སུ་བསྒྱུར་གནང་བ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་། ཁོང་གིས་འཛམ་གླིང་ཡོངས་ལ་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པའི་བཀའ་སློབ་རྒྱུན་ཆད་མེད་པར་བསྩལ་བར་བརྟེན། ༡༩༨༩ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། དེ་རྗེས་ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་སྙན་གྲགས་ཅན་གྱི་བྱ་དགའ་མང་པོ་འབུལ་བཞེས་གནང་ཡོད། མདོར་ན། ༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཞིག་ཡིན། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་རིག་གཞུང་བཟང་པོ་འདི་འདྲ་ཡོད་པ་རེད། ང་ཚོ་བོད་པའི་སློབ་མ་ཚོས་ཁོང་གི་བཀའ་སློབ་སེམས་ལ་བཅངས་ཏེ། བོད་ཡིག་ཡག་པོ་སྦྱོང་བ་དང་། གཞན་ལ་ཕན་ཐོགས་མཁན་གྱི་མི་ཡ་རབས་ཤིག་བྱེད་རྒྱུ་ནི་༸གོང་ས་མཆོག་དགྱེས་པའི་མཆོད་པ་ཡིན་པས། ང་ཚོས་ནམ་ཡང་བཀའ་གསུང་ཅི་སྒྲུབ་བྱེད་དགོས།

མཛེས་པའི་རྒྱ་སེ་མེ་ཏོག

མཛེས་པའི་རྒྱ་སེ་མེ་ཏོག

བསྟན་འཛིན་ཚོགས་ནོར། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། འཇིག་རྟེན་འདིའི་སྟེང་དུ་འཚོ་བ་རོལ་བཞིན་པའི་སྐྱེ་བོ་རེ་རེ་ལ། རང་རང་གི་སེམས་ཁོང་དུ་དགའ་ཞེན་ཆེ་བའི་དངོས་པོ་རེ་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། མི་ལ་ལ་ནི་རིན་པོ་ཆེའི་རྒྱན་ཆ་ལ་དགའ་ཞིང་། ལ་ལ་ནི་དེང་རབས་ཀྱི་འཕྲུལ་ཆས་ལ་དགའ། འོན་ཀྱང་། ང་རང་ལ་མཚོན་ན། འདམ་ལས་སྐྱེས་ཀྱང་དྲི་མས་མ་གོས་པའི་མཛེས་སྡུག་ཡིད་དུ་འོང་བའི་མེ་ཏོག་པདྨ་ནི་ཧ་ཅང་དགའ་པོ་བྱེད་སའི་དངོས་པོ་ཞིག་ཡིན། མེ་ཏོག་ནི་ས་གཞི་འདིའི་མཛེས་རྒྱན་ཡིན་པ་མ་ཟད། དེས་ང་ཚོའི་ཁོར་ཡུག་ལ་གསོན་ཤུགས་སྦྱིན་པ་དང་། མི་རྣམས་ཀྱི་སེམས་ལས་བྱུང་བའི་ངལ་དུབ་རྣམས་སངས་ཏེ་བདེ་སྐྱིད་དང་དགའ་སྤྲོའི་ཚོར་སྣང་གསར་པ་ཞིག་སྟེར་བར་བྱེད། ངས་ནམ་རྒྱུན་ཁོམ་ལོང་བྱུང་རིམ་བཞིན་རང་གི་ཁྱིམ་གྱི་ལྡུམ་རའི་ནང་དུ་མེ་ཏོག་གི་ས་བོན་འདྲ་མིན་འདེབས་འཛུགས་བྱེད་ཀྱི་ཡོད། དེ་དག་གི་ཁྲོད་ནས་མང་ཆེ་བ་ནི། མདོག་དང་དྲི་བསུང་གཉིས་ཀ་འཛོམས་པའི་མེ་ཏོག་གི་རྒྱལ་པོ་ལྟ་བུའི་རྒྱ་སེ་མེ་ཏོག་ཡིན། མེ་ཏོག་འདི་ལ་དམར་པོ་དང་། སེར་པོ། དཀར་པོ་ལ་སོགས་པའི་ཚོན་མདོག་སྣ་ཚོགས་ཡོད་པས། མི་རྣམས་ཀྱིས་དེ་ལ་མིག་གི་ལོངས་སྤྱོད་ཅེས་ཀྱང་བརྗོད་ཀྱི་ཡོད། མེ་ཏོག་བཞད་པའི་དུས་སུ་ལྡུམ་རའི་ནང་དུ་བསྐྱོད་ན། མཛེས་སྡུག་ལྡན་པའི་རྣམ་པ་དེས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རེ་ཞིག་བརྗེད་པར་བྱེད་ཅིང་། དགའ་སྤྲོའི་འཛུམ་མདངས་ཅིག་ཅར་དུ་འཕེལ་བར་བྱེད། ང་རང་ཆེན་པོ་ཆགས་དུས་ཀྱི་ཕུགས་བསམ་ནི། མེ་ཏོག་དེ་དག་དང་འབྲེལ་བའི་ལས་ཀ་ཞིག་གཉེར་རྒྱུ་དེ་ཡིན། ངས་རྒྱ་སེ་མེ་ཏོག་གི་ལྡུམ་ར་ཆེན་པོ་ཞིག་བསྐྲུན་ཏེ། མེ་ཏོག་ཚོང་གཉེར་བ་ཞིག་བྱ་རྒྱུའི་འདུན་པ་ཡོད། ལས་རིགས་འདི་ནི་དཔལ་འབྱོར་གྱི་ཡོང་འབབ་ལ་བརྟེན་ནས་རང་གི་འཚོ་བ་ལ་ཕན་ཐོགས་པ་ཙམ་མ་ཡིན་པར། དོན་དངོས་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་དམིགས་བསལ་བ་ཞིག་ཀྱང་རེད། ལྷག་པར་དུ་རྒྱ་སེ་མེ་ཏོག་ཁ་ཤས་ནི། ཕྱི་ལོགས་སེར་པོ་དང་ནང་ལོགས་དཀར་པོ་ཡིན་པས་ལྟ་བས་མི་ངོམས་པའི་མཛེས་སྡུག་ལྡན་ལ། དེའི་ཞིམ་མངར་གྱི་དྲི་བསུང་གིས་མི་རྣམས་ཀྱི་ཡིད་དབང་དབང་མེད་དུ་འཕྲོག་པར་བྱེད་པ་ཡིན། མདོར་ན། མེ་ཏོག་ནི་ས་གཞི་ཆེན་པོའི་མཛེས་པའི་རྒྱན་ཅིག་དང་། ང་ཚོའི་སེམས་ལ་དགའ་སྐྱིད་སྤྲོད་པའི་གྲོགས་པོ་བཟང་པོ་ཞིག་རེད། ངས་ཀྱང་མེ་ཏོག་པདྨ་ལྟར་ཕྱི་ནང་གཉིས་ཀ་དྲི་མས་མ་གོས་པའི་སེམས་བཟང་པོ་ཞིག་འཆང་བཞིན། མ་འོངས་པར་རྒྱ་སེ་མེ་ཏོག་གི་དྲི་བསུང་དང་མཛེས་པའི་དཔལ་ལ་བརྟེན་ནས། འཇིག་རྟེན་འདི་བས་ཀྱང་མཛེས་སྡུག་ལྡན་པ་ཞིག་བཟོ་རྒྱུའི་རེ་བ་བཅངས་ཡོད། མེ་ཏོག་ལ་བཅངས་པའི་བརྩེ་བ་འདིས། ངའི་མི་ཚེའི་ལམ་བུ་ཡང་མེ་ཏོག་གི་ལྡུམ་ར་ཞིག་དང་མཚུངས་པར་དགའ་བས་ཁེངས་ཤིང་སྙིང་རྗེ་མོ་ཞིག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།

བོད་ཀྱི་སྐད་ཡིག་ནི་མི་རིགས་

བོད་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན།

བསྟན་འཛིན་ཆོས་བཟང་། འཛིན་གྲྭ་གསུམ་པ། ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། ར་ང་ཚོ་བོད་པ་ནི་སེམས་པ་བཟང་ཞིང་བྱམས་དང་བརྩེ་བའི་གཤིས་རྒྱུད་ལྡན་པའི་མི་རིགས་ཤིག་ཡིན། ཕན་ཚུན་ཕྱོགས་རིས་དང་དབྱེ་བ་མེད་པར་མཐུན་ལམ་དང་ཞི་བདེ་ལ་དགའ་བའི་ལྷན་སྐྱེས་ཀྱི་བསམ་པ་བཟང་པོ་ཡོད། ལྷག་པར་དུ་ང་ཚོར་བཀའ་དྲིན་གཞལ་དུ་མེད་པའི་རྩ་བའི་བླ་མ་མང་པོ་བཞུགས་པའི་ཁྲོད་ནས། རྩ་ཆེ་ཤོས་དང་བླ་ན་མེད་པ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། ཁོང་ནི་ང་ཚོ་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་མུན་པའི་སྒྲོན་མེ་ལྟ་བུ་ཡིན། ང་ཚོའི་སྤོ་བོ་དང་རྨོ་མོ་ལགས་ཀྱིས་གཙོས་པའི་མི་རབས་གོང་མ་རྣམས་བོད་ལ་དུས་འགྱུར་གྱི་དཀའ་ངལ་འཕྲད་དེ། རྒྱ་ནག་གིས་བཙན་འཛུལ་བྱས་པ་ནས་བཟུང་རང་ཡུལ་བཞག་སྟེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་། དེ་ནས་བཟུང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་རང་གི་གཅེས་པའི་སྲོག་ཤོར་དགོས་བྱུང་ཡོད་ལ། དགྲ་བོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་ཐབས་བྱེད་པ་མ་ཟད། བོད་ཀྱི་གཏེར་ཁ་དང་ཤིང་ནགས། རང་བྱུང་ཁོར་ཡུག་བཅས་ལ་གཏོར་བཤིག་ཚབས་ཆེན་བཏང་སྟེ་སྣོད་བཅུད་གཉིས་ཀར་གནོད་འཚེ་བཟོས་ཡོད། ད་ལྟའི་ཆར་བོད་མི་རྣམས་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་དུ་མར་ཁ་འཐོར་དུ་གནས་ཡོད། ང་དང་ངའི་ནང་མི་ལྔ་པོ་རྣམས་ཀྱང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་གནས་སྡོད་བྱེད་ཀྱིན་ཡོད། ས་གནས་འདིར་གནམ་གཤིས་བསིལ་དྲོད་སྙོམས་པོ་ཡོད་ཀྱང་། ང་རང་ནི་གནམ་གཤིས་གྲང་མོའི་ནང་སྡོད་རྒྱུར་དགའ་བ་ཡོད། འདིར་སྐད་ཡིག་དང་། གྱོན་ཆས། རིག་གཞུང་འདྲ་མིན་འཛོམས་ཤིང་། ལྗོན་ཤིང་གིས་བསྐོར་བའི་ཁོར་ཡུག་བཟང་པོའི་ནང་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལྷན་ཅིག་ཏུ་གནས་བཞིན་ཡོད། སྤྱིར་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་དང་ལུང་པ་ཞིག་གི་རྩ་བ་ཡིན། བོད་ཀྱི་སྐད་ཡིག་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་ཞིང་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་ཞིག་ཡིན་པས། འདི་ཉིད་སྲུང་སྐྱོབ་བྱེད་པར་ཕ་མ་དང་དགེ་རྒན་ཙམ་མ་ཟད། ཁྱིམ་མཚེས་དང་ཉེ་འཁོར་གྱི་མི་ཚང་མར་འགན་ཡོད། སྔོན་བྱོན་མཁས་པ་ཚོས་རང་གི་སྐད་ཡིག་གི་ཆེད་དུ་སྐུ་སྲོག་བཏང་བའི་མཛད་རྗེས་བཞིན། ང་ཚོས་ཀྱང་རང་གི་སྐད་ཡིག་ལ་དུང་ཞེན་ཆེན་པོས་སློབ་སྦྱོང་དང་ཉམས་ལེན་ཡག་པོ་བྱེད་དགོས། ང་ཚོ་བཙན་བྱོལ་བོད་མི་ཚོར་མཚོན་ན། ཡུལ་གྲུ་འདྲ་མིན་གྱི་སྐད་ཡིག་དང་རིག་གཞུང་འདྲེས་མའི་ཁྲོད་དུ་གནས་ཡོད་ཀྱང་། རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ཆོས་རིག་གོམས་གཤིས་རྣམས་མ་ཉམས་པར་རྒྱུན་འཛིན་བྱེད་རྒྱུ་ནི་དོན་གྱི་སྙིང་པོ་ཡིན། དེས་ན་ང་ཚོ་ཚང་མས་རང་གི་སྐད་ཡིག་ལ་བདག་གཅེས་དང་། ཉམས་ལེན་ཡག་པོ་བྱས་ཏེ་བོད་ཀྱི་ངོ་བོ་གསོན་པོར་གནས་པ་བྱ་རྒྱུ་ནི་ང་ཚོ་རེ་རེ་བཞིན་གྱི་ཕྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན།

ངའི་བརྩེ་བའི་ཕ་ཡུལ།

ངའི་བརྩེ་བའི་ཕ་ཡུལ།

བསྟན་འཛིན་བསམ་གཏན། འཛིན་གྲྭ་ལྔ་པ།གྷོ་ཊན་གའུ་སཾ་བྷོ་ཊ་ཉིན་སློབ། ངའི་ཕ་ཡུལ་ནི་བོད་ཡིན། ངས་ད་བར་དུ་བོད་མཐོང་མྱོང་མེད་ན་ཡང་། ངའི་སེམས་ནང་དུ་བོད་ལ་བརྩེ་བ་དང་དགའ་བ་ཆེན་པོ་ཡོད། བོད་ནི་ངའི་ཕ་ཡུལ་ངོ་མ་ཡིན་པ་མ་ཟད་བོད་ཀྱི་མི་རིགས་དང་སྐད་ཡིག ལུགས་སྲོལ། ཆོས་ཀྱི་གཞི་རྩ་རྒྱ་ཆེན་པོ་ཡོད་པས། ངའི་སེམས་ནང་ནས་ང་བོད་པ་ཡིན་པ་ནམ་ཡང་བརྗེད་ས་མ་རེད། ངའི་རྨོ་མོས་ནམ་རྒྱུན་དུ་ང་ལ་བོད་ཀྱི་ལོ་རྒྱུས་དང་སྒྲུང་མང་པོ་བཤད་པ་དང་ངས་ཁོང་ཚོའི་སྐབས་ཀྱི་བོད་ཀྱི་གནས་སྟངས་དེ་ད་ལྟ་དང་ཧ་ཅང་ཁག་ཁག་ཡིན་པར་ཚོར་བྱུང་། ང་ཚོའི་བོད་ཀྱི་ས་ཆ་ནི་མཐོ་སྒང་ཡིན་ཞིང་རི་རྒྱུད་ཆེན་པོ་དང་གཙང་པོ་ཆེ་ཁག་མང་པོ་ཡོད་པ་དང་འཛམ་གླིང་ནང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཆུའི་འབྱུང་ཁུངས་ནི་ང་ཚོའི་བོད་ཀྱི་གངས་རི་ལ་བརྟེན་ནས་ཡོད། གངས་རི་དང་གཙང་ཆུ་དེ་ཚོ་ནི་ང་ཚོའི་ཕ་ཡུལ་གྱི་མེད་དུ་མི་རུང་བ་ཞིག་རེད། ངས་དེ་ཚོ་དངོས་སུ་མཐོང་མ་མྱོང་ན་ཡང་སློབ་དེབ་དང་སྒྲུང་དེབ། བརྙན་ཐུང་སོགས་བརྒྱུད་ནས་མཐོས་དུས་ཧ་ལས་པ་རེད་འདུག རི་བརྒྱུད་རྣམས་མཐོང་དུས་ངའི་སེམས་ལ་དགའ་སྤྲོ་དང་རྨི་ལམ་ལྟ་བུའི་མྱོང་ཚོར་སྐྱེས། བོད་ཀྱི་མི་རྣམས་གནའ་སྔ་མོ་ནས་ཆོས་སེམས་ཆེ་ལ། སྔོན་དུས་ནས་དུས་ད་ལྟ་བར་དུ་བོད་པ་ཚོས་ཆོས་ལ་དད་པ་ཆེ་བ་དང་སེམས་པ་བཟང་པོ་དང་སྙིང་རྗེ་ཆེན་པོ་ཡོད། ང་ཡང་མིའི་ནང་ནས་བོད་པ་ཞིག་ཡིན་དུས་སློབ་སྦྱོང་བྱས་ནས་མི་བཟང་པོ་ཞིག་བྱེད་དགོས་བསམ་གྱི་འདུག བོད་ཀྱི་སྐད་ཡིག་ནི་ང་ཚོའི་ངོ་བོ་ཡིན་པ་དགེ་ལགས་ཀྱིས་གསུངས་བྱུང་། ངས་བོད་ཡིག་སྦྱང་དགོས་པ་ནི་ངའི་ལས་འགན་ཡིན་པ་ཚོར་བྱུང་། སྐད་ཡིག་མེད་ན་མི་རིགས་མེད་པ་དང་གཅིག་མཚུངས་ཡིན། ངའི་ནང་གི་མི་རྒན་པ་ཚོས་བོད་ཀྱི་སྒྲུང་དང་ལུགས་སྲོལ་སྐོར་བཤད་དུས་ངའི་སེམས་ལ་དགའ་བ་སྐྱེས་ཀྱི་འདུག ངས་དེ་ཚོ་ཉན་དུས་བོད་ལ་རང་དབང་མགྱོགས་པོ་ཐོབ་ན་སྙམ་བྱུང་། ང་ད་བར་བོད་ལ་མ་ཕྱིན་ན་ཡང་། མ་འོངས་པར་ང་བོད་ལ་འགྲོ་ཐུབ་པའི་རེ་བ་ཆེན་པོ་ཡོད། བོད་ཀྱི་ས་ཆ་དང་གངས་རི། དགོན་པ་སོགས་མཐོང་འདོད་འདུག ངས་སློབ་སྦྱོང་ལ་བརྩོན་པ་བྱས་ནས་མ་འོངས་པར་བོད་ལ་ཕན་ཐོགས་བྱེད་ཐུབ་མཁན་ཞིག་བྱེད་དགོས་སྙམ་གྱི་ཡོད། ང་རང་ཚོའི་དབུ་ཁྲིད་གང་མགྱོགས་བོད་ལ་ཕེབས་པའི་སྨོན་ལམ་ཡོད། མཐར་དོན་དེ་ལ་བོད་ནི་ངའི་སེམས་ཀྱི་ནང་དུ་རྟག་ཏུ་ཡོད། ངས་མཐོང་མྱོང་མེད་ན་ཡང་སེམས་ནང་དྲན་པ་བྱེད་ཀྱི་ཡོད།