Skip to main content
ཤེས་རིག་ལས་ཁུངས།

བོད་ཀྱི་སྐད་ཡིག

བོད་ཀྱི་སྐད་ཡིག

བསྟན་འཛིན་གཡང་སྐྱིད་།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ དེ་རིང་གི་གནམ་གཤིས་ཚ་དྲོད་ཧ་ཅང་ཆེ་བས་རྒན་ལགས་ཀྱིས་སློབ་ཁྲིད་མ་གནང་བར་ང་ཚོ་འཛིན་ཁང་གི་ཕྱི་ལ་བོད་ཀྱི་སྐད་ཡིག་སྐོར་ལ་རྩོམ་ཡིག་འབྲི་རུ་བཅུག་སོང། ང་ཚོ་ཕྱི་ལོགས་སུ་སོང་སྟེ་རང་རང་ས་གནས་བསྡད་ས་སྐྱིད་པོ་རེ་བདམས་རྗེས་སོ་སོའི་ས་གནས་སུ་རིག་པ་བསྒྲིམས་ཏེ་རྩོམ་ཡིག་འབྲི་བཞིན་འདུག ངས་འདུག་སྟེགས་ཡག་པོ་ཞིག་བཙལ་སྟེ་མར་འདུག་ཞོར་ཕྱོགས་ཡར་མར་ལ་ལྟ་སྐབས་ཉི་མ་ཧ་ཅང་ཚ་པོ་འདུག་པས་བསིལ་རླུང་གྲང་མོ་ཞིག་ངའི་ངོ་གདོང་སྟེང་དུ་ཚོར་དུས་སེམས་པ་ཧ་ཅང་སྐྱིད་པོ་དང་བདེ་པོ་བྱུང་། ངས་སྨྱུ་གུ་ལག་ཏུ་ཁྱེར་ནས་བསམ་བློ་ཞིག་བཏང་རྗེས་རྒན་ལགས་ཀྱིས་གསུངས་པའི་བརྗོད་གཞི་དེའི་སྟེང་ལ་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ན་ཡང་སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་རེད། དམིགས་བསལ་གྱི་ང་ཚོ་བོད་མི་རྣམས་ལ་མཚོན་ན་སྐད་ཡིག་དེ་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གལ་ཆེ་བ་རེད། གང་ཡིན་ཟེར་ན་ང་ཚོར་རང་གི་རྒྱལ་ཁབ་མེད་པས་སྐད་ཡིག་དེ་ནི་ང་ཚོའི་རྒྱལ་ཁབ་དང་ལུང་པ་ལྟར་གཅིག་པ་རེད། སོང་ཙང་ང་ཚོས་བོད་ཀྱི་སྐད་ཡིག་སྦྱང་རྒྱུ་ཧ་ཅང་གལ་ཆེ། དེང་སང་རྒྱ་ནག་ཏུ་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱང་མི་བཅུག་པ་དང་ཐ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཡང་ཉར་མི་ཆོག་པའི་གཏམ་ངན་མང་པོ་ཐོས་མྱོང་ཡོད་པས། ང་ཚོ་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་གྱིས་བཙན་བྱོལ་དུ་ཡོད་ན་ཡང་བོད་ཀྱི་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་བཟང་པོའི་ཆ་རྐྱེན་ཆ་ཚང་ཡོད་སྟབས་ང་རང་ཧ་ཅང་བསོད་ནམས་ཆེན་པོ་ཚོར་གྱི་འདུག། ང་ཚོར་རང་གི་སྐད་ཡིག་སྦྱང་རྒྱུའི་མཐུན་རྐྱེན་ཆ་ཚང་ཡོད་པས་ང་ཚོའི་ལས་འགན་གཙོ་བོ་ནི་རང་གི་སྐད་ཡིག་སྦྱང་རྒྱུ་དེ་རེད། མི་མང་པོའི་སེམས་ནང་བོད་ཡུལ་ཐོབ་རྒྱུ་འདུན་པ་ཡོད་ཀྱང་རང་གི་སྐད་ཡིག་སྦྱང་རྒྱུའི་འདུན་པ་མེད་པས། རང་གི་སྐད་ཡིག་ཀྱང་མི་ཤེས་ན་རང་དབང་ཐོབ་རྒྱུ་ཧ་ཅང་དཀའ་མོ་རེད། ཕ་མས་སྐུ་ལས་ཚད་མེད་བསྐྱོན་ཏེ་ང་ཚོ་སློབ་གྲྭར་གཏོང་ཐུབ་པ་བྱུང་གི་ཡོད་པས་ང་ཚོས་ཡི་གེ་མ་སྦྱངས་པར་དུས་ཚོད་འཕྲོ་བརླག་བཏང་པ་ཡིན་ན་ག་ལ་འགྲིག། བྱས་ཙང་ང་ཚོས་སློབ་གྲྭ་ལ་རྩེད་མོ་བརྩེ་རྒྱུ་གཅིག་པུ་མ་ཡིན་པར་ཡི་གེ་ཏོག་ཙམ་སྦྱངས་ན་ཡག་པོ་ཡོད། དམིགས་བསལ་གྱི་བོད་ཡིག་སློབ་ཚན་ལ་དོ་སྣང་སྤྲད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་བོད་ཡིག་མ་སྦྱངས་ན་རིམ་བཞིན་ལོ་ངོ་ཁ་ཤས་ནང་རྩ་མེད་དུ་འགྲོ་རྒྱུ་ལས་གཞན་ཐབས་ཤེས་གཅིག་ཀྱང་མེད་པ་རེད། དེང་སང་བོད་པའི་ཕྲུ་གུ་རྣམས་ཕྱི་རྒྱལ་དུ་སློབ་གྲྭར་བཏང་བ་དང་ཁོང་ཚོས་སྐད་ཆ་ཡང་ཨིན་སྐད་ཐོག་ནས་བཤད་པ་མ་ཟད་ཁོང་ཚོའི་ཕ་མས་ཀྱང་རང་གི་ཕྲུ་གུའི་མཉམ་དུ་སྐད་ཡིག་གཞན་ཐོག་སྐད་ཆ་བཤད་པ་མཐོང་མྱོང་ཡོད། སོ་སོའི་མི་རིགས་ཀྱི་སྐད་ཡིག་མ་ཤེས་ན་བོད་པ་ངོ་མ་ཞིག་མ་ཡིན་པས་ང་ཚོས་བོད་སྐད་མ་ཤེས་ན་ཡང་བཤད་རྒྱུར་ཐབས་ཤེས་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་སྐད་དང་རིག་གཞུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་འཕེལ་རྒྱས་དང་ཡར་རྒྱས་བཏང་སྟེ་བོད་མི་གཙང་མ་ཞིག་དང་བོད་མི་ཡ་རབས་ཤིག་བཟོས་ནས་བོད་ཀྱི་བདེ་མཐའ་སེལ་སྐབས་རང་གི་རྒྱལ་ཁབ་རང་གི་སྐད་ཡིག་གི་སྟེང་ནས་དར་རྒྱས་གཏང་རྒྱུ་དེ་ཡིན་པས། བོད་ཀྱི་སྐད་ཡིག་ནི་བོད་མི་ཡོད་དོ་ཅོག་གི་སྲོག་རྩ་ངོ་མ་དེ་ཡིན། བྱས་ཙང་ངས་བོད་ཀྱི་སྐད་ཡིག་གི་ཚོགས་ཐེངས་སྐབས་བློ་སེམས་གཅིག་སྒྲིལ་གྱིས་དགེ་རྒན་གྱི་སློབ་ཚན་ལ་ཉན་བཞིན་ཡོད་པར་མ་ཟད། དགེ་རྒན་གྱིས་གང་གསུངས་པ་དེ་ཟིན་བྲིས་སུ་ཕབ་སྟེ་དགོང་མོ་མ་ཉལ་སྔོན་དུ་ཡང་ཡང་བཀླགས་ཏེ་ནང་དོན་ཆ་ཚང་བ་བློ་ལ་ངེས་པར་དུ་བཅུག་གི་ཡོད། ད་དུང་དུས་ཁོམ་རེ་ཡོད་དུས་ཉི་མ་རེ་ལ་གང་བྱུང་བ་དང་གང་མཐོང་བ་དེ་ཚོ་ཚིགས་བཅད་ཀྱི་ཐོག་ནས་ཉིན་ཐོ་འབྲི་བཞིན་ཡོད་པས། ངའི་སྐད་ཡིག་གི་འབྲི་རྩལ་ཡར་རྒྱས་ཡོང་བར་མ་ཟད། ངའི་བོད་ཡིག་གི་འབྲི་རྩལ་དེ་དབྱིན་ཇིའི་སྐད་ཡིག་ལ་བེད་སྤྱོད་བཏང་བ་ཡིན་ལ། དབྱིན་ཇིའི་དགེ་རྒན་གྱིས་ངའི་འབྲི་རྩལ་འདི་དམིགས་བསལ་ཞིག་རེད་ཟེར་ནས་ང་ལ་བསྟོད་བསྔགས་བཏང་མྱོང་ཡོད་པས། ང་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་གྱི་ཚོར་ཤུགས་དྲག་པོ་ཞིག་ཡོད་པ་མ་ཟད། དོ་སྣང་ཡང་མ་འདྲ་བ་ཞིག་བྱེད་ཀྱིན་ཡོད། ད་བོད་ཡིག་ཚོགས་ཐེངས་རྫོགས་ལ་ཉེ་བས་འདོད་པ་མེད་བཞིན་དུ་རྩོམ་ཡིག་དེ་མཇུག་སྒྲིལ་དགོས་བྱུང་སོང་། གང་ཡིན་ཟེར་ན་སྐར་མ་ཁ་ཤས་ནང་འཛིན་ཁང་ནང་འཛུལ་དགོས་པ་དང་རྗེས་མའི་ཚོགས་ཐེངས་ཀྱི་གྲ་སྒྲིག་ཀྱང་བྱེད་དགོས་ཀྱི་ཡོད།

བོད་གངས་ཅན།

བོད་གངས་ཅན།

བཀྲ་ཤིས་འབྲུག་གྲགས།འཛིན་གྲྭ་བདུན་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། འཛམ་གླིང་ས་ཡི་ཡང་རྩེ།།ཁ་བ་གངས་རིའི་སྨན་ལྗོངས།།མཐོ་སྒང་བོད་ཀྱི་ཡུལ་འདི།།གདོང་དམར་བོད་ཀྱི་ཕ་ས།། བོད་གངས་ཅན་ལྗོངས་ནི་འཛམ་གླིང་ས་ཡི་གོ་ལའི་ཡང་རྩེ་ཡིན་ལ། ཁོ་ར་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག གནས་དེའི་རི་བོ་མཐོ་ཞིང་ས་གཞི་གཙང་། ཆུ་མོ་དྭངས་ཤིང་བསིལ་རླུང་འཇམ་པ་སོགས་རང་བྱུང་ཁམས་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལང་། ལྷག་པར་དུ་ཕྱོགས་བཞི་མཚམས་བརྒྱད་གངས་རི་ར་བས་སྐོར་ཞིང་། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན། གནས་དེར་གསེར་དངུལ་ཟངས་ལྕགས་སོགས་གཏེར་རྫས་མང་པོའི་བང་མཛོད་དང་། ཁ་འབབ་ཆུ་བོ་བཞི་སོགས་ཡ་གླིང་གི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་ཡིན། བོད་གངས་ཅན་ལྗོངས་ལ་འཛམ་གླིང་རྒྱལ་ཁབ་མང་པོས་འགྲམ་ཆུ་ལྡང་ཞིང་། འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད། དབུས་གཙང་ཆོས་ཀྱི་ཆོལ་ཁ།།མདོ་སྨད་རྟ་ཡི་ཆོལ་ཁ།།མདོ་སྟོད་མི་ཡི་ཆོལ་ཁ།།ཆོལ་གསུམ་ཁྱིམ་ཚང་གཅིག་ཡིན།། ཁ་བ་གངས་ཅན་ལྗོངས་ནི་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་བཅས་ཆོལ་ཁ་གསུམ་ལས་གྲུབ་ཡོད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ནི་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འབྱུང་ཁུངས་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ཡིན། མདོ་སྟོད་མི་ཡི་ཆོལ་ཁ་ནི་མི་རྣམས་གཞུང་རྒྱུད་དྲང་ཞིང་དཔའ་སྟོབས་ཆེ་བ་དང་། མདོ་སྨད་རྟ་ཡི་ཆོལ་ཁ་ནི་ཤེས་ཡོན་རིག་གནས་དར་ཞིང་རྒྱུ་ནོར་ལོངས་སྤྱོད་འཛོམས་པོ་ཡོད། ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་བྱུང་བའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ས་ཡ་དྲུག་དེ་མི་རིགས་དང་སྐད་ཡིག རིག་གནས་ལོ་རྒྱུས་སོགས་གཅིག་པ་ཡིན། བོད་མིའི་ཡ་རབས་སྤྱོད་བཟང་།།འཛམ་གླིང་ཞི་བདེ་བསྐྲུན་ཡོད།།བྱམས་དང་སྙིང་རྗེའི་བདག་པོ།།ལུས་སེམས་བདེ་སྐྱིད་ལྡན་ཡོད།། བོད་མི་རིགས་འདི་ནི་རང་བཞིན་ལྷན་སྐྱེས་ཀྱི་ཆོས་སེམས་ཆེ་ཞིང་དགེ་སེམས་ལྡན། འབུ་སྲིན་སྲོག་ཆགས་ཚུན་ལ་བྱམས་དང་སྙིང་རྗེ་བྱེད་པའི་གོམས་གཤིས་བཟང་པོ་ཡོད། ཡར་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་། མར་དབུལ་ཕོངས་ལ་སྦྱིན་པ་གཏོང་། གཤིས་རྒྱུད་བལ་ལས་འཇམ་ཞིང་གཞུང་རྒྱུད་མདའ་ལས་དྲང་། མི་རྒན་པར་གུས་བཀུར་དང་གཞོན་པར་བྱམས་སྐྱོང་བྱེད། བོད་ས་རྒྱ་ལག་ཏུ་མ་ཤོར་སྔོན་ལ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་ཉར་དང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཡུལ་སྲོལ་གོམས་གཤིས་ཡོད། བཟོ་གསོ་སྒྲ་དང་གཏན་ཚིགས།།ནང་དོན་སྙན་ངག་མངོན་བརྗོད།།སྡེབ་སྦྱོར་སྐར་རྩིས་ཟློས་གར།།བོད་ཀྱི་བཅུ་ཕྲག་རིག་གནས།། ང་ཚོ་གངས་ཅན་བོད་པར་ལོ་ངོ་སྟོང་ཕྲག་བརྒྱུད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡོད་ཅིང་། འཛམ་གླིང་རིག་གནས་བང་མཛོད་ནང་དུའང་བོད་པའི་སྐད་ཡིག་རིག་གནས་ལ་རིན་ཐང་ལྡན་ཞིང་འོད་སྟོང་འཕྲོ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་ནང་དོན་རིག་པ་ནི་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ལུས་ངག་ཡིད་གསུམ་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟ་བུ་ཞིག་ཡིན། རིན་ཐང་ཆེ་བའི་བོད་པའི་སྐད་ཡིག་རིག་གནས་ལ་བདག་པོ་རྒྱག་མཁན་བོད་ཀྱི་ས་མཚམས་ལས་བརྒལ་ཏེ། དེང་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཧ་ཅང་མང་། ང་རང་བོད་པ་ཡིན་ཞིང་། ང་རང་བོད་ལ་དགའ། བོད་རྒྱལ་ལོ།།

ངའི་བརྩེ་བའི་གཅུང་མོ།

ངའི་བརྩེ་བའི་གཅུང་མོ།

བསྟན་འཛིན་སྐལ་བཟང།འཛིན་རིམ་བཞི་པ། ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ང་ལ་གཅུང་མོ་ཆུང་ཆུང་སྙིང་རྗེ་པོ་ཞིག་ཡོད། དེའི་མིང་ལ་བསྟན་འཛིན་དགའ་འཛོམས་ལགས་ཟེར། ད་ལྟ་མོ་རང་ལོ་དྲུག་ཡིན་པ་དང་འཛིན་རིམ་དང་པོ་ལ་ཡི་གེ་སྦྱོང་གི་ཡོད། གཅུང་མོ་དང་ང་གཉིས་གུང་གསེང་སྐབས་སུ་མཉམ་དུ་རྩེད་མོ་རྩེ་བ་དང། རྔན་པ་མཉམ་དུ་ཟ་བ། ལྟད་མོ་མཉམ་དུ་ལྟ་ཡི་ཡོད། སྤྱིར་བཏང་ང་རང་བོད་ཡིག་སྒྲུང་དེབ་ཀློག་རྒྱུ་དགའ་པོ་ཡོད། དེང་སང་ང་ཚོའི་འཛིན་གྲྭ་ལ་བོད་ཡིག་དང་ཨིན་ཇིའི་སྒྲུང་དེབ་གསར་པ་རི་མོ་སྙིང་རྗེ་པོ་དེ་འདྲ་ཡོད་པ་མང་པོ་སླེབས་ཀྱི་འདུག ངའི་པ་ལགས་དང་ཨ་མ་ལགས་གཉིས་ཀྱིས་སྒྲུང་དེབ་དེ་ཚོ་གཡར་ནས་ང་རང་ནང་སྦྱོང་བྲིས་ཚར་བ་དང། གཉིད་མ་ཉལ་སྔོན་ལ་སྒྲུང་དེབ་དེ་ཚོ་ཀློག་གི་ཡོད། པ་ལགས་ཀྱིས་ང་ལ་སྒྲུང་དེབ་དེ་ཚོ་ནས་ཚིག་གསར་པ་ལྔ་ལྔ་བྲིས་ནས་དེ་ཚོ་ལ་ཚིག་སྒྲུབ་བཟོས་གསུང་གི་རེད། འོན་ཀྱང་ངས་མཚམས་མཚམས་བཟོ་ཡི་ཡོད། མཚམས་མཚམས་བཟོ་ཡི་མེད། པ་ལགས་ཀྱིས་ངའི་གཅུང་མོ་ལ་སྒྲུང་དེབ་དེ་ཚོ་ཀློགས་ལབ་ན་ཡང། མོ་རང་དེ་ཙམ་ཀློག་འདོད་བྱེད་ཀྱི་མ་རེད། པ་ལགས་ཀྱིས་དགོང་དག་མ་ཉལ་གོང་ལ་ང་དང་ངའི་གཅུང་མོ་ང་གཉིས་ལ་བོད་ཡིག་དང་ཨིན་ཇིའི་སྒྲུང་དེབ་བཀླགས་ནས་སྒྲུང་བཤད་ཀྱི་རེད། དེ་སྐབས་ང་དང་གཅུང་མོ་པ་ལགས་ཀྱི་ཟུར་ལ་ཉལ་ནས་སྐྱིད་པོ་བྱས་ནས་སྒྲུང་ཉན་གྱི་ཡོད། མཚམས་མཚམས་ངའི་གཅུང་མོ་སྒྲུང་མ་རྫོགས་གོང་ལ་གཉིད་ཤོར་གྱི་རེད། གཅུང་མོ་དགའ་འཛོམས་ལགས་དང་ང་གཉིས་འཆམ་པོ་ཡོད། འོན་ཀྱང་མཚམས་མཚམས་ང་གཉིས་བར་སྐད་ཆ་ཆུང་ཆུང་ཞིག་ལ་འཁྲུག་པ་ཡང་ཤོར་དུས་མོ་རང་སྐད་ཤུགས་ཆེན་པོས་ངུ་ཡི་རེད། དེ་སྐབས་པ་ལགས་ཀྱིས་ང་ལ་ཁྱེད་རང་ཨ་ཅག་རྒན་པ་ཡིན་ཙང་གཅུང་མོ་ལ་བསམ་ཤེས་བྱེད་དགོས་རེད་ལབ་ནས་ང་ལ་ཡང་ཡང་རླུང་བསྟན་པ་དང། མཚམས་མཚམས་ཉེས་རྡུང་ཡང་བཏང་གི་རེད། དེ་སྐབས་པ་ལགས་ཀྱིས་ང་ལས་གཅུང་མོ་ལ་བྱམས་པ་དང་བརྩེ་བ་མང་བ་འདུག་བསམས་ནས་ང་རང་གཅུང་མོ་ལ་ཁོང་ཁྲོ་ཞེ་དྲག་ལངས་ནས་སྐད་ཆ་བཤད་ཀྱི་མེད། འོན་ཀྱང་ངའི་གཅུང་མོ་ང་ལ་བརྩེ་བ་ཡོད་རེད། པ་ལགས་ཀྱིས་ང་ལ་བརྡུངས་ནས་ང་རང་ངུ་དུས་གཅུང་མོས་ངའི་མིག་ཆུ་འཕྱིས་པ་མ་ཟད། པ་ལགས་ལ་ཁོང་ཁྲོ་ཡང་སྟོན་གྱི་རེད། དེ་སྐབས་པ་ལགས་ཀྱིས་ང་ལ་ཁྱེད་རང་གི་གཅུང་མོ་ཁྱེད་ལ་བརྩེ་བ་གང་འདྲ་འདུག་གསུང་ཀྱི་རེད། གཅུང་མོ་དང་ང་གཉིས་སློབ་གྲྭ་གྲོལ་རྗེས་ནང་ལ་འབྱོར་ནས་ཇ་དང་རྔན་པ་ཟ་ཡི་ཡོད། དེ་རྗེས་ང་གཉིས་མཉམ་དུ་ནང་སྦྱོང་བྱེད་ཀྱི་ཡོད། པ་ལགས་དང་ཨ་མ་ལགས་ལས་ཀ་བྱེད་དུས་ངའི་གཅུང་མོས་ནང་སྦྱོང་ལས་སླ་པོ་འབྲི་ཡི་མ་རེད། མཚམས་མཚམས་མོ་རང་གཉིད་ཀྱང་ཤོར་གྱི་རེད། འོན་ཀྱང་པ་ལགས་འགྲམ་ལ་བཞུགས་ན་མོ་རང་ནང་ལས་ཏག་ཏག་བྱེད་ཀྱི་རེད། གཅུང་མོ་དང་ང་རང་གཉིས་ཀ་བོད་གཞས་འཁྲབ་ཡས་དང་གཏོང་ཡས་ལ་དགའ་པོ་ཞེ་དྲག་ཡོད། ང་རང་གཉིས་རེས་གཟའ་ཉི་མ་ལ་གངས་ལྗོངས་ཟློས་གར་ལ་བོད་གཞས་སྦྱོང་དུ་འགྲོ་ཡི་ཡོད། གངས་ལྗོངས་ཟློས་གར་ལ་ང་ཚོ་ལ་བོད་པའི་གཞས་དང་ཞབས་བྲོ། རོལ་ཆ་བསླབ་ཀྱི་ཡོད། ལྷ་མོ་འཁྲབ་སྟངས་ཡང་སློབ་ཀྱི་རེད། སྔོན་མ་གཅུང་མོ་དང་ང་གཉིས་ཕྲུ་གུ་གཞན་པ་དང་མཉམ་དུ་མ་ཎི་ལྷ་ཁང་གི་ཚོགས་ཁང་ལ་ཕྲུ་གུ་ཆུང་ཆུང་གི་ལྷ་མོ་འཁྲབས་པ་ཡིན། ང་རང་དགུན་ཁའི་གུང་གསེང་སྐབས་པ་ལགས་ཀྱི་ནང་ལ་འགྲོ་དུས་སྤུན་མཆེད་རྣམས་ཀྱིས་ང་ཚོས་ལྷ་མོ་འཁྲབས་པའི་བརྙན་ཐུང་དེ་ལྟ་དུས་ཁོང་ཚོས་གཅུང་མོ་དང་ང་གཉིས་ལ་ལྷ་མོ་དང་གཞས་ཡག་པོ་ཞེ་དྲག་འཁྲབས་འདུག་ལབ་ནས་དགའ་པོ་ཞེ་དྲག་གནང་སོང། དེ་དུས་ང་རང་སེམས་པ་དཔེ་དགའ་པོ་བྱུང་སོང། གཅུང་མོ་དང་ང་གཉིས་ཚལ་མོག་མོག་ལ་དགའ་པོ་ཞེ་དྲག་ཡོད་ཙང། པ་ལགས་ཀྱིས་ང་དང་གཅུང་མོ་ལ་ཚལ་མོག་མོག་བཟོས་གནང་གི་རེད། དེ་སྐབས་གཅུང་མོས་གྲོད་ཁོག་རྒྱག་ཚར་ན་ཡང་ད་དུང་མོག་མོག་ཁ་ཤས་ཟ་ཡི་རེད། པ་ལགས་ཀྱིས་ང་གཉིས་ལ་ཕྲུ་གུ་ཆུང་ཆུང་གི་བརྙན་ཐུང་དེ་འདྲ་ཕབ་ལེན་གནང་ནས་བརྙན་འཕྲིན་དུ་སྟོན་གྱི་རེད། ངའི་གཅུང་མོ་དགའ་འཛོམས་ལགས་ཕག་ཕྲུག་དཔལ་སྐྱིད་(Peppa Pig)བོད་སྐད་དུ་བསྒྱུར་བའི་མགུལ་རིས་ལྟད་མོ་ལ་དགའ་པོ་ཞེ་དྲག་ཡོད། པ་ལགས་ཀྱིས་མོ་རང་གི་སྐྱེས་སྐར་ལ་(Peppa Pig)ཡི་ཨ་ལད་པད་ཀོ་ཞིག་ཉོས་གནང་སོང། མོ་རང་དགོང་དག་ཉལ་དུས་ཨ་ལད་པད་ཀོ་དེ་ལ་འཐམས་ནས་ཉལ་གྱི་རེད། ངའི་གཅུང་མོ་དང་ང་གཉིས་གཅིག་གཅིག་བྱས་ནས་དགུན་ཁའི་གུང་གསེང་སྐབས་པ་ལགས་དང་ཨ་མ་ལགས་ཀྱི་ནང་ལ་འགྲོ་རེས་བྱེད་ཀྱི་ཡོད། པ་ལགས་ཀྱི་གཞིས་ཆགས་སྦེལ་ཀོབ་རེད། ཨ་མ་ལགས་སྒང་ཏོག་ནས་རེད། པ་ལགས་ཀྱིས་གུང་གསེང་སྐབས་སྦག་སྦག་ལ་བཞོན་ནས་སྤུན་མཆེད་ཚང་མའི་ནང་འཆམ་འཆམ་ལ་འཁྲིད་ཀྱི་རེད། […]

ངའི་བོད།

ངའི་བོད།

དཀོན་མཆོག་སྐྱབས།འཛིན་གྲྭ་བཞི་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། བོད་ནི། ངའི་ཕ་མ་གཉིས་ཀྱི་སྐྱེས་ཡུལ་ཡིན་པས། བོད་ནི་ངའི་ཕ་ཡུལ་ཡིན། ངའི་པ་ལགས་ཀྱིས་བོད་ཞེས་པའི་ས་ཆ་དེ་གང་འདྲ་ཡོད་མེད་ང་དང་ངའི་སྤུན་མཆེད་རྣམས་ལ་བཤད་ཀྱི་ཡོད། ངའི་པ་ལགས་ཀྱིས་བོད་ནི། ས་ཆ་མཐོ་བོ་ཞིག་ལ་ཆགས་ཡོད་པ་དང་ཕྱིའི་ཁོར་ཡུག་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པའི་སྐོར་གསུངས་གནང་གི་ཡོད། བོད་ཀྱི་མཁའ་རླུང་གཙང་མ་དང་རླུང་བུ་བསིལ་བའི་རང་བཞིན་རྣམས་འགྲེལ་བརྗོད་གནང་སྐབས་སུ་ང་རང་བོད་དུ་འགྲོ་འདོད་ཆེན་པོ་ཡོང་གི་འདུག།པ་ལགས་ཁོ་རང་ཆུང་དུས་སྐབས་སུ་འབྲོག་ལས་གནང་ཕྱོགས་སྐོར་གསུངས་སྐབས་དངོས་ནས་འབྲོག་པའི་འཚོ་བ་ལ་ཡིད་སྨོན་ཆེན་པོ་སྐྱེས་ཀྱི་ཡོད་དེ།ཁོང་ལོ་ན་དེ་འདྲ་ཆུང་ཆུང་སྐབས་ནས་སོ་སོའི་ཕྱུགས་རིགས་རྣམས་རིའི་སྒང་དུ་རྩ་བཟང་ས་དང་ཆུ་བཟང་སར་ཁྲིད་པ་སོགས་ཕྱུགས་ལས་གནང་བར་ཧང་སང་གི་ཡོད། ང་རང་པ་ལགས་ཀྱིས་དཀའ་ལས་སྐྱོན་སྟངས་ལ་མིག་དཔེ་ལེན་དགོས་པ་བསམ་བློའི་ནང་སླེབས་ཀྱི་འདུག ཁོང་ནི་ཕྱུགས་རིགས་རྣམས་ལ་བརྩེ་བ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་གསལ་པོ་རེད། ད་དུང་པ་ལགས་ཀྱི་ཞལ་ནས་ཐོས་པའི་བོད་ནང་འཚོ་གནས་བྱེད་པའི་མི་དང་དུད་འགྲོ་སེམས་ཅན་རྣམས་ཞི་བདེ་བག་ཕེབས་ངང་ཡོད་པའི་སྐོར་གསུངས་ཀྱི་འདུག། ནགས་སུ་གནས་པའི་སེམས་ཅན་རྣམས་ལ་བོད་མི་ཚོས་གནོད་འཚེ་མི་བྱེད་པ་དང་། རང་བྱུང་གི་ཁོར་ཡུག་ལ་གནོད་འཚེ་མི་བྱེད་པ་སོགས་བོད་མི་རྣམས་སེམས་བཟང་ཅན་ཡོད་པ་ཐོས་མྱོང་། བོད་མི་རྣམས་རང་གི་རིག་གཞུང་དང་ཆོས་ལ་གུས་བརྩི་ལྡན་པ་བཅས་ཡོད། གོང་དུ་བརྗོད་པའི་བོད་ཀྱི་རྣམ་པ་དེ་དག་ནི་བོད་རང་བཙན་མ་ཤོར་གོང་གི་གནས་སྟངས་ཤིག་ཡིན། ང་རང་ལྟ་བུ་ལ་མཚོན་ན། རང་གི་ཕ་ཡུལ་བོད་མཐོང་མྱོང་མེད་ཀྱང་།རང་གི་ཕ་ཡུལ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ལ་དོ་སྣང་བྱེད་རྒྱུ་དགའ་པོ་ཡོད། ངས་བརྙན་བརྒྱུད་ནས་བོད་ཀྱི་གནས་ཚུལ་མང་པོ་ཞིག་ལྟ་ཡིན་ཡོད། པ་ལགས་ཀྱིས་གསུངས་པའི་ཕ་ཡུལ་བོད་དེ་ད་ཆ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་གསལ་པོ་རེད་འདུག བོད་ནང་དེང་གི་འཕྲུལ་ཆས་མང་པོ་ཞིག་དགོས་མེད་གསར་སྐྲུན་བྱས་པ་ལ་བརྟེན་ནས་ནགས་གསེབ་ཉུང་དུ་ཕྱིན་པ་དང་། ཤིང་སྡོང་གཅོད་པ་ལ་བརྟེན་ནས་རང་བྱུང་གི་གནོད་པའི་ཉེན་འཚབ་ཡང་ཡང་ཡོང་བའི་གནས་ཚུལ་སོགས་བྱུང་བ། རི་རྣམས་མེད་པ་བཟོས་ནས་བཟོ་གྲྭ་གསར་བཟོ་བྱས་པ་ལ་བརྟེན་ནས་སྔར་ལས་ལྡོག་ཏེ་མཁའ་རླུང་བཙོག་ཏུ་འགྲོ་བཞིན་པ་བཅས་གསལ་པོ་རེད། བོད་དུ་གནས་བཞིན་པའི་མི་རྣམས་ཀྱི་འཕྲོད་བསྟེན་ལའང་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་བོད་ཀྱི་སྐད་དང་རིག་གཞུང་ལ་གནོད་པ་ཆེན་པོ་བྱུང་ཡོད། བོད་མི་རྣམས་ཀྱི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་བྱེད་མི་ཆོག་པ་སོགས་ཀྱི་བོད་མི་ཚོའི་སེམས་ལ་དཀའ་ངལ་ཆེན་པོ་ཞིག་བཟོས་ཡོད། ད་ཆ་བོད་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོ་ལ་སེམས་ཀྱི་ཞི་བདེ་དེ་སྔར་ལྟར་གནས་མེད། རྒྱ་མིས་བོད་དེ་བཙན་བཟུང་བྱས་ནས་བཟུང་ཏེ་ངའི་པ་ལགས་ཀྱི་འགྲེལ་བརྗོད་བྱས་པའི་ངའི་བློ་ལ་འཆར་བའི་ཕ་ཡུལ་དེ་ལྡོག་ཕྱོགས་སུ་གྱུར་ཟིན་འདུག ང་རང་རྟག་ཏུ་རང་གི་ཕ་ཡུལ་དེ་པ་ལགས་ཀྱིས་འགྲེལ་བརྗོད་བྱས་པའི་ཞི་བདེ་བག་ཕེབས་ལྡན་པའི་ཕ་ཡུལ་དེ་བསྐྱར་དུ་ལྟ་འདོད་ལངས་ཙང་། ཤེས་ཡོན་སློབ་སྦྱོང་ཡག་པོ་བྱས་ནས་བོད་ཀྱི་བདེན་དོན་རེ་རེ་འཛམ་གླིང་ཡོངས་ལ་གསལ་བཤད་བྱས་ནས་བོད་ལ་རང་དབང་གི་ཉི་མ་ཤར་བར་འབད་བརྩོན་བྱེད་ཀྱི་ཡིན། བོད་རྒྱལ་ལོ།།

ངའི་བརྩེ་བའི་ཕ་མ།

ངའི་བརྩེ་བའི་ཕ་མ།

བསྟན་འཛིན་སྟོབས་ལྡན།འཛིན་གྲྭ་གསུམ་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། ངའི་བརྩེ་བའི་ཕ་མ་ནི་འཛམ་གླིང་འདིའི་ནང་བྱམས་སྐྱོང་གནང་མཁན་དང་པོ་དེ་ཡིན། ཕ་མ་མེད་ན་འཛམ་གླིང་འདིའི་ནང་ང་ཚོ་བྱུང་ས་མེད། ཕ་མ་ནི་ང་ཚོའི་མི་ཚེ་དེའི་ནང་གི་དགེ་རྒན་དང་པོ་དེ་ཡིན། ཕ་མས་ང་ཚོ་ལ་ཟ་སྟངས་དང། སྡོད་སྟངས། འཐུང་སྟངས་ཆ་ཚང་སློབ་ཀྱི་ཡོད། ཕ་མ་ལས་གལ་ཆེ་བ་སུ་ཡང་མེད། ཕ་མའི་ཕྱག་ལས་ནི་རྫོགས་མཚམས་མེད་པའི་ལམ་བུ་ལྟ་བུ་ཡིན། ངའི་ཕ་མ་གཉིས་ནི་ངའི་མི་ཚེ་ནང་གི་མི་བརྩེ་ཤོས་དེ་ཡིན། ཁོང་གཉིས་ཀྱིས་དུས་རྟག་ཏུ་ང་དང་ངའི་གཅེན་མོ་གཉིས་ཀྱི་ཆེད་དུ་དཀའ་ལས་མང་དག་ཅིག་བརྒྱབ་དང་རྒྱག་བཞིན་ཡོད། ངས་བྱས་ན་ངའི་ཕ་མ་གཉིས་ནི་མི་སྣ་སྟོབས་ཅན་ལྟར་སྣང། ངའི་བརྩེ་བའི་ཕ་མ་གཉིས་བོད་ནས་ཡོང་བ་རེད། ཁོང་གཉིས་བོད་ནས་རྒྱ་གར་དུ་ཡོང་སྟངས་ཀྱི་སྒྲུང་དེ་ཉན་དུས་དངོས་གནས་དཀའ་ལས་ཟེར་ན་དེ་ལྟར་རེད་འདུག་སྙམ། ཕྱིས་སུ་ཁོང་གཉིས་རྒྱ་གར་དུ་འབྱོར་ནས་ལས་གནས་འདྲ་མིན་ལ་རོལ་ཡོད། མ་ཟད་ཁོང་གཉིས་ས་ཆ་ག་ས་ག་ལ་ཕྱིན་ནས་འཚོ་བ་སྐྱེལ་ཐབས་བྱས། དེ་བཞིན་ཁོང་གཉིས་བོད་ནས་འབྱོར་དུས་ལོ་ན་ཆེན་པོ་ཡིན་པས་སློབ་གྲྭཪ་འགྲིམ་རྒྱུ་གོ་སྐབས་དེ་འདྲ་བྱུང་མེད་ཙང་ད་ལྟ་ང་ཚོ་བུ་ཕྲུག་གཉིས་ལ་དུས་རྟག་ཏུ་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་ཡང་ཡང་བྱེད་ཀྱི་འདུག ད་ལྟ་ངའི་ཕ་མ་གཉིས་ལ་ཚོང་ཁང་ཆུང་ཆུང་ཞིག་ཡོད། དེའི་ནང་རྔན་པ་འདྲ་མིན་ཚོང་ཡ་ཡོད་པ་མ་ཟད། ཞོགས་ཟས་དང་ཇ། ཡིག་ཆས་ཁ་ཤས་ཀྱང་ཚོང་ཡ་ཡོད། ཁོང་གཉིས་ཀྱིས་ཞོགས་པ་སྔ་པོ་ནས་ཞོགས་ཟས་སོགས་གྲ་སྒྲིག་བྱས་ནས་བཙོང་བ་དང་། དེ་བཞིན་ཕྱི་དྲོ་ཚོང་ཁང་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ང་ཚོ་ཕྲུ་གུ་གཉིས་ལ་ནང་ལས་འབྲི་རོགས་དང། སློབ་སྦྱོང་ལ་ཕྱག་རོགས་གནང་གི་འདུག་པས། དེ་འདྲ་མཐོང་དུས་ངས་བསམ་པར་མི་ཞིག་གིས་ལས་ཀ་ཆ་ཚང་གང་འདྲ་བྱེད་ཐུབ་ཀྱི་ཡོད་ན་བསམ་གྱི་འདུག ད་དུང་ངའི་ཨ་མ་ལགས་ཀྱིས་འཚེམ་ཁང་ཡང་བཟུང་ཡོད་པས། མི་མང་པོ་ཕྱུ་པ་དང་འོག་འཇུག་སོགས་འཚེམ་ཁར་ཡོང་གི་འདུག མ་ཟད་ཁོང་གིས་ང་དང་ངའི་གཅེན་མོ་ལ་ལོ་ལྟར་ལོ་གསར་དང་སྐྱེར་སྐར་གྱི་ཆེད་དུ་ཨ་མདོ་ཕྱུ་པ་སྙིང་རྗེ་མོ་དེ་འདྲ་འཚེམ་གྱི་འདུག ངའི་ཨ་མ་ལགས་ནི་དངོས་ནས་རྫུ་འཕྲུལ་ལྡན་པའི་ཨ་མ་ལྟར་འཆར། དེ་ལས་ལྷག་པ་ངའི་ཕ་མས་ང་ཚོ་ཕྲུ་གུ་གཉིས་ལ་གང་འདོད་ཀྱི་རྔན་པ་ཉོས་པ་དང། ཕྱི་ལ་འཆམ་འཆམ་དུའང་འཁྲིད་ཀྱི་འདུག ཕྲུ་གུ་གཞན་དང་འདྲ་བར་གོས་ཉོས་པ་དང་རྩེད་མོ་རྩེ་ས་དང། འཁྱམ་ས་གང་སར་འཁྲིད་ཀྱི་འདུག ཕ་མས་ང་ཚོའི་ཆེད་དུ་ཡོད་ཚད་ཕངས་མེད་དུ་གཏོང་གི་འདུག བསམ་བློ་ཞིག་གཏང་ན་ལས་ཀ་དེ་ཚོ་ལས་སླ་པོ་ཞིག་ག་ལ་ཡིན། དངོས་གནས་ཕ་མ་ནི་གནམ་འོག་གི་བཀའ་དྲིན་ཆེ་ཤོས་ཀྱི་གང་ཟག་དེ་ཡིན། ང་ཚོར་སློབ་གྲྭ་རུ་དགེ་རྒན་ཚང་མས་ཕ་མ་བཀའ་དྲིན་ཆེན་པོ་ཡིན་པ་དང་བཀའ་དྲིན་འཇལ་ཐུབ་རྒྱུ་མེད་པའི་བསླབ་བྱ་ཡང་ཡང་བཀྱོན་གྱི་འདུག།དེ་སྔོན་ངའི་དགེ་ལགས་ཀྱིས་གང་གསུང་བ་དེ་ལ་དོ་སྣང་ཞེ་དྲག་བྱེད་མེད། ཡིན་ནའང་ད་ལྟ་ཁོང་གཉིས་ཀྱི་སྐོར་བྲིས་བཞིན་པའི་སྐབས་ངའི་དགེ་ལགས་ཀྱིས་གང་གསུང་པ་དེ་དག་བདེན་པ་རེད་འདུག ངས་རྗེས་མ་ཕ་མ་གཉིས་ལ་ཁོང་གཉིས་ཀྱིས་ཚུར་གང་བྱས་པ་དེ་ལྟར་ཕར་བྱེད་ཐུབ་ཀྱི་ཡོད་མེད་ཤེས་མ་སོང། འོན་ཀྱང་ངས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ཤེས་བྱེད་ཀྱི་ཡིན། ཕ་མའི་བཀའ་དྲིན་ནི་ངས་ནམ་ཡང་བརྗེད་ཀྱི་མིན། ལྷག་པར་དུ་ཁོང་གཉིས་ཀྱིས་ང་ལ་བྱས་པ་དེ་ལྟར་བྱ་མ་ཐུབ་ནའང་ ངས་ཉིན་རེ་ཡང་ན་བདུན་རེར་ཕ་མར་རོགས་པ་ཅུང་ཟད་ཞིག་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན། སོང་ཙང་ངས་དེ་རིང་ནས་དམ་བཅའ་གཞག་རྒྱུ་ཡིན་པས། ང་རང་རྗེས་མ་ཆེན་པོ་ཆགས་སྐབས་ངས་ང་རང་གི་ཕ་མ་གཉིས་ལ་རོགས་པ་གང་ཐུབ་བྱེད་རྒྱུ་ཡིན་ནོ།།

ངའི་གྲོགས་པོ།

ངའི་གྲོགས་པོ།

བསྟན་འཛིན་རྣལ་འབྱོར།འཛིན་གྲྭ་ལྔ་པ། གུ་རུ་པུ་ར་སཾ་བྷོ་ཊ། ང་ལ་གྲོགས་པོ་མང་པོ་ཡོད། འོན་ཀྱང་ངའི་གྲོགས་པོ་ཡག་ཤོས་དེའི་མིང་ལ་རིགས་བཟང་ཟེར་གྱི་ཡོད། ངའི་གྲོགས་པོ་རིགས་བཟང་རང་ལོ་བཅུ་གསུམ་དང་ཁོ་ནི་ང་ལས་ལོ་རྒན་པ་རེད། ངའི་གྲོགས་པོའི་ནང་ལ་ཁོ་རང་གི་ཆེད་དུ་རྐང་འཁོར་གཅིག་དང་ཁོ་རང་གི་ནང་མིའི་ཆེད་དུ་སྦག་སྦག་དཀར་པོ་གཅིག་དང་མོ་ཊ་དམར་པོ་གཅིག་ཡོད། ཁོ་རང་གི་རྐང་འཁོར་ཚོན་མདོག་ནི་དམར་པོ་རེད་འདུག འོན་ཀྱང་ཁོ་རང་གི་ཚོན་མདོག་དགའ་ཤོས་ནི་དཀར་པོ་རེད། ངས་ཁོ་རང་ལ་ཧ་ཅང་གི་དགའ་མོས་བྱེད་དགོས་དོན་ནི། ཁོ་རང་ནི་ཧ་ཅང་གི་མི་ཞི་བདེ་ཅན་ཞིག་དང་དམིགས་བསལ་ཞིག་ལ་ང་རང་ལ་འཁྲུག་རྩོད་དེ་འདྲ་རྩ་བ་ནས་རྒྱག་མྱོང་མེད། ཁོང་དང་ང་ནི་གྲོང་སྡེ་གཅིག་ནས་ཡིན་དུས་ཕན་ཚུན་ཡང་སེ་ཐུག་འཕྲད་ཡོང་གི་ཡོད། མ་ཟད་གུང་སེང་སྐབས་ང་གཉིས་མཉམ་དུ་རྐང་འཁོར་བཞོན་ནས་གྲོང་སྡེ་གང་ཚང་སྐོར་ནས་འགྲོ་ཡི་ཡོད། རིགས་བཟང་གིས་རྐང་འཁོར་ཧ་ཅང་མགྱོགས་པོ་གཏོང་ཐུབ་ཀྱི་ཡོད། ཁོང་འཛིན་གྲྭ་བདུན་པའི་ནང་སློབ་སྦྱོང་སྦྱོང་བཞིན་ཡོད། རིགས་བཟང་གི་གཟུགས་དབྱིབས་ཕྲན་བུའི་རྒྱགས་པ་དང་ཤུགས་ཧ་ཅང་གི་ཆེན་པོ་ཡོད། ཁོང་ནི་སློབ་སྦྱོང་ལ་བརྩོན་པོ་དང་དོ་སྣང་ཡག་པོ་ཡོད་པས་སློབ་སྦྱོང་དང་ཀུན་སྤྱོད་ཡག་པོ་མ་ཟད་མི་གཤིས་ཡང་འཇམ་པོ་ཡོད། ཁོ་རང་གི་སློབ་ཚན་དགའ་ཤོས་ནི་བོད་ཡིག་རེད། ད་དུང་ཁོས་སྦག་སྦག་ཡང་གཏོང་ཤེས་ཀྱི་འདུག ཁོང་ནི་ང་ལས་རྫིག་པ་དང་སེམས་ཧ་ཅང་གི་བཟང་བ་ཡོད། ཁོ་རང་ལག་ཐོག་ཁ་པར་ལ་དེ་ཙམ་གྱི་དགའ་པོ་མི་བྱེད་མཁན་ཞིག་དང་གཞས་དང་ཞབས་བྲོ་གཉིས་ཀའི་རྒྱུ་རྩལ་ཡག་པོ་ཡོད་མཁན་གྱི་མི་ཞིག་ཡིན་དུས། ངས་དམིགས་བསལ་གྱི་ཁོ་རང་ལ་དགའ་མོས་དང་མིག་དཔེ་ལྟ་འོས་པའི་གྲོགས་པོ་ཡག་པོ་ཞིག་རྩིས་པ་དེ་ནོར་མི་འདུག་བསམ་གྱི་ཡོད། ག་དུས་ཡིན་ནའང་ང་རང་རིགས་བཟང་དང་མཉམ་དུ་རྩེད་མོ་བརྩེ་རྒྱུ་དང་འཁྱམ་ནས་འགྲོ་རྒྱུ་ནི་ངའི་ལས་ཀ་དགའ་ཤོས་དེ་རེད། དེ་བཞིན་ང་རང་རིགས་བཟང་ག་བ་བསྡད་ན་དེར་མཉམ་དུ་བསྡད་རྒྱུ་དང་ཁོ་རང་ག་རེ་བྱས་ནའང་ཡག་པོ་དང་ནོར་མེད་པ་ཞིག་མཐོང་གི་འདུག ངའི་གྲོགས་པོའི་གཟུགས་པོ་རིང་པོ་དང་ཁོང་གི་ནང་ལ་རྩེད་ཆས་ཡག་པོ་དེ་འདྲ་མང་པོ་ཡོད་པ་མ་ཟད་ང་རང་ལ་གང་དགོས་གཡར་གྱི་འདུག ཧོན་སུར་རབ་རྒྱས་གླིང་ནང་སྐད་གྲགས་ཆེ་བའི་ཐུབ་བསྟན་ཟ་ཁང་ཟེར་བའི་བདག་པོ་ནི་ཁོ་རང་གི་ཕ་མ་གཉིས་རེད། ཁོང་གི་ནང་ནི་ཟ་ཁང་དེ་རང་དང་མཉམ་དུ་སྦྱར་ནས་ཡོད། ཁོང་ཚོའི་ནང་དང་ཟ་ཁང་གི་ཚོས་མདོག་ནི་དམར་པོ་རེད། ཡང་འཚམ་རེར་ངའི་གྲོགས་པོ་ཁོ་རང་གི་གྲོགས་པོ་གཞན་དང་མཉམ་དུ་འགྲོ་ཡི་ཡོད། འོན་ཀྱང་ང་ལ་བྱམས་པོ་བྱེད་རྒྱུ་དེ་རང་འཇགས་འགྱུར་མེད་སྡོད་ཀྱི་འདུག ངའི་གྲོགས་པོ་ལ་སྤུན་མཆེད་ཨ་ཅག་གཅིག་དང་ཅོ་ཅོ་གཅིག་ཡོད། ངའི་གྲོགས་པོའི་ཁང་པའི་མདུན་ལ་མེ་ཏོག་མང་པོ་མཐོང་རྒྱུ་དང་ཁོང་ཚོའི་ཟ་ཁང་གི་ཁ་ལག་ཧ་ཅང་གི་ཞིམ་པོ་དང་སྐད་གྲགས་ཆེན་པོ་ཡོད་རེད། ངའི་གྲོགས་པོ་རིགས་བཟང་ཁོ་རང་སོ་སོའི་ཕ་མ་གཉིས་ལ་བརྩེ་བ་ཆེན་པོ་དང་གུས་ཞབས་ཡག་པོ་བྱེད་ཀྱི་འདུག ཁོང་རང་སློབ་གྲྭའི་ནང་སྒྲིག་འཛུགས་ཡག་པོ་འཁྱེར་མཁན་གྱི་སློབ་མ་ཟིང་ཆ་ཞེ་དྲག་མི་སློང་མཁན་དེ་འདྲ་རེད། ངའི་གྲོགས་པོ་ཁོ་རང་ཁ་ལག་དང་ཤིང་ཏོག་ལ་དགའ་པོ་མ་གཏོགས་ཆུ་མངར་མོ་དང་མངར་ཆའི་རིགས་གང་བྱུང་ལ་དགའ་པོ་བྱེད་ཀྱི་མེད། ངའི་གྲོགས་པོ་ཁོ་རང་གི་ཁང་པ་དམར་པོ་རྫིག་པོ་དེའི་ནང་ག་དུས་ཡིན་ནས་ང་རང་འགྲོ་རྒྱུར་དགའ་པོ་ཡོད། གང་ཡིན་ཟེར་ན་ཁོས་ང་རང་ལ་རྟག་ཏུ་བཅོས་མིན་གྱི་བརྩེ་དུང་དང་གུས་བརྩི་བྱེད་པས་ཡིན། དེ་ཙམ་དུ་མ་ཟད་ཁོ་རང་ནི་ཕྲུ་གུ་ཆུང་ཆུང་དེ་འདྲ་ལ་སེམས་གཏིང་ནས་དགའ་པོ་ཡོད་པ་མ་ཟད་ཁོང་ཚོ་ལ་རྔན་པའང་སྤྲད་རྒྱུ་དགའ་པོ་ཡོད། ཁོང་གི་དགའ་ཤོས་སྣ་ཁ་འགའ་ཤས་ནི། ངང་ལག་དང་ཀུ་ཤུ། ཉི་མ་མེ་ཏོག་དང་རྒྱ་སེ་མེ་ཏོག སེམས་ཅན་གྱི་ནང་ནས་ཁྱི། སློབ་གྲྭ་ལ་འགྲོ་རྒྱུ་བཅས་ཡིན། གང་ལྟར་སློབ་གྲྭའི་ནང་ཁོ་རང་ལ་ང་མ་ཡིན་པའི་གྲོགས་པོ་གཞན་མང་པོ་ཡོད། ཁོ་རང་གི་བོད་ཡིག་ཡིག་གཟུགས་ཧ་ཅང་གི་ཡག་པོ་འདུག མཐའ་དོན་ང་རང་ལ་གྲོགས་པོ་ཡག་པོ་མང་པོ་ཡོད་ཀྱང་རིགས་བཟང་ནི་ང་རང་གི་གྲོགས་པོ་ཡག་ཤོས་ཡིན།