བསྟན་འཛིན་བདེ་ལྡན། སཾ་བྷོ་ཊ་གུ་རུ་པུ་ར། འཛིན་རིམ་དགུ་པ་གདུགས། རྒྱ་ནག་འུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་རིམས་བཅུ་དགུ་པ་ཞེས་པ་དེས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་བྱུང་ནས་འཛམ་གླིང་གང་སར་དཀའ་ངལ་ཧ་ཅང་ཆེན་པོ་སྤྲད་པ་ནི་ནམ་ཡང་སེམས་ནས་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར། དཔེར་ན་དུས་ཚོད་དེའི་སྐབས་སུ་ཕྲུ་གུ་མང་པོ་ཞིག་དྭ་ཕྲུག་ཏུ་གྱུར་བ། རྒན་ཁོག་མང་པོ་ཞིག་གཅིག་པུར་ལྷག་པ། བཟའ་ཚང་ཡིན་ནའང་ཆ་མེད་དུ་གྱུར་ཏེ་ཕ་མ་མེད་པའི་ཕྲུ་གུ་སྟོང་ཕྲག་ལས་ལྷག་གྱུར་ཡོད། འཛམ་གླིང་ནང་དུ་ཡོད་པའི་མི་མང་པོ་དངུལ་མེད་པས་བཟའ་རྒྱུ་མ་རག་པར་གྲོད་པ་ལྟོགས་ནས་དཀའ་ངལ་མང་པོ་འཕྲད་དང་འཕྲད་བཞིན་པ་རེད། ད་དུང་སློབ་གྲྭའི་སློབ་ཕྲུག་མང་པོ་སློབ་གྲྭར་བསྐྱོད་མི་ཐུབ་པས་ནང་དུ་བསྡད་ནས་སློབ་སྦྱོང་ལ་དོ་སྣང་བྱས་ཏེ། རྒན་ལགས་ཀྱིས་གང་བསླབས་པ་རྣམས་གསལ་པོ་བྱས་ནས་སྦྱོང་བཞིན་ཡོད། ཡིན་ནའང་སློབ་ཕྲུག་སྤྱོད་པ་ངན་པ་ཚོས་དྲྭ་ཐོག་ནས་ཁྲིད་པའི་སློབ་ཚན་རྣམས་སྣང་མེད་དུ་བཏང་སྟེ། ཉིན་མ་གང་རྩེད་མོ་རྩེས་ནས་སྡོད་ཀྱི་ཡོད་པ་མ་ཟད། རྒན་ལགས་ཀྱིས་བཀུར་བའི་སྦྱོང་ཚན་ལ་དོ་སྣང་མ་བྱས་པར་སྐྱིད་པོ་བྱས་ནས་སྡོད་ཀྱི་ཡོད། དགེ་རྒན་ཚོས་ག་ཚོད་བསླབས་པ་ཡིན་ནའང་། ཁོང་ཚོ་སྟོང་པ་རེད་འདུག གལ་སྲིད་ནད་ཡམས་འདི་མུ་མཐུད་ནས་ལྷག་པ་ཡིན་ན་ང་ཚོའི་སློབ་སྦྱོང་ལ་རྗེས་ལུས་མང་པོ་ཐེབས་ས་རེད། ནམ་རྒྱུན་ང་ཚོའི་གཞིས་ཆགས་ཀྱི་མི་ཚོ་དགུན་ཁའི་དུས་སུ་ཚོང་རྒྱག་ཏུ་འགྲོ་ཡི་རེད། ད་ལོ་རྒྱ་ནག་འུ་ཧན་གྱིས་ནད་ཡམས་འདིས་དགུན་ཚོང་དུ་འགྲོ་མི་ཐུབ་པས་འཚོ་བའི་གནས་སྟངས་ལ་དཀའ་ངལ་མང་པོ་བྱུང་སོང་། ནད་ཡམས་འདི་མི་མང་པོ་ལ་བྱུང་ཡོད་པ་རེད་རང་ཉིད་ཀྱི་ས་གནས་ཧུན་སུར་རབ་རྒྱས་གླིང་ལ་ཆ་བཞག་ནའང་མི་མང་པོ་ཞིག་ལ་ནད་ཡམས་དེ་བྱུང་བ་མ་ཟད། ཁ་ཤས་ཀྱི་ནང་མི་ཡང་ནད་ཡམས་འདིས་གྲོངས་པ་རེད། འདི་ཚོ་མང་ཆེ་བ་ལོ་ན་རྒན་ཁོག་རེད། དེ་དུས་ང་ཚོ་སེམས་པ་ཧ་ཅང་སྐྱོ་པོ་བྱུང་སོང་ལ་མི་གྲོངས་མཁན་གྱི་ནང་མི་དེ་ཚོ་ལ་ཡང་དཀའ་ངལ་ཆེན་པོ་བྱུང་ཡོད་རེད། ད་ལྟའི་དུས་སུ་ང་ཚོའི་སྐུ་ངོས་ལགས་ཀྱིས་ནད་ཡམས་འདི་མ་ཡོང་བའི་ཆེད་དུ་མུ་མཐུད་ནས་བརྟག་དཔྱད་བྱེད་པ་དང་། ད་ལྟ་བར་དུ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་རྣམས་ལ་ནད་ཡམས་དེས་ཛ་དྲག་པོ་བྱུང་མེད་པས། ས་གནས་འཕྲོད་བསྟེན་སྨན་ཁང་དང་བོད་གཞུང་སྨན་རྩིས་ཁང་གཉིས་ཀྱི་སྨན་པ་དང་སྨན་ཞབས་པ་རྣམས་པས་ནད་ཡམས་སོགས་མི་ཡོང་བའི་ཆེད་དུ་གཞིས་ཆགས་ཀྱི་མི་རྣམས་ལ་ལྟ་སྐྱོང་ཧ་ལས་པའི་ཡག་པོ་གནང་གི་འདུག སོང་ཙང་ས་གནས་ལ་གནས་ཚུལ་ཛ་དྲག་པོ་དེ་འདྲ་བྱུང་མེད། ད་ལྟའི་དུས་ཚོད་འདི་ནི་འཛམ་གླིང་ནང་དུ་ནད་ཡམས་གྲངས་ཁ་མང་ཤོས་ཤིག་ཏུ་འགྱུར་ཡོད། ནད་འབུ་དེ་མིའི་གཟུགས་པོའི་ནང་དུ་འཛུལ་བ་ཡིན་ན་ཉིན་བཅུ་བཞིའི་ནང་ཚུན་དུ་ཧ་གོ་ཡི་རེད། གལ་སྲིད་ནད་ཡམས་དེ་སོ་སོ་རང་ཉིད་ལ་འགོས་པ་ཡིན་ན་ནད་རྟགས་མི་འདྲ་མང་པོ་ཡོང་གི་རེད། མགོ་ན་བ་དང་། ཧབ་སྤྲིད་བརྒྱབ་པ་དང་གྲོད་ཁོག་བཤལ་བ་སོགས་མང་པོ་ཡོང་གི་རེད། སོང་ཙང་རང་ཉིད་ས་གནས་གང་དུ་འགྲོ་ན་ཡང་ངེས་པར་དུ་ཁ་རས་མ་གྱོན་པ་དང་ལག་པ་གཙང་མ་མ་བཀྲུ་བ། ཕན་ཚུན་དབར་བར་ཐག་བཞག་དགོས་པ་སོགས་གལ་ཆེ། ང་ཚོའི་གཞིས་ཆགས་ནང་གི་མི་ཚོས་འགན་འཁུར་ཡག་པོ་ཁྱེར་ནས་ཕྱི་ལོག་ལ་མང་པོ་མ་དོན་པ་དང་། བར་ཐག་བཞག་རྒྱུ་དང་ཕྱི་ལོག་མི་དང་འབྲེལ་བ་བྱུང་ཚེ་ལག་པ་གཙང་མ་བཟོ་རྒྱུ་སོགས་ཤིན་ཏུ་གལ་ཆེན་དུ་བརྩིས་པས་ཏོག་དབྱིབས་ནད་ཡམས་གྱི་སྐབས་སུ་ཕན་ཐོགས་ཆེན་པོ་བྱུང་སོང་། ངའི་རེ་བར་ང་ཚོ་ཚང་མ་ཏོག་དབྱིབས་ནད་ཡམས་བཅུ་དགུ་འདི་ནས་མགྱོགས་པོ་ཐར་ན་བསམ་གྱི་འདུག ད་དུང་ཡིན་ནའང་ནད་འདི་དང་པོ་དང་། གཉིས་པ། གསུམ་པ་སོགས་རིགས་མི་འདྲ་བ་མང་པོ་ཕྱེ་ཡི་འདུག དངོས་གནས་འུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་འདི་མི་ལ་དཀའ་ངལ་སྤྲོད་མཁན་ཅིག་རེད་འདུག ད་ལྟ་ཁོང་ཚོ་ངོ་ཚ་ནས་ཏོག་དབྱིབས་ནད་ཡམས་འདི་ཁོང་ཚོས་བཟོས་མེད་ལབ་ཀྱི་ཡོད་རེད། ཡིན་ནའང་འཛམ་གླིང་གི་སྨན་པ་མང་པོས་སྨན་བཟོས་ནས་ད་ལྟ་ཕན་ཐོགས་ཆེནཔོ་བྱུང་ཡོད་རེད། ད་ལྟ་ནད་པ་མང་པོ་ན་ཚ་འདི་ནས་མཐར་བཞིན་ཡོད། །
ཁོར་ཡུག་སྲུང་སྐྱོབ།
བསྟན་འཛིན་ཆོས་དབྱིངས། སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས། དེང་སང་འཛམ་གླིང་ནང་དུ་ཕྱིའི་དངོས་པོ་དང་འཁྲུལ་ཆས་སོགས་ཡར་རྒྱས་ཤུགས་ཆེན་ཕྱིན་པའི་རྒྱུ་མཚན་གྱིས་འཛམ་གླིང་གི་ཁོར་ཡུག་ལ་ཡང་གནོད་སྐྱོན་ཤུགས་ཆེན་པོ་འབྱུང་གི་ཡོད་པ་རེད། ཁོར་ཡུག་ནི་ང་ཚོ་མི་དང་། རྩི་ཤིང། སེམས་ཅན་སོགས་ཀྱི་འཚོ་བའི་གཞི་རྩ་ཆགས་ཀྱི་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་མི་རྣམས་ཀྱིས་ཤིན་ཏུ་གལ་ཆེན་ཞི་ཏུ་བརྩི་འཇོག་བྱས་ཏེ་འགན་འཁུར་གནང་དགོས། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་སྐྱེ་དངོས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་དག་ནི། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་པ་དང། སྐད་ཆ་བཤད་ནས་རང་གི་མྱོང་ཚོར་གཞན་ལ་ཤོབ་ཐུབ་པ། ཕན་ཚུན་དབར་འབྲེལ་བ་བྱེད་ཐུབ་པ་ལ་སོགས་པ་ཡིན། ཐུན་མོང་མིན་པའི་ཁྱད་ཆོས་དེ་དག་ང་ཚོས་བེད་སྤྱོད་ལོག་པར་མི་གཏོང་བར། གཞན་སེམས་ཅན་རྣམས་ལ་ཕན་པའི་ཆེད་བེད་སྤྱོད་བྱེད་དགོས། གལ་ཏེ་ཁོར་ཡུག་ལ་ང་ཚོ་མིས་དོ་སྣང་དང་ལྟ་རྟོགས་མ་བྱས་ན་སེམས་ཅན་དུད་འགྲོ་རྣམས་ཀྱིས་དེ་ལྟར་བྱ་མི་ཐུབ། འོ་ན་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ༡༽ མི་གཞན་གྱི་ཉེ་འཁོར་ད་ུགཙང་མ་བཟོ་མི་ཐུབ་ནའང་སོ་སོའི་ཉེ་འཁོར་དུ་ཡོད་པའི་གད་རྙིགས་རྣམས་ངེས་པར་དུ་བསྒྲུགས་ནས་གཙང་མ་ཉར་དགོས། ༢༽ དུས་རྒྱུན་དུ་གད་རྙིགས་དང་འགྱིག་ཤོག་སོགས་གང་བྱུང་དུ་མ་གཡུགས་གོང་བསམ་བློའི་ནང་དུ། གལ་ཏེ་ངས་འགྱིག་ཤོག་འདི་ས་ལ་གཡུགས་ན་སེམས་ཅན་གཞན་གྱིས་ཟ་བ་དང། གཞན་གྱི་མིག་ལ་ཡང་མི་མཛེས་པ་སོགས་ཀྱི་མཇུག་འབྲས་ཡོང་ངེས་ཡིན་པ་ཤེས་པའི་ཐོག་སྤྱི་ཡོངས་ནས་དགོངས་པ་རྒྱ་ཆེ་བཞེས་རྒྱུ་གལ་ཆེ། ༣༽ མི་དང་སེམས་ཅན། རྩི་ཤིང་བཅས་ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་གནས་ཡོད་ཙང། ཁོར་ཡུག་གཙང་མ་ཉར་རྒྱུ་དེ་སོ་སོའི་ལས་འགན་ཞིག་ཡིན་བསམ་པ་དང། འཛམ་གླིང་གི་ཁོར་ཡུག་དེ་སོ་སོའི་ཁང་ཁྱིམ་ཞིག་ཡིན་པ་ལྟར་བདག་པོ་རྒྱག་དགོས། ༤༽ སོ་སོའི་ངོས་ནས་ཤིང་སྡོང་དང། སྐྱེ་དངོས་རིགས་རང་གི་ཉེ་འཁོར་དུ་གང་མང་འདེབས་འཛུགས་བྱེད་པ་དང། རྒྱང་ཐུང་རིགས་འགྲུལ་བཞུད་བྱེད་སྐབས་སྦག་སྦག་དང་སྣུམ་འཁོར་རིགས་བེད་སྤྱོད་མ་བཏང་བར་གོམ་པ་རྒྱག་པའམ་ཡང་ན་རྐང་འཁོར་སྟེང་ཕེབས་ཐབས་གནང་ཚེ་ཁོར་ཡུག་ལ་ཕན་པ་ཙམ་དུ་མ་ཟད། རང་གི་འཕྲོད་བསྟེན་ལ་ཡང་ཕན་ངེས་རེད། ༥༽ དེ་བཞིན་གློག་དང། ཆུ། རང་བྱུང་ཐོན་ཁུངས་སོགས་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཤུགས་ཆེ་ཡོད་སྟབས། དེ་རྣམས་ང་ཚོས་བེད་སྤྱོད་ཚད་ལྡན་དུ་གཏོང་དགོས། ༦༽ མཐར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཧ་ལས་པའི་མང་པོ་ཡོད་ཀྱང་གལ་གནད་ཆེ་ཤོས་ནི། སོ་སོ་མི་གཅིག་གིས་འཛམ་གླིང་ཆེན་པོ་འདིའི་ཁོར་ཡུག་སྲུང་སྐྱོབ་དོན་དུ་དཀའ་ལས་ཇི་ཙམ་བརྒྱབས་ནའང་། འགྱུར་བ་དང་ཕན་ཐོགས་གང་ཡང་ཡོང་མི་སྲིད་སྙམ་པའི་རེ་བ་ཟད་པའམ་བསམ་བློའི་འཁྱེར་སོ་དེ་རྩད་ནས་གཅོད་དེ། ནམ་ཡང་རེ་བཟང་ཕུགས་བཅོལ་གྱི་བསམ་པར་རྒྱུན་བསྲིངས་ནས་གནང་ཐུབ་པ་བྱེད་དགོས་པ་དེ་ཡིན། དཔེར་ན་སྤྱི་ཚོགས་ཆུང་ཆུང་ཞིག་ལ་ཆ་མཚོན་ན། གལ་ཏེ་སྤྱི་ཚོགས་དེ་ཡག་པོ་དང་། ཞི་བདེ། མཐུན་པོ། ཐང་པོ་ཞིག་ཡོང་བ་ལ་མི་རེ་རེའི་བཟང་སྤྱོད་དང་གཤིས་ཀ། ཤེས་ཡོན་བཅས་ལ་རག་ལུས་ཀྱི་ཡོད་པ་ལྟར། མི་རེ་རེའི་ངོས་ནས་ཁོར་ཡུག་གཙང་མ་ཉར་ཐབས་ལ་འབད་རྩོལ་བྱས་ན་ཐེ་ཚོམ་མེད་པར་འཛམ་གླིང་སྤྱིའི་ཁོར་ཡུག་ལ་འགྱུར་བ་བཟང་པོ་ཞིག་འབྱུང་ངེས། གལ་ཏེ་ང་ཚོས་ཁོར་ཡུག་ལ་དོ་སྣང་མ་སྤྲད་ནས་སྣང་མེད་ད་ུབཏང་ན་མ་འོངས་པའི་མི་རབས་རྣམས་ལ་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་ངེས་པ་རེད། མ་འོངས་པའི་མི་རབས་ཙམ་དུ་མ་ཟད་དུས་ད་ལྟ་ཡང་རྒྱུན་ལྡན་དང་མི་འདྲ་བའི་གནམ་གཤིས་འགྱུར་ལྡོག་དང། གོ་ལའི་ཚ་དྲོད་འཕེལ་བ། འཁྱགས་རོམ་རྣམས་བཞུ་བ། ས་རུད། ཁོར་ཡུག་སྦགས་བཙོག་སོགས་ཀྱིས་སེམས་ཅན་དང་རྩི་ཤིང་གི་རིགས་འགའ་རྩ་སྟོང་དུ་ཕྱིན་པའི་མཚམས་སུ་སླེབས་ཡོད་པ་ནི་སྨོས་ཅི་དགོས། […]
གྲུང་ཤ་དོད་པོས་སློབ་གཉེར་བྱ
བསྟན་འཛིན་འོད་ཟེར། སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས། ཤེས་གསལ་ལྟར་ཤེས་ཡོན་སློབ་སྦྱོང་ཟེར་བ་གལ་ཆེན་པོ་རེད། ཡིན་ནའང་ང་དང་ང་འདྲ་བའི་སློབ་མ་རྣམས་ཀྱིས་ཤེས་བྱ་ཡོན་ཏན་ཏེ། རྒྱུ་མཚན་གང་ལ་བརྟེན་ནས་སྦྱོང་དགོས་པ་དེ་ཤེས་ན། རང་རེ་ཚོས་སློབ་སྦྱོང་ལ་དོ་སྣང་མང་བ་བྱེད་ཐུབ་ཀྱི་རེད་སྙམ་གྱི་འདུག སློབ་ཕྲུག་ཞིག་ཡིན་ན་སློབ་སྦྱོང་དེ་ཐོག་མར་སོ་སོ་རང་ཉིད་ཀྱི་དོན་དུ་སྦྱོང་དགོས། གང་ཡིན་ཟེར་ན་ང་ཚོས་མི་ཚེ་གང་ཚང་སོ་སོའི་ཕ་མ་ལ་བརྟེན་མི་ཐུབ་པས་རང་སོ་སོའི་རྐང་པའི་སྒང་ལ་ལངས་ནས་མི་བཟང་པོ་ཞིག་ཆགས་ཐུབ་པ་བྱེད་དགོས། གཉིས་པ་རང་གི་བརྩེ་བའི་ཕ་མ་གཉིས་ཀྱི་ཆེད་དུ་སྦྱོང་དགོས། ཁོང་ཚོས་ང་ཚོ་སློབ་གྲྭ་རུ་ཤེས་ཡོན་སྦྱོང་ཆེད་བཏང་བ་རེད། དེར་བརྟེན་ཤེས་ཡོན་ལ་ཧུར་ཐག་བྱེད་རྒྱུ་དེ་ལས་འགན་དང་ཁོང་ཚོའི་བཀའ་དྲིན་འཇལ་བའི་ཐབས་ལམ་ཞིག་ཀྱང་ཡིན། ༧སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལྟར་ཤེས་ཡོན་ཡག་པོ་སྦྱངས་ནས་སོ་སོའི་སྤྱི་ཚོགས་ལ་ཞབས་སྤྱི་ཞུ་ཐུབ་པ་བྱེད་དགོས། བརྩོན་འགྲུས་གཅིག་པོས་སློབ་སྦྱོང་བྱས་ན་གང་ཤེས་པ་དེ་བློ་ཡུལ་དུ་རྒྱུན་རིང་པོ་མི་གནས་པ་དང། ད་དུང་དེས་དུས་ཚོད་མང་པོ་ཞིག་ཆུས་ཟོས་སུ་འགྲོ་བ། མ་ཟད་ལ་ལས་མཚན་མོར་གཉིད་མ་ཉལ་བ་དང། ཡི་གེ་སྦྱོང་དུས་བར་སེང་མ་ལེན་པ་སོགས་བྱས་ནས་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་སྦྱོང་ངམ་ཡི་གེ་གྲུང་པོ་བྱས་ནས་སྦྱོང་རྒྱུ་དེ་གལ་ཆེན་པོ་ཡིན། དུས་ཚོད་མང་ཉུང་གི་གྲངས་འབོར་ལས་ག་ཚོད་ཤེས་ཡོད་མེད་ཀྱི་སྤུས་ཀ་དེ་གལ་ཆེ་བ་རེད། གྲུང་པོའི་ཐོག་ནས་སྦྱངས་ན་དུས་ཚོད་ཐུང་ཐུང་ཞིག་ལ་མང་པོ་ཤེས་ཐུབ་ལ། གོ་དོན་རྣམས་ཐབས་ལམ་འདྲ་མིན་ཁག་བེད་སྤྱོད་བཏང་ནས་སྦྱངས་ན་རང་གིས་དོན་ཡག་པོ་ཤེས་པ་མ་ཟད། ཡུན་རིང་བློ་རུ་ངེས་པའི་ཕན་ཡོན་ཡང་ཡོད། སློབ་སྦྱོང་གྲུང་པོའི་ཐོག་སྦྱང་གནང་རྒྱུའི་ཐབས་ལམ་ནི་ཐོག་མ་དེ་འཛིན་གྲྭའི་ནང་མདུན་དུ་བསྡད་ན་ལེགས་པ་ཡོད། མདུན་ལ་བསྡད་མ་ཐུབ་ཚེ་འཛིན་གྲྭའི་ནང་དགེན་ལགས་ཀྱིས་སློབ་ཚན་ཁྲིད་པའི་སྐབས་སུ་ཡག་པོ་བྱས་ནས་ཉན་པ་དང། དོ་སྣང་ཡག་པོ་གནང་ནས་ནང་དུ་དགེན་ལགས་ཀྱིས་སློབ་ཁྲིད་གནང་བ་རྣམས་བསྐྱར་སྦྱོང་བྱེད་ཐུབ་ན་རང་གི་སློབ་སྦྱོང་གོང་འཕེལ་དུ་ཕྱིན་པ་ཙམ་དུ་མ་ཟད། ཡིག་རྒྱུགས་སྐབས་སུའང་ཁེ་ཕན་ཆེན་པོ་ཡོད་རེད། ཡང་གལ་ཆེའི་དོན་གནད་རྣམས་ཤོག་བུ་ཆུང་ཆུང་སྟེང་བྲིས་ན་དྲན་པར་སླེབས་མྱུར་བ་དང། རང་གིས་སྦྱངས་ཟིན་པའི་སློབ་ཚན་གྱི་ནང་དོན་རྣམས་བང་རིམ་བསྒྲིགས་ནས་ས་ཁྲ་འདྲ་བ་ཞིག་བྲིས་ཚེ། གང་སྦྱངས་ཟིན་མིན་གསལ་པོར་ཤེས་པ་དང་སྦྲགས་བསྐྱར་སྦྱོང་བྱེད་སླ་བ་ཡང་ཡོད། དེ་བཞིན་གང་སྦྱོང་རྒྱུ་ལྷག་པ་རྣམས་དང་སློབ་སྦྱོང་གི་འཆར་གཞི་རྣམས་དེབ་ཆུང་ནང་དུ་བཀོད་ཚེ་ནང་ལས་ཡིན་ནའང་དུས་ཐོག་ཏུ་བྱེད་ཐུབ་པ་དང། སློབ་ཚན་ཆད་རྣམས་ཆད་ལྷག་མེད་པར་དུས་ཐོག་ཏུ་སྦྱོང་ཐུབ་པའི་ཁྱད་ཆོས་ཡོད། མ་ཟད་དགེན་ལགས་ཀྱིས་དྲི་བ་ཁག་གི་ལན་གང་བྲིས་གནང་བ་དེ་རང་གིས་མགོ་མ་ཚོད་པ་དང་། རིང་དྲགས་པ་སོགས་ཡོད་ན། རང་གི་ཚིག་ཐོག་ཏུ་བསྡོམས་བརྒྱབ་ནས་ལན་ཐུང་ངུ་ཞིག་སྦྱོང་སླ་བའི་ཆེད་དགེན་ལགས་ལ་བཀའ་འདྲི་ཞུས་ནས་བྲིས་ན་ཕན་རླབས་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་རང་གི་འཛིན་གྲོགས་དང་མཉམ་དུ་སློབ་ཚན་དང་འབྲེལ་བའི་གྲོས་བསྡུར་བྱས་ན་ཕན་ཐོགས་ཆེ། རང་གིས་གང་ཤེས་པ་དེ་རོགས་པ་གཞན་ལ་བསླབས་པ་ཡིན་ན། ཁོ་རང་ཚོར་ཕན་ཐོགས་པ་ཙམ་མ་ཟད། རང་ལ་ཡང་བསྐྱར་སྦྱོང་ཡོང་གི་རེད། སློབ་སྦྱོང་བྱེད་སྐབས་བར་སེང་ལེན་རྒྱུ་གནད་འགག་ཅིག་རེད། གལ་སྲིད་ཆུ་ཚོད་གཅིག་རིང་སྦྱངས་ན་སྐར་མ་བཅུ་རིང་བར་སེང་ལེན་པ་སོགས་བྱེད་དགོས། ད་དུང་རང་གིས་སྦྱངས་ཟིན་པ་རྣམས་རང་སོ་སོས་སོ་སོར་ཡིག་རྒྱུགས་གཏོང་བ་དང། བོད་ཡིག་འདྲ་ཡིན་ཚེ་དེབ་ཐོག་ཏུ་ཕབས་ནས་སྦྱངས་ན་རྗེས་སུ་ཡིག་རྒྱུགས་སྐབས་དག་ཆར་ནོར་འཁྲུལ་ཉུང་བ་སོགས་ཀྱི་ཕན་ཐོགས་ཡོད། སློབ་སྦྱོང་ལས་ལྷག་པ་འཕྲོད་བསྟེན་ཡིན་སྟབས་ཞལ་ལག་དང་ཆབ་སོགས་དུས་ཐོག་ཏུ་མཆོད་དགོས། ཡང་ལུས་རྩལ་རྩེད་ན་སློབ་སྦྱོང་ནུས་པ་ཆེ་བ་བྱེད་ཐུབ་པ་ཡང་ཡོད། འཕྲོད་བསྟེན་ཡག་པོ་ཡོད་ན་རང་བཞིན་གྱིས་སློབ་སྦྱོང་བྱེད་པར་དོ་སྣང་དང་ནུས་པ་ཆེ་བ་ཐོན་གྱི་རེད། ནང་ལས་བྱེད་སྐབས་མང་ཉུང་ལ་མ་བལྟོས་པར་དོ་སྣང་སྤྲད་ནས་བྱས་ན་ནང་ལས་མགྱོགས་པ་ཚར་བ་དང། ནང་ལས་དུས་ཐོག་ཏུ་ཚར་ན་བསྐྱར་སྦྱོང་དང་དཔེ་དེབ་གཞན་བཀླག་རྒྱུའི་དུས་ཚོད་མང་པོ་འཐོབ་པ་ནི་ཆོས་ཉིད་རེད། དེང་སང་སློབ་ཕྲུག་ཚོར་ལག་ཐོགས་ཁ་པར་མེད་པ་ཕལ་ཆེར་མེད་པས་ཁ་པར་བལྟས་ནས་དུས་ཚོད་སྐྱེལ་དྲགས་ན། མིག་དང་འཕྲོད་བསྟེན་གཉིས་ཀར་གནོད་སྐྱོན་ཤུགས་ཆེན་པོ་བཟོ་ཡི་ཡོད་པ་དང། དམིགས་བསལ་གྱིས་སློབ་སྦྱོང་བྱེད་པར་ཁ་པར་གྱིས་བར་ཆད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་སྦྱོང་བྱེད་སྐབས་ཁ་པར་རྒྱང་ཐག་རིང་ཙམ་བཞག་པ་དང་། ཡང་ན་མཁའ་འགྲུལ་རྣམ་པ་(Airplane Mode)ལ་བཞག་གནང་དགོས། ཡིག་རྒྱུགས་དུས་སྐབས་སུ་ཁ་པར་ལ་ལག་པ་མ་འཆང་ན་ལེགས། ཡང་ཁ་པར་གྱིས་སློབ་སྦྱོང་བྱེད་པར་བར་ཆད་ལས་མཐུན་རྐྱེན་མི་བྱེད་པ་མིན་ཏེ། […]
མིག་དཔེ་ལྟ་ཡུལ།
བསྟན་འཛིན་ཟླ་སྒྲོན། སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས། ༄༅། ། མིག་དཔེ་བལྟ་ཡུལ་ཟེར་ན་མི་གང་ཞིག་ལ་བལྟས་ནས་རང་གིས་ལས་ཀ་ཞིག་བྱེད་པར་སེམས་ཤུགས་དང་བློ་སྤོབས་འཕེལ་བར་འགྱུར་བའི་མི་དེ་ལ་ཟེར། མིག་དཔེ་བལྟ་ཡུལ་དེ་མི་སུ་ཡིན་ནའང་ཡིན་སྲིད་པ་རེད། དཔེར་ན། རང་གི་ཕ་མ་དང། དགེ་རྒན། གྲོགས་པོ། གྲོགས་མོ། སྙན་གྲགས་ཅན་གྱི་མི་བཅས་སོ། ། ན་གཞོན་ཚོར་མིག་དཔེ་བལྟ་ས་ཞིག་ཡོད་པ་ཡིན་ན། དེ་ལ་དཔེ་བལྟས་ནས་རང་གི་དམིགས་ཡུལ་བསྒྲུབ་པར་སེམས་ཤུགས་འཕར་མ་ཞིག་སྐྱེས་པ་དང། ཡང་མིག་དཔེ་བལྟ་ཡུལ་དེས་རང་གི་དམིགས་ཡུལ་དེ་བསྒྲུབས་པ་ལ་ལམ་སྟོན་པ་ལྟ་བུའི་ལམ་སྟོན་ཡང་བྱེད་ཐུབ། མི་སོ་སོ་ལ་མིག་དཔེ་ལྟ་ཡུལ་ཞིག་མེད་པ་ཡིན་ན། སོ་སོའི་མི་ཚེའི་ནང་ལ་ཡོད་པའི་དམིགས་ཡུལ་དེ་བསྒྲུབ་ཡག་ལ་དཀའ་ལས་འབྱུང་བ་དང་། སོ་སོ་ལ་བློ་སྤོབས་སྤེལ་མཁན་དང་རྒྱབ་སྐྱོར་བྱེད་མཁན་མེད་པ། སོ་སོའི་ནང་མིས་སོ་སོའི་དམིགས་ཡུལ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྒང་ལ། མིག་དཔེ་བལྟ་ཡུལ་ཞིག་ཡོད་པ་དེས་སོ་སོ་ལ་རྒྱབ་སྐྱོར་ཞིག་བྱུང་བ་ཡིན་ན། སོ་སོའི་ནང་གི་བློ་གཏད་མཐོ་རུ་ཕྱིན་ནས་དམིགས་ཡུལ་བསྒྲུབ་ཡག་ལ་དཀའ་ལས་མང་བ་རྒྱག་ཐུབ་ཀྱི་རེད། མིག་དཔེ་ལྟ་ཡུལ་ཡོད་པ་ཙམ་གྱིས་མི་ཆོག་པར་མིག་དཔེ་ལྟ་ཡུལ་དེ་མ་ནོར་བ་ཞིག་ཀྱང་ཡིན་དགོས། མིག་དཔེ་ལྟ་ཡུལ་མ་ནོར་བ་ཞིག་ཡིན་དགོས་པ་དང་། མི་དེའི་མི་ཚེའི་ལོ་རྒྱུས་ཆ་ཚང་རང་གིས་ཤེས་དགོས་པ་གལ་ཆེན་པོ་རེད། ཁོས་མི་ཚེའི་ནང་དུ་སྐུ་ལས་བརྒྱབས་པའི་ལོ་རྒྱུས་ཤེས་ན་རང་གིས་ཀྱང་དེ་ལྟར་དཀའ་ལས་རྒྱག་རྒྱུའི་འདོད་པ་སླེབས་པ་དང། དེའི་གཤིས་ཀ་རང་ལ་འཇགས་ན་ཁེ་ཕན་ཆེན་པོ་ཡོད་པ་བཅས་ཤེས་དགོས། དེང་སང་བོད་པའི་ན་གཞོན་མང་པོས་འཛམ་གླིང་ནང་གི་སྙན་གྲགས་ཅན་གྱི་གཞས་པ་གཞས་མ་དང། གློག་བརྙན་འཁྲབ་སྟོན་པ་ལ་སོགས་པར་སོ་སོའི་མིག་དཔེ་ལྟ་ཡུལ་དུ་བྱེད་ཀྱི་ཡོད། དེ་ནོར་བ་རེད་ཅེས་ཟེར་མི་ཐུབ། མང་པོས་སྙན་གྲགས་ཅན་གྱི་འཁྲབ་སྟོན་པ་དེའི་སྐད་གྲགས་གཅིག་པོ་མཐོང་བ་མ་གཏོགས། དེས་སྙན་གྲགས་ཅན་ཆགས་པར་དཀའ་སྡུག་ག་ཚོད་མྱངས་ཡོད་མེད་མཐོང་མཁན་དཀོན་པོ་རེད། ཡང་སྙན་གྲགས་ཡོད་པ་ཙམ་གྱིས་མིག་དཔེར་ལྟ་འོས་ཞིག་ཡིན་པ་བཤད་མི་ཐུབ། དཔེར་ན་དེང་སང་སྙན་གྲགས་ཅན་མང་པོས་ཆང་རག་ཚོད་མེད་འཐུང་བ་དང། དེ་མིན་གྱི་ནག་ཉེས་མང་པོ་གསོག་མཁན་ཡང་ཡོད། དེར་བརྟེན་མིག་དཔེ་བལྟ་ཡུལ་ནོར་བ་ཡིན་ན། རང་གི་མི་ཚེ་འཕྲོ་བརླག་ཏུ་འགྲོ་པ་དང། ཡང་རང་གི་མི་ཚེའི་དམིགས་ཡུལ་སྒྲུབ་པར་དེས་ཕན་པའི་ཚབ་ཏུ་གནོད་ཀྱང་སྐྱེལ་སྲིད། སོང་ཙང་རང་གི་མིག་དཔེ་བལྟ་ཡུལ་མ་ནོར་བ་ཞིག་གདམ་རྒྱུ་ཧ་ཅང་གལ་ཆེ བུ་མོ་ང་རང་གི་མིག་དཔེ་ལྟ་ཡུལ་སྐོར་བཤད་ན། ངའི་མིག་དཔེ་ལྟ་ཡུལ་དེ་ནི་ང་རང་གི་པ་ལགས་ཡིན། གང་ཡིན་ཞེ་ན། ངའི་པ་ལགས་ནི་ཞིང་པ་ཞིག་ཡིན་པ་དང་། པ་ལགས་ཁོང་རང་གཅིག་པུས་ང་དང་ངའི་གཅུང་མོ་གཉིས་ལོ་ན་བདུན་ནས་གསོ་སྐྱོང་གནང་དང་གནང་བཞིན་པ་ཡིན། པ་ལགས་ཞིང་པ་ཞིག་ཡིན་པའི་ཆ་ནས་ནང་དུ་དཀའ་ངལ་མི་འདྲ་བ་མང་པོ་ཞིག་འཕྲད་ཡོད་ཀྱང། ངའི་པ་ལགས་ཀྱིས་དཀའ་ངལ་དེ་དག་ལ་གདོང་ལེན་གནང་སྟངས་ལས་ངས་གང་ཤེས་སོང་ངམ་ཞེ་ན། མི་ཚེའི་ནང་དུ་དཀའ་ངལ་ག་ཚོད་དང་སྡུག་པོ་ག་ཚོད་འཕྲད་ནའང་འཛུམ་མདངས་དང་བཅས་གདོང་ལེན་བྱེད་དགོས་པ་དེ་ཡིན། པ་ལགས་ཀྱིས་ནམ་ཞག་རྒྱུན་དུ་ནས་མིའི་མི་ཚེའི་ནང་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཞིག་ལ་ཡིད་ཆེས་གནང་གི་ཡོད་པ་དང། འཛམ་བུ་གླིང་འདིའི་ནང་དུ་དཀའ་ངལ་མེད་པའི་མི་སུ་གཅིག་ཀྱང་མེད་པར་བརྟེན་དཀའ་ངལ་འཕྲད་སྐབས། ངུས་ནས་མ་བསྡད་པར་དཀའ་ངལ་དེ་སེལ་ཐབས་གང་ཡོད་སྐོར་བསམ་བློ་གཏོང་དགོས་པ་དང་། ངུས་ནས་བསྡད་ན་དཀའ་ངལ་དེ་དེ་བས་སྡུག་ཏུ་གཏོང་བ་མ་ཟད་སོ་སོའི་འཕྲོད་བསྟེན་ལ་ཡང་གནོད་སྐྱོན་བྱེད་ཀྱི་ཡོད་པ་གསུངས་ཀྱི་རེད། མཐར་རང་གི་དམིགས་ཡུལ་གང་ཡིན་བསྒྲུབ་ཐུབ་པར་བྱས་ཏེ། རང་གིས་རང་ལ་ཡིད་ཆེས་ཡོད་པ། གཞན་ལ་གུས་བརྩི་བྱེད་པ། […]
བོད།
བསྟན་འཛིན་ཀུན་གསལ། སཾ་བྷོ་ཊ་གུ་རུ་པུ་ར་སློབ་གྲྭ འཛིན་གྲྭ་དགུ་པ། ལོ་ངོ་སྟོང་ཕྲག་སྔོན་བོད་མི་རྣམས་གཅིག་སྒྲིལག་གྱི་གོང་བུ་ཅིག་ཏུ་གྱུར་ཡོད། ཕྱི་ལོ་༨༦༦ ཙམ་ལ་བོད་དང་རྒྱ་ནག་གཉིས་མ་མཐུན་པར་བོད་དམག་ཚོས་རྒྱ་ནག་གི་ཡུལ་མང་པོ་བཅོམ་ནས་རྒྱ་ནག་གི་རྒྱལ་ས་བར་དམག་བརྒྱབ་ནས་རྡོ་རིང་སླང་ཡོད། བོད་ཀྱི་རྒྱལ་རབས་ལ་བལྟས་ན་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་ཡང་བོད་དང་དམག་འཁྲུག་ཤོར་ནས་བོད་མིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་ཡང་བྱུང་ཡོད། འོན་ཀྱང་རྒྱ་མི་འདི་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཨུ་ཚུགས་ཀྱིས་རྫུན་གཏམ་བཤད་ནས་འཛམ་གླིང་གང་སར་བཤད་དང་ཤོད་བཞིན་པ་རེད། སྔར་གྱི་༸རྒྱལ་བ་གོང་མ་རྣམས་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ལོ་ནི་དགུང་ལོ་བཅོ་བརྒྱད་ནས་ཡིན་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་དགུང་གྲངས་༡༦ ལ་ཆོས་སྲིད་གཉིས་ཀྱི་འགན་འཁུར་བཞེས་དགོས་བྱུང་བ་རེད། ༡༩༥༤ ལོར་༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་ནཱེ་རུ་མཆོག་མཇལ་འཕྲད་གནང་བ་དང་། རྒྱ་ནག་པེ་ཅིང་གི་དུས་ཆེན་ཞིག་ལ་ཡང་རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་པ་ལྟར་ཕེབས་པ་རེད། ༡༩༥༦ ལོར་༸གོང་ས་མཆོག་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཆེན་ལ་ཕེབས་ནས་༸གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་ནཱེ་རུ་མཆོག་ལ་ད་ལྟ་བོད་ནང་གནད་དོན་ཛ་དྲག་ཡོད་པའི་སྐོར་ལ་བཀའ་མོལ་མང་པོ་གནང་བ་དང་། དེ་ནས་ ༡༩༥༩ ཟླ་ ༠༣ ཚེས་ ༡༧ ཉིན་༸གོང་ས་མཆོག་དང་དཔོན་གཡོག་ཧྲག་བསྡུས་ཤིག་མ་འོངས་པའི་བོད་ཀྱི་དཀའ་སྡུག་སེལ་ཆེད་དུ་གཞན་ཡུལ་དུ་སྐྱབས་བཅོལ་ལ་མ་ཕེབས་ཀ་མེད་བྱུང་བ་རེད། ཁོང་རྣམས་པས་དེའི་སྐབས་སུ་གཞུང་ཞབས་ཁག་ཅིག་རྒྱ་གར་དང་ཁག་གཅིག་འབྲུག་ལ་གཏོང་དགོས་དགོངས་པ་རེད། རྒྱ་གར་གཞུང་གིས་ཕེབས་བསུ་དང་སྣེ་ལེན་གྲ་སྒྲིག་ལེགས་པོས་བྱུང་བས་སེམས་ནང་དགའ་སྣང་དང་སྦྲགས་རྒྱ་གར་དུ་ཕེབས་པ་རེད། དེ་དུས་༸གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་ནཱེ་རུ་དང་མཇལ་འཕྲད་གནང་བ་དང་བོད་དོན་སྐོར་ཆེད་དུ་ཞུས་པ་རེད། ༡༩༥༡། ༡༩༥༩། ༡༩༦༡ ལོ་ལོ་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་རབ་དང་རིམ་པ་ཕུལ་བ་རེད། དེ་དུས་འབྲས་བུ་གང་ཡང་ཐོན་ཐུབ་པ་བྱུང་མེད། དེ་ནས་༸གོང་ས་མཆོག་གི་དགོངས་པར་སྔ་ཕྱི་མ་གཏོགས་རྒྱ་ནག་དང་བོད་གཉིས་མཉམ་དུ་སྐད་ཆ་བཤད་དགོས་པ་འགྱུར་གྱི་རེད། དུས་ཚོད་དེ་ཡི་སྐབས་སུ་ད་དུང་ང་ཚོས་རང་བཙན་གྱི་སྐད་ཆ་བཤད་ནས་བསྡད་པ་ཡིན་ན་རྒྱ་ནག་དམར་པོའི་གཞུང་དང་སྐད་ཆ་བཤད་ཐབས་མེད་པ་སྔོན་ནས་༸གོང་ས་མཆོག་ནས་མཁྱེན་གྱི་ཡོད་རེད། དེའི་རྗེས་ཡིད་བཞིན་ནོར་བུ་མཆོག་ནས་རྒྱ་བོད་གཉིས་ལ་ཕན་པའི་ལམ་ཞིག་དགོས་འདུག་དགོངས་ནས་ཕྱི་ལོ་༡༩༦༤ ལོར་གཉིས་ཕན་དབུ་མའི་ལམ་འདིར་དགོངས་པ་བཞེད་ནས་ཐུགས་གཏན་འཁེལ་གནང་བ་རེད། དེ་ནས་བཟུང་དབུ་མའི་ལམ་གྱི་ལྟ་ཚུལ་དང་ལངས་ཕྱོགས་འདིར་ཕྱི་ནང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་མང་པོས་བསྟོད་བསྔགས་དང་། ལངས་ཕྱོགས་ཀྱི་རྩ་བ་འདིར་ཕྱིས་སུ་རྗེས་སུ་ཡིད་རངས་དང་བསྟོད་བསྔགས་ཡང་ཆེན་པོ་བྱུང་བ་རེད། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་ནས་དབུ་མའི་ལམ་འདི་ཕན་ཐོགས་ཆེན་པོ་ཡོང་བ་གཟིགས་པ་ནང་བཞིན་བྱུང་བ་རེད། དེ་ནས་བཟུང་བོད་ཀྱི་གནད་དོན་ཐད་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་མང་དུ་ཕྱིན་ནས་བོད་པའི་གནས་ཚུལ་འདི་འཛམ་བུའི་གླིང་དུ་ངོ་འཕྲོད་བྱུང་བ་མ་ཟད། བོད་པའི་མི་རིགས་འདིས་དཀའ་ལས་མང་པོ་བརྒྱབས་ནས་འཛམ་གླིང་ཀུན་ལ་རྒྱ་མིས་བོད་འདི་བཙན་བཟུང་བྱས་ནས་འཕྲོག་པ་ཞིག་ཡིན་པ་གསལ་སྟོན་བྱས་པ་མ་ཟད། བོད་པའི་སྐད་དང་། ཡི་གེ རིག་གཞུང་བཅས་རྒྱ་ནག་དང་ཐ་དད་པ་ཞིག་ཡིན་པ་ཤེས་ཐུབ་པ་བྱུང་བ་རེད། དེ་དང་མཉམ་དུ་དུས་ཚོད་དེའི་སྐབས་སུ་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཕྲུ་གུ་རྣམས་ལ་རྒྱ་གར་གཞུང་མང་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱལ་སྤྱིའི་རོགས་རམ་བཅས་ལ་བརྟེན་ནས་སློབ་གྲྭ་ཁག་གསར་འཛུགས་གནང་སྟེ་ད་ལྟའི་བར་དུ་བོད་ཕྲུག་མང་པོ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་རེད། བོད་མི་རྣམས་ཀྱི་རང་བཞིན་གྱི་རིག་གཞུང་དང་། ཆོས། གོམས་གཤིས་བཟང་པོ་རྣམས་མི་ཉམས་གོང་འཕེལ་ཆེད་དུ་གཞིས་ཆགས་ཡང་ཟུར་དུ་གསར་འཛུགས་ཐུབ་པ་བྱུང་བ་རེད། དེ་ནས་རིམ་གྱིས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག དགེ་འདུན་པའི་དགོན་སྡེ་ཁག་གསར་འཛུགས་གནང་ནས་ད་ལྟའི་བར་དུ་བོད་མི་ཚོས་བོད་དོན་ཆེད་དུ་སྐུ་ལས་ཚད་ལས་བརྒལ་བ་སྐྱོན་བཞིན་ཡོད། ༸གོང་ས་མཆོག་གཙོ་བོར་བྱས་པའི་ང་ཚོའི་མི་རབས་རྒན་པ་རྣམས་ལ་བུ་མོ་ངས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། །
ངའི་དྲིན་ཅན་ཕ་མ།
ཀུན་དགའ་ཚེ་སྒྲོན། ཅོན་ཏ་ར་བོད་ཁིམ། འཛིན་གྲྭ་བཅུ་པ་གདུགས། མི་ལུས་རིན་ཆེན་ཕ་མ་ཁྱེད་ཀྱིས་གནང་། ། མི་གྲལ་ཚུད་པའི་ཤེས་ཡོན་སློབ་སྦྱོང་སྤྲད། ། ཕ་མའི་དྲིན་གྱིས་བསྐྱངས་པའི་བུ་མོ་ངས། ། ནམ་ཡང་ཁྱེད་གཉིས་མགོ་བོའི་ཐོག་ཏུ་བཀུར། ། འཛམ་བུ་གླིང་འདིའི་ནང་ཞོགས་པ་ཉལ་ས་ནས་གཉིད་སད་པ་དང་། མིག་ནང་ལྷང་ངེར་དྲན་པ་ནི་ངའི་དྲིན་ཅན་ཕ་མ་གཉིས་ཡིན་ལ། ལྷག་པར་དུ་ཕ་མ་གཉིས་ཀྱི་བཀའ་དྲིན་ནི་ཧ་ཅང་རྒྱ་ཆེ་བས་འཇིག་རྟེན་འདིའི་ནང་ཕ་མ་ཞེས་པ་སངས་རྒྱས་ལྷ་དང་འདྲ་མཉམ་ཡིན་སྙམ་པ་འདུག ཕ་མ་གཉིས་ཀྱི་བཀའ་དྲིན་ཧ་ཅང་ཆེ་བས་ཁོ་མོས་ཤོག་བུ་དཀར་པོའི་སྟེང་ལ་བཀོད་པ་ཡིན་ནའང་བྲིས་ནས་རྫོགས་ཐབས་མེད་པ་ཞིག་ཡིན། དེར་བརྟེན་དེ་རིང་འདིར་ངས་རང་ཉིད་ཀྱི་གང་དྲན་པ་རྣམས་ཅུང་ཟད་འགོད་རྒྱུ་ཡིན། ཕ་མ་གཉིས་ནི་ཕྲུ་གུའི་ཆེད་དུ་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཡིན་པ་མ་ཟད། ཨ་མའི་མངལ་ནང་ཟླ་བ་དགུ་ལྷག་གཅེས་ཉར་བྱས་པ་མ་ཟད། རང་ཉིད་ཀྱི་མངལ་ནང་ཡོད་པའི་ཕྲུ་གུར་མི་གནོད་པའི་ཆེད་དུ་ཟས་རིགས་སྣ་ཚོགས་ལ་དོ་སྣང་བྱས་ཏེ། རང་ཉིད་ཀྱི་དགའ་བའི་ཟས་རིགས་སྣ་ཚོགས་འཛེམས་པ་མ་ཟད། ཕྲུ་གུ་གཙོ་བོ་བྱས་ནས་བཟའ་བཏུང་བྱས་པ་དེ་ཡིན། དེ་བཞིན་པ་ལགས་ཀྱིས་ཀྱང་དུས་ནམ་ཡང་ཨ་མའི་མངལ་ནང་ཡོད་པའི་ཕྲུ་གུའི་ཆེད་དུ་ག་དུས་ཡིན་ནའང་ཨ་མའི་མཉམ་དུ་དུས་ཚོད་སྐྱེལ་བ་དང་། རྒྱུན་དུ་ཨ་མའི་ལས་ཀ་ཡོངས་རྫོགས་འགན་འཁུར་ནས་གྲུབ་ཐབས་ལ་འབད་བརྩོན་བྱས། དེར་བརྟེན་ཁོང་རྣམས་ཀྱི་བཀའ་དྲིན་དང་བྱམས་བརྩེའི་འོག་ང་ཚོར་ཡངས་པའི་འཇིག་རྟེན་ཡིད་དུ་འོང་བ་དེ་མཐོང་རྒྱུ་བྱུང་ཡོད་ལ། དགའ་སྐྱོ་སྤྲོ་གསུམ་ངང་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུ་བྱུང་བ་ནི་གཙོ་བོ་ཕ་མ་ལྷན་རྒྱས་གཉིས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན། དེ་ལྟར་ངའི་ཕ་མ་གཉིས་པོས་ཀྱང་ང་ལ་ཆུང་བྱིས་པའི་དུས་ནས་བཟའ་སྟངས་དང་། འགྲོ་སྟངས། སྡོད་སྟངས་བཅས་ཀྱི་བསླབ་བྱ་བཟང་པོ་གནང་ཡོད་ལ། ང་ལ་ཡོད་པའི་ཡ་རབས་བཟང་པོའི་སྤྱོད་ཚུལ་ཅུང་ཟད་དེ་ཡང་ཕ་མ་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ད་དུང་ཁོ་མོ་ཆུང་དུས་ནས་ཕ་མས་གཙང་སྦྲ་འཕྲོད་བསྟེན་དང་ཟས་གོས་ཀྱི་མཐུན་འགྱུར་གང་ཡག་སྦྱར་ཏེ་ཅོན་ཏ་ར་སློབ་གྲྭ་འདི་ལྟ་བུ་ཞིག་གི་ནང་དུ་སློབ་སྦྱོང་ཆེད་བཏང་ཡོད་པ་མ་ཟད། མ་འོངས་པར་མི་ཚེའི་ནང་ངལ་རྩོལ་ཆེ་བའི་དཀའ་ངལ་མྱོང་མི་དགོས་པའི་ཆེད་རེ་བ་དང་འགྲོ་སོང་འཕར་མ་བཏང་ནས་ང་ལ་ད་ལྟ་ཤེས་ཡོན་ཡག་པོ་ཐོབ་པའི་གོ་སྐབས་བྱུང་ལ། ཐ་ན་ཕ་མ་གཉིས་པོས་རང་ཉིད་ཀྱི་མི་ཚེའི་ནང་དཀའ་ངལ་མང་པོ་བསྐྱོན་ནས་དངུལ་དང་རྒྱུ་ནོར་ལོངས་སྤྱོད་ཅུང་ཟད་བསགས་པ་མཐའ་དག་ངའི་སློབ་སྦྱོང་དང་འཚར་ལོངས་བཟང་པོ་ཡོང་ཐབས་སུ་དམིགས་པ་གཙོ་བོ་ཡིན་པ་ངས་རྒྱུན་དུ་ཚོར་གྱི་འདུག ཨ་མས་ད་དུང་ང་ལ་རྒྱུན་དུ་བསླབ་བྱ་བསྐྱོན་གནང་བ་ནི་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དང་། མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་ལས་ཀ་བསྒྲུབ་དགོས་རྒྱུ་གསུང་གི་ཡོད། ཁོང་གཉིས་ཀྱི་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་གཉིས་ནི་སོ་སོའི་སྒེར་གྱི་ལས་དོན་དང་། རྒྱུ་ནོར་ལོངས་སྤྱོད་ལས་གལ་ཆེ་བ་འཛིན་གྱི་ཡོད་པ་ངས་རྒྱུན་དུ་མཐོང་སྣང་བྱུང་། ང་ཚོའི་ནང་ཆོས་ལས་བཤད་པའི་སེམས་པ་བཟང་པོ་བྱ་རྒྱུའི་བསམ་བློ་དེ་ཁོང་གཉིས་ལ་ཧ་ཅང་ཤུགས་ཆེན་པོ་ཡོད། གྲོང་པ་མཁྱིམ་ཚེས་དང་། མི་ངོ་མ་ཤེས་པ་སུ་ཡིན་ནའང་ཁོང་གཉིས་ཀྱི་སྙིང་རྗེ་ཆེན་པོས་ལྟ་སྐྱོང་གནང་གི་ཡོད། མདོར་ན་ཁོང་གཉིས་ནི་ངའི་དགེ་རྒན་ཞིག་དང་ཁྱད་པར་རྩ་བ་གཉིས་ནས་མེད། ཁོང་གཉིས་ཀྱི་བྱེད་སྟངས་བྱེད་ལུགས་ལ་བརྟེན་ནས་ངས་ཤེས་ཡོན་མང་པོ་ཤེས་རྒྱུའི་གོ་སྐབས་བྱུང་། ། དེས་ན་ང་ལྟ་བུར་མི་ཚེའི་མདུན་ལམ་ཡག་པོ་ཡོང་བ་ནི། དྲིན་ཅན་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན་ལ། ཁོང་གཉིས་ཀྱིས་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་རྣམས་ང་ཚོ་སློབ་ཕྲུག་སོ་སོས་སེམས་ལ་གངས་རི་བཞིན་བརྟན་པོར་ཡིད་ལ་བཟུང་ནས། ང་ཚོས་རྗེས་སུ་དྲིན་ལན་འཇལ་དགོས་པ་ནི་གནད་འགག་ཡིན། ཕ་མ་ལོ་ན་རྒན་པོ་ཆགས་དུས་རྒན་གསོ་ཁང་ལྟ་བུར་སྐྱེལ་བ་ནི་ཧ་ཅང་ནོར་འཁྲུལ་ཡིན་ལ། ཁོང་རྣམས་ལ་བྱམས་སྐྱོང་དང་ལྟ་སྐྱོང་གནང་དགོས་པ་ནི་ཕྲུ་གུའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན། འཇིག་རྟེན་འདིའི་ནང་ཕ་མའི་དྲིན་གྱི་འོག་མ་འཚོ་མཁན་སུ་ཡང་མེད་སྟབས་ང་ཚོས་ཕ་མ་གཉིས་པོའི་བཀའ་དྲིན་དྲན་ནས། མ་འོངས་པར་རང་གི་ཕྲུ་གུ་རྣམས་ལའང་བྱམས་བརྩེའི་ངང་སྐྱོང་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། དེ་ལྟར་བྱས་ན་ཆེ་ས་ནས་ང་ཚོས་འཛམ་བུ་གླིང་ཁྱོན་ཡོངས་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་པའི་ས་བོན་ཡིན་པ་ནི་བརྗོད་མི་དགོས། མདོར་ན་ཕ་མ་ཁྱེད་གཉིས་སྐུ་ཚེ་ཡུན་རིང་བརྟན་ཅིང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་བཅས་སོ། །
