Skip to main content
ཤེས་རིག་ལས་ཁུངས།

ངའི་དཔྲལ་བའི་མིག་དང་འདྲ་བའི

ངའི་དཔྲལ་བའི་མིག་དང་འདྲ་བའི་བརྩེ་བའི་ཕ་མ་གཉིས།

ཡོན་ཏན་ཚང་ཡང་བསྐྱར་སྒྲོལ་མ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       དེ་རིང་གི་གནམ་གཤིས་ནི་མེ་རི་ལྟར་ཚ་བའི་ཁར། གུས་མོ་ང་རང་གི་ལུས་གཟུགས་ཡོངས་རྫོགས་ལ་རྔུལ་ཆུ་ཞིག་གིས་བཟུང་ནས་བསླེབས་སོང་བས། ང་རང་སུན་སྣང་དང་བཅས་འཛིན་ཁང་གི་ཕྱི་ལོགས་སུ་དོན་སྐབས་སློབ་ཕྲུག་ཚོས་ཚ་ཚ་འུར་འུར་ངང་ནང་སྦྱར་པང་གི་ཕྱོགས་སུ་འཁོར་ཏེ་ལབ་གླེང་འདྲ་མིན་ཞིག་བྱེད་ཀྱིན་ཡོད་པས། ངས་ཀྱང་ཅི་ཞིག་ཡིན་ནམ་སྙམ་ནས་ཁོ་ཚོའི་འཁྲིས་སུ་བཅར་དུས། གྱང་སྦྱར་ངོས་སུ་གསལ་བསྒྲགས་དང་སློབ་མ་ཚོས་བྲིས་པའི་རྩོམ་སོགས་སྦྱར་འདུག་པའི་དཀྱིལ་དབུས་སུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱས་པའི་དགེ་སློབ་འབྲི་རྩོམ་གྱི་གསལ་བསྒྲགས་དེ་མཐོང་སོང་། ངས་དབུགས་ཐེངས་གཅིག་གིས་གསལ་བསྒྲགས་དེ་འགོ་ནས་མཇུག་བར་དུ་ཀློག་སྐབས། ད་ཐེངས་འཛིན་བརྒྱད་པར་རང་མོས་རྩོམ་ཡིག་བྲི་ཆོག་ཟེར་ནས་བྲིས་འདུག་པས། ང་དེ་བས་ཀྱང་དགའ་བོ་བྱུང་། གང་ཡིན་ཟེར་ན། རང་མོས་བརྗོད་གཞི་ཡིན་ན་གང་འདོད་དུ་འབྲི་ཆོག་པ་རེད། དེ་ནས་ངས་བརྗོད་བྱ་གང་གི་སྐོར་ལ་འབྲི་དགོས་མིན་གྱིས་བསམ་བློ་ཞིག་གཏོང་དུས། གློ་བུར་དུ་ངས་རང་ཉིད་ཀྱི་གྱོན་པའི་གོས་དང་ཉིན་ལྟར་ཟས་ཞིམ་གནང་མཁན་གྱི་ཕ་མ་གཉིས་པོ་སེམས་པར་འཆར་སོང་། དེ་ནས་ངས་སྐར་ཆ་གཅིག་ཀྱང་མ་འགོར་བར་རང་ཉིད་ཀྱི་སྨྱུ་གུ་འགུལ་འགོ་བརྩམས་པ་ཡིན། ཆུང་སྦར་མོ་གང་ནས་སྐྱོང་མཁན་དེ།།དྲིན་བུ་ལ་ཆེ་བ་ཕ་མ་རྣམས།།དུས་སྐད་གཅིག་མེད་ན་འཚོ་ཐབས་མེད།།དྲིན་ཀུན་ལ་ཆེ་བ་ཕ་མ་ཡིན།།       སྤྱིར་ཕ་མ་ཟེར་བ་ནི་སྐྱེས་བོ་ཐམས་ཅད་ལ་དགོས་པ་ཞིག་ཡིན་ལ། ཕ་མ་མེད་ན་ང་ཚོ་ཡང་མེད། དེས་མ་ཟད་ཕ་མ་ཟེར་བ་ནི་ཁྲག་རྒྱུན་གཅིག་པུར་མ་ཡིན་པར། རང་ཉིད་ལ་བྱམས་སྐྱོང་དང་བརྩེ་བ་གཞན་ལས་ལྷག་པ་སྤྲོད་མཁན་དེ་ཕ་མ་ཡིན། དཔེར་ན། ད་ཕྲུག་རྣམས་གསོ་མཁན་གྱི་མི་དང་། གསོ་སྐྱོང་གནང་མཁན་སུ་ཡང་མེད་པ་ན། རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཕ་མར་ངོས་འཛིན་བྱས་ན་ནོར་བ་མེད། གང་ཡིན་ཟེར་ན། དགེ་བའི་བཤེས་གཉེན་རྣམས་ཀྱིས་ང་ཚོའི་མི་ཚེ་འགྲོ་སྟངས་ཤིག་སློབ་ཀྱི་ཡོད་ཙང་ཕ་མ་དང་འདྲ་བོ་ཡོད། ཡིན་ནའང། ང་ལ་ཕ་མ་ཡོད་ཙང་། ང་ལ་ཆ་མཚོན་པ་ཡིན་ན་ང་རང་ཟླ་དགུ་ཁོག་ནང་ཉར་མཁན་དང་། རང་ཉིད་ཀྱི་ཞེད་སྣང་ལ་གདོང་ལེན་བྱེད་འཇུག་མཁན་གྱི་ཕ་མ་བཟང་པོ་ཞིག་ཡོད། ཁོང་རྣམ་གཉིས་ནི་ཨ་མ་ཚེ་དབྱངས་ལགས་དང་། པ་ལགས་བསྟན་འཛིན་ལྷུན་གྲུབ་ཡིན། ཁོང་རྣམ་གཉིས་ཀྱིས་ང་ལ་སྦྱིན་པའི་བརྩེ་བ་དེ་ངས་ནམ་ཡང་དྲིན་ལན་འཇལ་ཐབས་མེད་ལ། ཁོང་གཉིས་ཀྱི་གནང་བའི་ལག་རྟགས་དང་བརྩེ་བ་སོགས་དངུལ་གྱི་ཉོ་འདོད་ཀྱང་ཉོ་མ་ཐུབ་པ་ཞིག་ཡིན། ད་ལྟ་ང་རང་སློབ་སྦྱོང་སྦྱང་པར་སློབ་གྲྭར་གཏོང་མཁན་དེ་ཡང་ཕ་མ་ཡིན་ལ། ཆུང་དུས་ཐོག་མ་སྐད་ཆ་བཤད་སྟངས་དང་འགྲོ་སྟངས་སོགས་སློབ་མཁན་དེ་ཡང་ཕ་མ་གཉིས་པོ་ཡིན། ངའི་ཕ་མ་གཉིས་པོ་ནི་བོད་ནས་རྒྱ་གར་ལ་ལོ་རབས་དགུ་བཅུའི་ནང་བཙན་བྱོལ་དུ་འབྱོར་བ་ཞིག་ཡིན་ལ། ངའི་ཕ་མ་ཁོང་གཉིས་ཐོག་མར་ཕྲུ་གུ་འབྱུང་དུས་ན་གཞོན་ཡིན་པ་དང་། བོད་ནས་གསར་དུ་ཕེབས་པ་ཞིག་ཡིན་དུས་དཔལ་འབྱོར་གྱི་དཀའ་ངལ་མང་ཡང་རང་ཉིད་ཀྱི་ཕྲུ་གུའི་གྲོད་པ་སྟོང་པ་བཞག་མྱོང་མེད། གཅེན་མོ་སྐྱེས་པའི་ལོ་བཞི་ཙམ་རྗེས་སུ་ཕ་མ་རྣམ་གཉིས་ལ་ང་བྱུང་བ་རེད། དེ་དུས་ཁོང་གཉིས་ཀྱིས་གཅེན་མོ་ང་གཉིས་རྡོ་རྗེ་ཕ་ལམ་ལས་ཀྱང་རྩ་ཆེ་བར་བརྩིས་པར་མ་ཟད། ཁོང་གཉིས་ཀྱིས་ང་དང་ངའི་གཅེན་མོའི་བདེ་བའི་ཆེད་ཕྱི་ལ་འཁྱམ་འཁྱམ་དུ་ཡུལ་ལྗོངས་མཛེས་པོ་གང་སར་མང་པོ་ཁྲིད་མྱོང་ཡོད། ཟས་ཞིམ་པོ་རང་ལ་ཐོབ་པའི་སྐབས།།ཟ་མ་ཕོད་བུ་ཕྲུག་ཆེད་དུ་ཉར།།དངུལ་སྒོར་མོ་རེ་གཉིས་ཐོབ་པའི་དུས།།བོུ་ང་ཚོའི་ཆེད་དུ་ཕང་མེད་བཏང་།།       ཕ་མ་ཁྱེད་གཉིས་ཀྱི་བརྩེ་བ་དང་ང་ལ་གསུངས་པའི་བསླབ་བྱ་སོགས་ངས་རང་ཉིད་ཀྱི་སེམས་ལ་རི་མོ་བརྐོས་པ་བཞིན་དྲན་པ་བརྗེད་མི་ཐུབ། དེ་རིང་ངས་རྩོམ་འདི་བརྒྱུད་ནས་རང་ཉིད་ཀྱི་སེམས་ཐག་ཉེ་བའི་ཕ་མ་རྣམ་གཉིས་ལ་སེམས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཕ་མ་ཁྱེད་གཉིས་ཀྱི་དོན་དུ་ད་ལྟ་ང་གསོན་པོ་དང་བདེ་བོའི་ངང་མི་ཚེ་སྐྱེལ་ཐུབ་ཡོད་ལ། ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་སོང་། ཕ་མ་ཁྱེད་གཉིས་ཀྱིས་ང་ཡི་ཆེད་དུ་བྱས་པའི་བྱ་བ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་བ་དང་། བྱམས་བརྩེ་ལྡན་པའི་ཕ་མ་རྣམ་གཉིས་སྐུ་ཚེ་ཡུན་རིང་གནས་པར་ཤོག ། ཆུང་དུས་ནས་བརྩེ་བས་བྱམས་ཀྱི་བསྐྱངས།།བདག་ང་ཡིས་ཆེད་དུ་ལས་ལ་བརྩོན།།སྔོན་བསོད་ནམས་བསགས་པའི་འབྲས་བུ་ལ།།མི་ང་ལ་ཕ་མ་དྲིན་ཆེན་ཞིག ། གུས་ང་ཡིས་དགེ་རྒན་དང་པོ་ཁྱེད།།ལས་གང་བྱས་ཁྱེད་ཀྱི་བསླབས་ནས་བྱུང་།།དུས་རྟག་ཏུ་རྒྱབ་སྐྱོར་ང་ལ་གནང་།།ཁྱེད་བདག་ལ་བཀའ་དྲིན་ཆེ་སོང་ངོ་།། ཁྱེད་ཕ་མ་རྣམ་གཉིས་ང་ལ་ནི།།དུས་ད་ལྟ་བར་དུ་བསྐྱངས་པ་དེར་།།སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ།།ཁྱེད་རྣམས་གཉིས་ཚེ་རིང་ནད་མེད་ཤོག། དྲིན་ང་ཡིས་བསམས་ནས་བཀའ་དྲིན་ཚོར།།བདག་ང་ཡིས་ཕ་མ་གཉིས་པོ་ལ།།ལུས་ང་ཡིས་གང་ཅོག་ཞབས་སྤྱི་ཞུ།།དེ་ཚེ་རབས་འདི་ཡི་དམ་བཅའ་ཡིན།

སའི་གོ་ལ།

སའི་གོ་ལ།

བསྟན་འཛིན་བཟོད་པ།འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       སའི་གོ་ལ་ཞེས་པ་ནི་ཧ་ཅང་རྒྱ་ཆེ་ཞིང་མི་དང་འགྲོ་བ་སེམས་ཅན་འདྲ་མིན་གནས་སའི་ཞིང་ཁམས་ཆེན་པོ་ཞིག་ཡིན། སའི་གོ་ལར་མིང་མང་པོ་ཡོད་པ་རྣམས་ནི་འཛམ་གླིང་དང་འཛམ་བུ་གླིང་། ས་གཞི། སའི་གོ་ལ། གོ་ལ་སོགས་ཟེར། དེ་ནི་ཉི་མའི་ཁྱིམ་རྒྱུད་ནང་ནས་གཟའ་ཆེ་ཤོས་ལྔ་པ་དང་མཛེས་ཤོས་གྲས་ཤིག་རེད། སའི་གོ་ལའི་དབྱིབས་ནི་ཟླུམ་པོ་དང་། ཆུ་བརྒྱ་ཆ་བདུན་ཅུ་དོན་གཅིག ས་བརྒྱ་ཆ་ཉི་ཤུ་རྩ་བདུན། མཁའ་རླུང་བརྒྱ་ཆ་གཉིས་བཅས་ཡོད། དེ་ནི་ཉི་མའི་ཁྱིམ་རྒྱུད་ནང་ནས་ཉི་མ་དང་ཐག་ཉེ་ཤོས་གསུམ་པ་དེ་རེད།       འཛམ་གླིང་ནི་གསེར་དང་དངུལ། ཟངས། ལྕགས། རྡོ་རྗེ་ཕ་ལམ། གཡུ། བྱུ་རུ་སོགས་རིན་ཐང་ཆེ་བའི་གཏེར་དངོས་མང་པོས་བཏུམས་ཡོད། དེ་འདྲ་སོང་ཙང་མི་མང་པོས་འཛམ་གླིང་ནས་གཏེར་ཁ་བསྔོགས་ནས་ཕྱུགས་པོ་ཆགས་ཀྱི་ཡོད། འོན་ཀྱང་དེ་ནི་ང་ཚོའི་འཛམ་གླིང་ལ་གནོད་སྐྱོན་ཡང་ཆེ་ཤོས་ཆགས་ཀྱི་ཡོད། གོ་ལའི་ཁ་དོག་མང་ཆེ་བ་སྔོན་པོ་ཡིན། རྒྱུ་མཚན་ནི་བརྒྱ་ཆ་མང་ཤོས་ཆུ་ཡིན་པ་དང་། དེ་བཞིན་བརྒྱ་ཆ་མང་ཤོས་གཉིས་པ་ས་ཡིན་པས་ཁ་དོག་རྒྱ་སྨུག་རེད། འཛམ་གླིང་ནང་ལུང་པ་མང་པོ་ཡོད་པ་ནས་གཏེར་ཁ་མང་ཤོས་ང་ཚོའི་ཕ་ཡུལ་བོད་ནས་རག་གི་ཡོད་ཙང་། རྒྱ་མིས་བོད་ལ་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་པ་རེད། མི་འཚོ་གནས་བྱ་ཡུལ་གྱི་རྒྱལ་ཁབ་ཆེ་ཤོས་ནི་ཨུ་རུ་སུ་(Russia)དང་། མི་གནས་སའི་ས་ཆ་མཐོ་ཤོས་ནི་བོད་ཡིན། ད་དུང་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཁབ་བར་དམག་འཛིང་མང་པོ་རྒྱག་གི་ཡོད་པ་ནི། ཧ་ཅང་སེམས་པ་སྐྱོ་བའི་གནས་ཚུལ་ཞིག་རེད། གལ་སྲིད་ང་ཚོས་རང་གི་་ཁོར་ཡུག་གཙང་མ་མ་ཉར་ན། ང་ཚོ་ཚང་མའི་འཛམ་གླིང་མེད་པ་ཆགས་ངེས། དེ་འདྲ་སོང་ཙང་ཁོར་ཡུག་གཙང་མ་བཟོ་རྒྱུ་དེ་གལ་ཆེན་པོ་ཡིན། ད་ལྟའི་འཛམ་གླིང་འདི་མེད་ན་ང་ཚོ་མི་དང་། འགྲོ་བ་སེམས་ཅན་ཚང་མ་གནས་སྲིད་ཀྱི་མ་རེད། བྱས་ཙང་འཛམ་གླིང་འདི་ང་ཚོའི་ཕ་མ་ནང་བཞིན་རེད། ཉི་མའི་ཁྱིམ་རྒྱུད་ནང་ནས།།གཟའ་སྐར་ཆེ་ཤོས་ལྔ་པ།།ཆུ་དང་རྩི་ཤིང་མང་བའི།།མཛེས་པའི་འཛམ་གླིང་འདི་ཡིན།། གལ་ཏེ་འཛམ་གླིང་མེད་ན།།ཆུ་དང་མཁའ་རླུང་མེད་པས།།ང་ཚོ་སྡོད་དགོས་བསམས་ཀྱང་།།རེ་བ་སྟོང་པ་ཡིན་ནོ།།

ང་ཡི་བརྩེ་བའི་གཅུང་པོ།

ང་ཡི་བརྩེ་བའི་གཅུང་པོ།

བསྟན་འཛིན་བློ་གསལ།འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཀ་ཡི་གསོན་དང་བརྩེ་བའི་གྲོགས་པོ་ཚོ།།དེ་རིང་ང་ཡི་ཚིགས་བཅད་འདི་ཡི་ནང།།རང་གི་བརྩེ་བའི་གཅུང་པོ་ངོ་སྤྲོད་བྱེད།།ཁོང་གི་མཚན་ལ་བསྟན་འཛིན་མཐོང་ལམ་ཟེར།། ཁོང་གི་མགོ་སྐྲ་སུ་ལུ་ཡིན་པ་དང།།གཟུགས་པོ་ཆུང་ཡང་ཤུགས་རྩལ་ཆེན་པོ་ཡོད།།བློ་རིག་རྣོ་ཞིང་རྩིས་རིག་ཧ་ཅང་མཁས།།འཆར་ལོར་དཔེ་སྟོན་སློབ་གྲྭར་ཡོང་མཁན་རེད།། ཁོ་ནི་སྤྲེའུ་ལྟར་འཚུབ་པོ་ཡོད་ནའང།།པཱ་ལགས་མཐོང་ཚེ་ཙི་ཙི་ནང་བཞིན་ཞུམ།།ང་དང་རྩེད་འཇོར་རོལ་རྒྱུ་ཤིན་ཏུ་དགའ།།ཤ་མོག་མཐོང་ན་ཁ་ལ་འགྲམ་ཆུ་འཁོར།། ང་རང་གཅུང་པོ་དྲན་དུས་མིག་ཆུ་འཁོར།།ཉེ་འགྲམ་ཡོད་དུས་ཕན་ཚུན་འཁྲུག་འཛིང་བྱེད།།ཐག་རིང་གྱར་དུས་གནོང་འགྱོད་དྲག་པོ་སྐྱེས།།ཁོ་རང་དྲན་དུས་མིག་ཆུ་ཡང་ཡང་ཤོར།། རྔན་པའི་རིགས་ལ་ཤིན་ཏུ་དགའ་ན་ཡང།།ཚལ་རིགས་ཤིང་འབྲས་དུག་ལ་བརྩི་ཡི་ཡོད།།ཞོགས་ཇ་ཟ་རྒྱུར་ཧ་ཅང་འགོར་བ་དང།།སྟབས་བདེའི་ཟས་རིགས་སྤྱོད་དུས་དེ་བས་མགྱོགས།།

ངའི་ཨ་ཕའི་སྐོར།

ངའི་ཨ་ཕའི་སྐོར།

བསྟན་འཛིན་དགའ་བ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       དེ་རིང་ཚོགས་ཐེངས་གསུམ་པའི་སྐབས་བོད་དགེ་མཆོག་གིས་ཤེས་རིག་ལས་ཁུངས་ནས་བཀོད་སྒྲིག་ཞུས་པའི་དགེ་སློབ་འབྲི་རྩོམ་གྱི་གསལ་བསྒྲགས་གནང་བ་དང་ང་ཚོར་རྩོམ་ཡིག་འབྲི་དགོས་པའི་བཀའ་གསུངས་ནན་པོ་གནང་སོང་། ངས་ཀྱང་ཐེངས་འདིར་རྩོམ་ཡིག་ཅིག་འབྲི་དགོས་བསམས་ཏེ་བརྗོད་གཞི་འོས་འཚམ་ཞིག་ལ་བསམ་བློ་གཏོང་སྐབས། རང་ཤུགས་ཀྱི་རང་ལ་བཀའ་དྲིན་ཆེ་བའི་ཨ་ཕ་ཡིད་ལ་དྲན་ནས་བསླེབས་སོང་། ངས་རྩོམ་དེབ་མར་བཏོན་ཏེ་ཨ་ཕའི་སྐོར་ལ་འབྲི་འགོ་ཚུགས་པ་ཡིན། ངའི་ཨ་ཕའི་མིང་ལ་ངག་དབང་ཐར་པ་ཟེར། ཁོང་ནི་བོད་ཀྱི་ཆོལ་ཁ་གསུམ་ཡོད་པའི་ནང་གསེས་། བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་ཀྱི་ཁམས་སོག་རྫོང་སོག་རོང་སྨད། སྲིང་སྟེང་གྲོང་ཚོའི་གེ་བ་ཚང་དུ་སྐྱེས། ཨ་ཕའི་ཕ་ལ་བུ་གསུམ་ཡོད་འདུག་ཅིང་། མིང་ལ་རྟ་མགྲིན་ནོར་བུ་དང་། ཟླ་རྒྱལ། ལྷ་རྒྱལ་བཅས་གསུམ་ཡིན། དེ་ནི་བོད་ཀྱི་ས་ཁུལ་ཁག་ཅིག་གི་ལམ་དང་ལུགས་སྲོལ་རེད་འདུག ཨ་ཕའི་ཨ་མའི་མིང་ལ་ཉི་སྒྲོན་ཟེར། ཁོང་གཉིས་ལ་བུ་ཕྲུག་བུ་གསུམ་དང་བུ་མོ་གསུམ་བཅས། མིང་སྲིང་དྲུག་ཡོད་པའི་ནང་ནས་ཨ་ཕ་བུ་རྒན་ཤོས་དེ་རེད་འདུག       ཨ་ཕའི་ནང་མིའི་འཚོ་བ་ནི་ས་མ་འབྲོག་རེད། ཨ་ཕ་སོག་ཙན་དན་དགོན་དུ་གྲྭ་པ་བྱས་ནས་ནང་ཆོས་ལ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཡོང་སྐབས་ས་མཚམས་ནས་རྒྱ་མིའི་དམག་མིས་འཛིན་བཟུང་བྱས་ནས་ལོ་གཅིག་རིང་ས་མཚམས་སུ་ལྷག་པ་རེད། དེ་ནས་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་རྒྱ་གར་དུ་འབྱོར། དེ་རྗེས་ཁོང་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་ཨ་མ་སྐལ་བཟང་མཚོ་མོ་དང་མཉམ་དུ་གཉེན་སྒྲིག་བྱས། དེ་ནས་ ༢༠༠༡ ནས་ ༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲྭ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་བྱས། ༢༠༠༥ ལོ་ནས་གཞིས་བྱེས་ལྷན་འཛོམས་དྲྭ་རྒྱའི་འགན་འཛིན་དང་རྩོམ་སྒྲིག་འགན་འཛིན་བྱས། ཁ་བ་དཀར་པོ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། སྦྲ་སོག་འབྲི་གསུམ་གྱི་དུས་དེབ་རྩོམ་སྒྲིག་པ་སོགས་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཕྱག་ལས་མང་པོ་གནང་མྱོང་ཡོད་པ་རེད། ༢༠༠༦ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། བོད་ཀྱི་བང་ཆེན་ཚགས་པར་གྱི་གསར་འགོད་པ་བྱས། ༢༠༠༧ ལོར་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ལ་ཕྱིན་ནས་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ལས་འགུལ་སྤེལ་ཏེ། ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས།       ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༣ ཉིན་བུ་མོ་བསྟན་འཛིན་ལྷ་མོ་སྐྱེས། ད་ལྟ་མོ་རང་གྷོ་པལ་པུར་སློབ་གྲྭར་འཛིན་རིམ་བཅུ་པ་ཡིན། ཕྱི་ལོ་ ༢༠༡༠ ཟླ་ ༥ […]

ངའི་རྩེད་མོ་དགའ་ཤོས། རྐང་རྩ

ངའི་རྩེད་མོ་དགའ་ཤོས། རྐང་རྩེད་སྤོ་ལོ།

བསྟན་འཛིན་དགྲ་འདུལ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       ད་ལྟ་བར་དུ་ངའི་བརྗེད་ཐབས་མེད་པའི་མྱོང་ཚོར་ཆེ་ཤོས་དེ་ནི། ང་རང་ཆུང་དུས་ལོ་ན་དྲུག་ལ་སླེབས་པའི་སྐབས། ངས་རྐང་རྩེད་སྤོ་ལོ་ཟེར་བ་དེ་ངོས་འཛིན་ཐུབ་བྱུང། ད་དུང་རྐང་རྩེད་སྤོ་ལོ་རྩེད་སྟངས་ཀྱང་ཤེས་བྱུང་། དུས་དེ་ནས་ཟུངས། པཱ་ལགས་ཀྱིས་ང་རང་ནོར་གླིང་སྐར་ཆུང་རུ་ཁག་ནང་དུ་འཛུལ་ཞུགས་བྱེད་དུ་བཅུག་པས། ང་རང་རེས་གཟའ་སྤེན་པའི་དགོང་མོ་དང་། རེས་གཟའ་ཉི་མའི་ཞོགས་པ་སྔ་པོ་ནས་རྐང་སྤོལ་རྩེད་ཐང་དུ་འཛོམས་ཏེ་སྦྱོང་བརྡར་བྱེད་ཀྱི་ཡོད། གུང་སེང་སྐབས་ཞོགས་པ་སྔ་པོ་ག་ཚོད་ལང་དགོས་ཀྱང་། དེ་དུས་ང་ལ་ལངས་སྙིང་མ་དོད་པའི་སྣང་བ་རྩ་བ་ནས་མ་བྱུང་། སྦྱོང་བརྡར་དུས་ཚོད་དེ་ནི་ངའི་ཉི་མོ་དགའ་ཤོས་དང་། ཉིན་མོ་སྐྱིད་ཤོས་དེ་ཡང་ཡིན།       སྦྱོང་བརྡར་བསླབ་མཁན་དེ་ནི། རྒན་བྱང་ཆུབ་ཡིན་པ་དང་། ཁོང་ནི་ང་ཚོ་བྱིས་པ་རྣམས་ལ་རྐང་སྤོལ་བསླབ་སྟངས་མཁས་པོ་ཡོད། རྒན་བྱང་ཆུབ་ལགས་ཀྱིས་ང་ཚོར་གུང་གསེང་སྐབས་སུ་རུ་ཁག་བགོས་ཏེ་འགྲན་བསྡུར་བྱེད་དུ་བཅུག་པ་དང་། སྤོ་ལོའི་སྒྲིག་ཁྲིམས་སྲུང་སྟངས་ཡང་སློབ་ཀྱི་ཡོད། ཐོབ་དང་ཤོར་ཟེར་བ་དེ་ནི་རྐང་སྤོལ་གྱི་སྒྲིག་གཞི་ཞིག་ཡིན། འོ་ན། རྐང་རྩེད་སྤོ་ལོ་དེ་རྩེ་དགོས་དོན་ཅི་ཡིན་ནམ་ཟེར་ན། རྐང་རྩེད་སྤོ་ལོ་ཟེར་བ་དེ་ནི། མི་དང་མི་ཕན་ཚུན་བར་འཆམ་མཐུན་དང་། གཟུགས་པོའི་འཕྲོད་བསྟེན། ད་དུང་སྐྱིད་པོ་ཡོང་བའི་ཆེད་དུ་བཅས་རེད།  ཞེས་རྒན་བྱང་ཆུབ་ལགས་ཀྱིས་དུས་རྒྱུན་དུ་ང་ཚོར་རྐང་རྩེད་སྤོ་ལོ་རྩེ་དུས་གསུང་གི་ཡོད། ངས་ཀྱང་དེ་སེམས་ལ་དམ་པོར་བཅངས་ཏེ་སྐབས་རེ་རྐང་སྤོལ་རྩེ་བའི་དུས་ལ། ཕན་ཚུན་ཕོག་ཐུགས་བྱུང་སྐབས་ཁོང་ཁྲོ་ལངས་ཀྱང་བཟོད་པ་བསྒོམས་ཏེ་ཞི་ཞིང་དུལ་བའི་ངང་གནས་ཐབས་བྱེད་ཀྱི་ཡོད།       ཉིན་ཞིག་རྒན་བྱང་ཆུབ་ལགས་ཀྱིས་སང་ཉིན་ཉིན་མོ་དེ་ལ་ང་ཚོའི་རུ་ཁག་དང་སློབ་གྲྭ་གཞན་གྱི་རུ་ཁུག་ཁ་ཤས་ཤིག་མཉམ་དུ་འགྲན་བསྡུར་བྱེད་ཀྱི་རེད་ཅེས་གསུངས་དུས། ང་ལ་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། ངས་དགོང་མོ་ནས་གྲ་སྒྲིག་བྱས་ཏེ་སང་ཉིན་གྱི་རྒྱལ་ཁ་ཐོབ་རྒྱུར་རེ་བ་བཅངས་བཞིན་གཉིད་དུ་ཡུར། སང་ཞོགས་ང་རང་ནམ་རྒྱུན་ལས་སྔ་བ་གཉིད་ལས་སད་བྱུང། ངས་མགྱོགས་མྱུར་ངང་ཁ་ངོ་བཀྲུས་ཤིང་ཞོགས་ཟས་བཟས་ནས། ནོར་གླིང་སྐར་ཆུང་རུ་ཁག་གི་སྒྲིག་ཆས་གྱོན་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་། རྩེད་རོགས་གཞན་དང་མཉམ་དུ་རྩེད་ཐང་དུ་འཛོམས་ཏེ་རྐང་རྩེད་སྤོ་ལོའི་སྐོར་ལ་གླེང་མོལ་བྱས།       རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་པོ་དེ་འགོ་འཛུགས་སོང་། དེ་ནི་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རུ་ཁག་དང་། དཔེ་སྟོན་སློབ་གྲྭའི་རུ་ཁག་གཉིས་རེད། དྷ་སྟེང་བོད་ཁྱིམ་རུ་ཁག་གིས་སྐར་མ་ཁ་ཤས་ནང་དཔེ་སྟོན་སློབ་གྲྭའི་རུ་ཁག་གི་དྲ་བའི་ནང་སྤོ་ལོ་གསུམ་བླུགས་སོང། དཔེ་སྟོན་རུ་ཁག་གིས་འབད་བརྩོན་ཆེན་པོའི་ངང་ནས་དྷ་སྟེང་བོད་ཁྱིམ་རུ་ཁག་གི་དྲ་བའི་ནང་གཅིག་བླུགས་ཐུབ་སོང་། འོན་ཀྱང་། མཐའ་མའི་རྒྱལ་ཁ་དྷ་སྟེང་བོད་ཁྱིམ་རུ་ཁག་ལ་ཐོབ་ནས་ཡར་མཆོངས་མར་མཆོངས་བྱེད་བཞིན་”ཐོབ་སོང། ཐོབ་སོང་།”ཞེས་དགའ་ཚོར་ཆེན་པོའི་ངང་ཕན་ཚུན་ལ་འཐམ་རེས་བྱས།       དེ་རྗེས་རིང་པོ་མི་འགོར་བར་ང་ཚོའི་རུ་ཁག་དང་དྷ་ཤོད་སློབ་གྲྭའི་རུ་ཁག་གཉིས་རྩེ་འགོ་བཙུགས། དྷ་ཤོད་སློབ་གྲྭའི་རུ་ཁག་གིས་ང་ཚོའི་དྲ་བའི་ནང་སྤོ་ལོ་ལྔ་བླུགས་པ་དང་། ང་ཚོས་ཁོ་ཚོའི་དྲ་བའི་ནང་གཅིག་ཀྱང་བླུག་མ་ཐུབ་པས། ང་ཚོར་ཡོད་པའི་སེམས་ཤུགས་དེ་ཇེ་ཆུང་ཇེ་ཆུང་དུ་གྱུར། འོན་ཀྱང་། ངའི་སེམས་ནང་༧གོང་ས་མཆོག་གི་གསུངས་པའི་བཀའ་སློབ།ལས་ཀ་ག་རེ་བྱས་རུང་སེམས་ཤུགས་ནམ་ཡང་ཆགས་མི་ཉན། ཞེས་པ་དེ་ལྷང་ངེར་དྲན་དུས་ངས་ནུས་པ་ཡོད་ཚད་བསྟན་ཏེ་རྩེ་བའི་སྐབས། ངའི་རུ་གྲོགས་རྣམས་ཀྱང་སེམས་ཤུགས་འཕར་ནས་ཁོ་ཚོའི་དྲ་བའི་ནང་གཉིས་བླུགས་ཐུབ་པ་བྱུང། དེ་ནི་ང་ཚོར་མཚོན་ན་ཧ་ཅང་གི་དགའ་ཚོར་དང་། རྒྱལ་ཁ་ཆེན་པོ་ཞིག་ཡིན་བསམས་བྱུང།       དེ་བཞིན་ང་ཚོའི་རུ་ཁག་དང་སློབ་གྲྭ་གཞན་གྱི་རུ་ཁག་མང་པོ་མཉམ་དུ་འགྲན་བསྡུར་བྱེད་མྱོང་ཡོད། […]

ཉིན་ཐོ་ཞིག

ཉིན་ཐོ་ཞིག

བསྟན་འཛིན་ཆོས་འཛོམས།འཛིན་གྲྭ་བརྒྱད་པ། མ་སུ་རི་སཾ་བྷོ་ཊ་གཏན་སློབ། དེ་རིང་ནི་ཨང་རྩིས་ཉིན་མོ་རེད་འདུག། མ་འདྲ་བ་ཞིག་ལ་ངའི་ཉིན་ཐོ་འདི་ནི་དམིགས་བསལ་གྱི་ཉིན་ཐོ་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་ནི། ཉིན་དེ་དང་སྐབས་དེ་དག་ཏུ་ངའི་འཛིན་གྲོགས་གཅིག་པ་མང་ཆེ་བ་ལ་ན་ཚ་འདྲ་མིན་རེ་ན་སོང་བའི་སྐོར་ཉིན་ཐོ་ནང་གི་བརྗོད་བྱ་ལ་བྲི་རྒྱུའི་བསམ་པ་ཡིན། སློབ་གྲོགས་ན་མཁན་ནང་ནས་ཚབས་ཆེ་ཤོས་ནི་དབྱངས་ཅན་དང་། ཐོགས་མེད་གཉིས་ཡིན་ས་རེད། ཁོང་གཉིས་ནི་སྐྱུག་པ་ཡང་ཡང་བསྐྱུགས་པ་དང་། ད་དུང་ཁྲག་འདྲེས་པ་དེ་འདྲ་ཡང་སྐྱུག་གིན་འདུག ངས་ཁོང་གཉིས་ལ་སྙིང་རྗེ་བ་མ་ཟད་རོགས་པ་ཡང་བྱེད་ཉན་བྲོ་སོང་། དེ་མིན་འཛིན་གྲོགས་གཞན་དག་མང་ཆེ་བ་ཞིག་ལ་ཡང་། གློ་བརྒྱབ་པ་དང་མགོ་ན་བ་། གྲོད་པ་ན་བ་བཅས་མང་པོ་ཞིག་ན་གིན་འདུག སྐབས་དེར་ངས་ཁོང་ཚོར་རོགས་པ་གང་ཐུབ་ཐུབ་བྱས་པ་ཡིན། དེདེ་རྗེས་ང་ཡང་ན་སོང་། དེ་དུས་ངས་སློབ་སྦྱོང་ཡང་བྱེད་མི་ཐུབ་པར་མ་ཟད། དཀའ་ངལ་ཧ་ཅང་མང་པོ་མྱངས་སོང་། ཡིན་ཡང་དགའ་སྤྲོ་སྐྱེ་དགོས་པ་ཞིག་ནི་དེ་སྐབས་ང་ལ་ལྟ་རྟོག་བྱེད་མཁན་མང་པོ་ཡོང་གི་འདུག ངའི་གཟུགས་པོ་དེ་ལྟར་ན་གིན་ཡོད་ན་ཡང་། སེམས་པ་སྐྱིད་པོ་བྱུང་བས་སེམས་ལྷོད་ལྷོད་བྱས་ཏེ་བསྡད་པར་ཕན་ཐོགས་ཆེན་པོ་བྱུང་སོང་། ངའི་སེམས་ལ་ཁོང་ཚོ་ན་དུས་སུ། ང་རང་གིས་རོགས་པ་གང་ཐུབ་བྱས་པའི་རྐྱེན་གྱིས་ལས་རྒྱུ་འབྲས་བཟང་པོ་ང་རང་ལ་འཁོར་བ་རེད་ཨང་བསམས་སོང་། རོགས་པ་ཚང་མར་སེམས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། དེ་དུས་ནས་ང་རང་ལས་འབྲས་ཀྱི་འགྲོ་ཕྱོགས་ལ་དད་པ་དང་ཡིད་ཆེས་ཤུགས་ཆེན་པོ་སླེབས་སོང་ལ། བསླབ་བྱ་ཡང་ཡག་པོ་ཞིག་ཐོབ་བྱུང༌།དེ་ནི་རང་ལས་གཞན་གལ་ཆེ་ཟེར་བ་དེ་རེད། དེང་རང་ན་བའི་དུས་ཀྱི་ཞོགས་པ་ཚང་མར་སློབ་གྲྭ་ལ་ཉལ་བསྡད་པ་ཡིན། ཉལ་ས་ནས་ལངས་འདོད་ཡང་མི་འདུག་ལ་མཉམ་དུ་ང་རང་གི་འཛིན་གྲོགས་ཆ་ཚང་གི་ན་ཚ་དེ་དག་ཀྱང་སེམས་ནས་ཚོར་ཐུབ་ཀྱི་འདུག། ང་རང་ལ་ཉལ་ཁང་ནང་དུ་འདི་འདྲ་ཞིག་སྔོན་ཆད་ན་མྱོང་མེད། དེ་ནི་ངའི་མི་ཚེ་ནང་གི་ན་ཚ་དཀའ་ལས་ཁག་ཤོས་དེ་རེད་ཅེས་ཡང་ཡང་སེམས་ནང་དྲན་རྒྱུ་འདུག སྐབས་དེར་ངའི་ཐབས་ཤེས་ཤིག་དྲན་སོང་། དེ་ནི་སྐྱབས་འགྲོ་མང་པོ་བསོག་རྒྱུ་དེ་རེད། ངས་དེ་ལྟར་བསམ་ཞོར་སྐྱབས་འགྲོ་གང་ཐུབ་བཏོན་པ་ཡིན། ག་རེ་བྱས་ནས་ཟེར་ན། སྐྱབས་འགྲོ་ནི་ན་ཚ་སོགས་དྲག་པར་ཕན་ཐོགས་ཆེན་པོ་ཡོད་པ་ངས་ཤེས་ཡོད་པ་བཞིན་དུ་ཡིད་ཆེས་ཀྱང་ཆེ་བ་ཡོད། དེང་ཚོའི་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་རིགས་ལམ་སློབ་ཁྲིད་གནང་ཞོར་དུ། ང་ཚོར་སྐྱབས་འགྲོའི་ཕན་ཡོན་དང་བསླབ་བྱ་སོགས་མང་པོ་གནང་གི་ཡོད། མཉམ་དུ་ངས་ཀྱང་ཡག་པོ་ཉན་ཏེ་སྦྱང་བརྩོན་བྱས་པ་ཡིན། དེའི་རྐྱེན་གྱི་བུ་མོ་ང་རང་ལ་ཡང་སྐྱབས་འགྲོ་དང་རིགས་ལམ་སྐོར་ལ་དེ་འདྲའི་གོ་རྟོགས་མང་པོ་ཐོབ་སོང་། སྐྱབས་འགྲོའི་སྐོར་ལ་ཅུང་ཟད་ཤེས་པ་དང་ཡིད་ཆེས་སླེབ་རྒྱུ་ནི་ལས་སླ་པོ་ཞིག་མིན་ཡང་། རྒན་གྱི་སློབ་ཁྲིད་ཡག་པོ་གནང་བ་དང་སློབ་ཕྲུག་རང་གིས་འབད་པ་དང་ཧུར་བརྩོན་བྱས་ན་ཕལ་ཆེར་མི་ཤེས་པ་ཡོད་པ་མ་རེད། གལ་སྲིད་གནས་སྐབས་རིང་ལ་ཤེས་མ་ཐུབ་ནའང་རྗེས་སུ་ག་ལེར་གོ་ཐུབ་ཀྱི་རེད། གུས་མོ་ང་རང་ལ་མཚོན་ན་དང་པོར་དགེ་བཤེས་ལགས་མཇལ་དུས་ཁོང་གི་སློབ་ཚན་བསླབས་པ་རྣམས། དེ་ཙམ་ཤེས་ཐུབ་ཀྱི་མི་འདུག་ནའང་། ད་ལྟའི་དུས་སུ་ང་རང་གིས་ཤེས་ཐུབ་ཀྱི་འདུག དེ་ནི་ཚེ་འདི་ཙམ་མ་ཟད་ཚེ་ཕྱི་མར་ཡང་ཕན་ཐོགས་ཧ་ཅང་ཆེ་བའི་འབྲས་བུ་ཡག་པོ་ཞིག་རེད།