བོད་ཀྱི་སྐད་ཡིག

བསྟན་འཛིན་གཡང་སྐྱིད་།
འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ

དེ་རིང་གི་གནམ་གཤིས་ཚ་དྲོད་ཧ་ཅང་ཆེ་བས་རྒན་ལགས་ཀྱིས་སློབ་ཁྲིད་མ་གནང་བར་ང་ཚོ་འཛིན་ཁང་གི་ཕྱི་ལ་བོད་ཀྱི་སྐད་ཡིག་སྐོར་ལ་རྩོམ་ཡིག་འབྲི་རུ་བཅུག་སོང། ང་ཚོ་ཕྱི་ལོགས་སུ་སོང་སྟེ་རང་རང་ས་གནས་བསྡད་ས་སྐྱིད་པོ་རེ་བདམས་རྗེས་སོ་སོའི་ས་གནས་སུ་རིག་པ་བསྒྲིམས་ཏེ་རྩོམ་ཡིག་འབྲི་བཞིན་འདུག ངས་འདུག་སྟེགས་ཡག་པོ་ཞིག་བཙལ་སྟེ་མར་འདུག་ཞོར་ཕྱོགས་ཡར་མར་ལ་ལྟ་སྐབས་ཉི་མ་ཧ་ཅང་ཚ་པོ་འདུག་པས་བསིལ་རླུང་གྲང་མོ་ཞིག་ངའི་ངོ་གདོང་སྟེང་དུ་ཚོར་དུས་སེམས་པ་ཧ་ཅང་སྐྱིད་པོ་དང་བདེ་པོ་བྱུང་། ངས་སྨྱུ་གུ་ལག་ཏུ་ཁྱེར་ནས་བསམ་བློ་ཞིག་བཏང་རྗེས་རྒན་ལགས་ཀྱིས་གསུངས་པའི་བརྗོད་གཞི་དེའི་སྟེང་ལ་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ན་ཡང་སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་རེད། དམིགས་བསལ་གྱི་ང་ཚོ་བོད་མི་རྣམས་ལ་མཚོན་ན་སྐད་ཡིག་དེ་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གལ་ཆེ་བ་རེད། གང་ཡིན་ཟེར་ན་ང་ཚོར་རང་གི་རྒྱལ་ཁབ་མེད་པས་སྐད་ཡིག་དེ་ནི་ང་ཚོའི་རྒྱལ་ཁབ་དང་ལུང་པ་ལྟར་གཅིག་པ་རེད། སོང་ཙང་ང་ཚོས་བོད་ཀྱི་སྐད་ཡིག་སྦྱང་རྒྱུ་ཧ་ཅང་གལ་ཆེ།

དེང་སང་རྒྱ་ནག་ཏུ་ཡོད་པའི་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱང་མི་བཅུག་པ་དང་ཐ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཡང་ཉར་མི་ཆོག་པའི་གཏམ་ངན་མང་པོ་ཐོས་མྱོང་ཡོད་པས། ང་ཚོ་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་གྱིས་བཙན་བྱོལ་དུ་ཡོད་ན་ཡང་བོད་ཀྱི་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་བཟང་པོའི་ཆ་རྐྱེན་ཆ་ཚང་ཡོད་སྟབས་ང་རང་ཧ་ཅང་བསོད་ནམས་ཆེན་པོ་ཚོར་གྱི་འདུག། ང་ཚོར་རང་གི་སྐད་ཡིག་སྦྱང་རྒྱུའི་མཐུན་རྐྱེན་ཆ་ཚང་ཡོད་པས་ང་ཚོའི་ལས་འགན་གཙོ་བོ་ནི་རང་གི་སྐད་ཡིག་སྦྱང་རྒྱུ་དེ་རེད། མི་མང་པོའི་སེམས་ནང་བོད་ཡུལ་ཐོབ་རྒྱུ་འདུན་པ་ཡོད་ཀྱང་རང་གི་སྐད་ཡིག་སྦྱང་རྒྱུའི་འདུན་པ་མེད་པས། རང་གི་སྐད་ཡིག་ཀྱང་མི་ཤེས་ན་རང་དབང་ཐོབ་རྒྱུ་ཧ་ཅང་དཀའ་མོ་རེད། ཕ་མས་སྐུ་ལས་ཚད་མེད་བསྐྱོན་ཏེ་ང་ཚོ་སློབ་གྲྭར་གཏོང་ཐུབ་པ་བྱུང་གི་ཡོད་པས་ང་ཚོས་ཡི་གེ་མ་སྦྱངས་པར་དུས་ཚོད་འཕྲོ་བརླག་བཏང་པ་ཡིན་ན་ག་ལ་འགྲིག། བྱས་ཙང་ང་ཚོས་སློབ་གྲྭ་ལ་རྩེད་མོ་བརྩེ་རྒྱུ་གཅིག་པུ་མ་ཡིན་པར་ཡི་གེ་ཏོག་ཙམ་སྦྱངས་ན་ཡག་པོ་ཡོད། དམིགས་བསལ་གྱི་བོད་ཡིག་སློབ་ཚན་ལ་དོ་སྣང་སྤྲད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ང་ཚོས་བོད་ཡིག་མ་སྦྱངས་ན་རིམ་བཞིན་ལོ་ངོ་ཁ་ཤས་ནང་རྩ་མེད་དུ་འགྲོ་རྒྱུ་ལས་གཞན་ཐབས་ཤེས་གཅིག་ཀྱང་མེད་པ་རེད། དེང་སང་བོད་པའི་ཕྲུ་གུ་རྣམས་ཕྱི་རྒྱལ་དུ་སློབ་གྲྭར་བཏང་བ་དང་ཁོང་ཚོས་སྐད་ཆ་ཡང་ཨིན་སྐད་ཐོག་ནས་བཤད་པ་མ་ཟད་ཁོང་ཚོའི་ཕ་མས་ཀྱང་རང་གི་ཕྲུ་གུའི་མཉམ་དུ་སྐད་ཡིག་གཞན་ཐོག་སྐད་ཆ་བཤད་པ་མཐོང་མྱོང་ཡོད། སོ་སོའི་མི་རིགས་ཀྱི་སྐད་ཡིག་མ་ཤེས་ན་བོད་པ་ངོ་མ་ཞིག་མ་ཡིན་པས་ང་ཚོས་བོད་སྐད་མ་ཤེས་ན་ཡང་བཤད་རྒྱུར་ཐབས་ཤེས་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་སྐད་དང་རིག་གཞུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་འཕེལ་རྒྱས་དང་ཡར་རྒྱས་བཏང་སྟེ་བོད་མི་གཙང་མ་ཞིག་དང་བོད་མི་ཡ་རབས་ཤིག་བཟོས་ནས་བོད་ཀྱི་བདེ་མཐའ་སེལ་སྐབས་རང་གི་རྒྱལ་ཁབ་རང་གི་སྐད་ཡིག་གི་སྟེང་ནས་དར་རྒྱས་གཏང་རྒྱུ་དེ་ཡིན་པས། བོད་ཀྱི་སྐད་ཡིག་ནི་བོད་མི་ཡོད་དོ་ཅོག་གི་སྲོག་རྩ་ངོ་མ་དེ་ཡིན། བྱས་ཙང་ངས་བོད་ཀྱི་སྐད་ཡིག་གི་ཚོགས་ཐེངས་སྐབས་བློ་སེམས་གཅིག་སྒྲིལ་གྱིས་དགེ་རྒན་གྱི་སློབ་ཚན་ལ་ཉན་བཞིན་ཡོད་པར་མ་ཟད། དགེ་རྒན་གྱིས་གང་གསུངས་པ་དེ་ཟིན་བྲིས་སུ་ཕབ་སྟེ་དགོང་མོ་མ་ཉལ་སྔོན་དུ་ཡང་ཡང་བཀླགས་ཏེ་ནང་དོན་ཆ་ཚང་བ་བློ་ལ་ངེས་པར་དུ་བཅུག་གི་ཡོད།

ད་དུང་དུས་ཁོམ་རེ་ཡོད་དུས་ཉི་མ་རེ་ལ་གང་བྱུང་བ་དང་གང་མཐོང་བ་དེ་ཚོ་ཚིགས་བཅད་ཀྱི་ཐོག་ནས་ཉིན་ཐོ་འབྲི་བཞིན་ཡོད་པས། ངའི་སྐད་ཡིག་གི་འབྲི་རྩལ་ཡར་རྒྱས་ཡོང་བར་མ་ཟད། ངའི་བོད་ཡིག་གི་འབྲི་རྩལ་དེ་དབྱིན་ཇིའི་སྐད་ཡིག་ལ་བེད་སྤྱོད་བཏང་བ་ཡིན་ལ། དབྱིན་ཇིའི་དགེ་རྒན་གྱིས་ངའི་འབྲི་རྩལ་འདི་དམིགས་བསལ་ཞིག་རེད་ཟེར་ནས་ང་ལ་བསྟོད་བསྔགས་བཏང་མྱོང་ཡོད་པས། ང་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་གྱི་ཚོར་ཤུགས་དྲག་པོ་ཞིག་ཡོད་པ་མ་ཟད། དོ་སྣང་ཡང་མ་འདྲ་བ་ཞིག་བྱེད་ཀྱིན་ཡོད། ད་བོད་ཡིག་ཚོགས་ཐེངས་རྫོགས་ལ་ཉེ་བས་འདོད་པ་མེད་བཞིན་དུ་རྩོམ་ཡིག་དེ་མཇུག་སྒྲིལ་དགོས་བྱུང་སོང་། གང་ཡིན་ཟེར་ན་སྐར་མ་ཁ་ཤས་ནང་འཛིན་ཁང་ནང་འཛུལ་དགོས་པ་དང་རྗེས་མའི་ཚོགས་ཐེངས་ཀྱི་གྲ་སྒྲིག་ཀྱང་བྱེད་དགོས་ཀྱི་ཡོད།