ཀརྨ་ཚུལ་ཁྲིམས་འོད་ཟེར། ཅོན་ཏ་ར་བོད་ཁྱིམ། གལ་ཏེ་ང་སྨན་པ་ཞིག་ཡིན་ན་འཛམ་གླིང་འདིའི་ནང་ལ་ཡོད་པའི་མི་དབུལ་ཕོངས་ཉམ་ཐག་ཚོ་ལ་སྨན་བཅོས་ཀྱི་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན། གང་ཡིན་ཟེར་ན་འཛམ་བུ་གླིང་འདིའི་ནང་མི་མང་སྐྱོ་བོ་དང་དངུལ་མེད་མཁན་གྱི་སྤྲང་པོ་མང་པོ་ཞིག་དཀའ་ངལ་ཆེན་པོའི་ནང་ལྷུང་བསྡད་ཡོད་སྟབས། དེ་དག་གི་དཀའ་ངལ་སེལ་བར་སྨན་པའི་ལས་ཀ་འདི་ནི་རླབས་ཆེན་ཞིག་ཡིན་ཞིང། ལུང་པ་འགའ་རེའི་ནང་དུ་མི་སྐྱོ་བོ་མང་དྲགས་ནས་བཟའ་བཅའ་མི་འདང་བ་དང། འཕྲོད་བསྟེན་ཞན་པའི་རྐྱེན་གྱིས་མང་པོ་འདས་གྲོངས་སུ་འགྲོ་ཡི་ཡོད། ཉམ་ཐག་དེའི་རིགས་སྐྱོབ་མཁན་མེད་སྟབས། ཕྲན་རང་ཉིད་སྨན་པ་ཞིག་ཆགས་པ་ཡིན་ན་ཨང་དང་པོར་མི་དབུལ་པོ་ཚོ་ལ་ལྟ་རྟོགས་བྱེད་རྒྱུ་དེ་ཡིན། འགྲོ་བ་མི་དང་སེམས་ཅན་ལ་ཕན་པའི་སྨན་འདྲ་མིན་སྣ་ཚོགས་བཟོས་ཏེ་མི་ནད་པ་རྣམས་ནད་ལས་གྲོལ་བའི་ཐབས་ཤེས་བྱ་རྒྱུ་ཡིན་ཞིང། མི་མང་ཉམ་ཐག་ཁོ་ནའི་ཆེད་དུ་སྨན་ཁང་ཞིག་གསར་དུ་འཛུགས་ཐུབ་པ་བྱ་རྒྱུ་ཡིན། ལྷག་པར་དུ་ཉམ་ཐག་ཚོ་ལ་སྨན་གྱི་རིན་གོང་ཆུང་དུ་གཏང་རྒྱུ་དང་རིན་མེད་ཀྱི་ཐོག་བརྟག་དཔྱད་གནང་རྒྱུ་ཡིན། མ་འོངས་པར་ཏོག་དབྱིབས་ཀྱི་ནད་དེ་འདྲ་སླར་ཡང་ཁྱབ་གདལ་ཡོང་ན་མི་སྐྱོ་བ་ཚོར་ན་ཚ་འདི་འདྲེའི་རིགས་ལ་གདོང་ལེན་གང་འདྲ་བྱེད་དགོས་པ་ལམ་སྟོན་བྱ་རྒྱུ་དང། ཁོང་ཚོའི་ལུས་སེམས་ཀྱི་དཀའ་ངལ་སེལ་ཐབས་སྣ་ཚོགས་སྟོན་རྒྱུ་ཡིན། དེས་ན་མིའི་སྲོག་གནས་དང་མི་གནས་ཨམ་ཆིའི་ལག་པར་ཡོད་པས་ཨམ་ཆི་བཟང་པོ་ཞིག་བྱེད་འདོད་ཀྱིས་ཀུན་སློང་བཟང་པོ་ཞིག་དགོས་ངེས་ལགས་སོ།
བཀའ་དྲིན་ཆེ་བའི་ཨ་མ་ལགས།
བསྟན་འཛིན་རྣམ་གྲོལ། ཅོན་ཏ་ར་བོད་ཁྱིམ། ཀློག་པ་པོ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་རྣམ་སྒྲོལ་ཟེར། ང་འཛིན་གྲྭ་བདུན་པའི་སློབ་མ་ཞིག་ཡིན། ཡངས་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིའི་ནང་ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་ནི་རིན་ཐང་བསམ་གྱིས་མི་ཁྱབ་པ་ཡོད་ལ། འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཨ་མ་མེད་པ་གཅིག་ཀྱང་མེད། བདག་ལ་ཡང་བརྩེ་བའི་མ་གཅིག་ལས་མེད་པས་ཁོང་གི་མཚན་ལ་ཨ་མ་ཚེ་རིང་གཡུ་སྒྲོན་ལགས་ཡིན་པས་ཁོང་ནི་ངའི་བྱམས་བརྩེ་བདག་ཉིད་ཡིན། ཁོང་གིས་ང་ལ་ཟ་སྟངས་དང་འགྲོ་སྟངས། སྡོད་སྟངས་བཅས་སློབ་མཁན་གྱི་དགེ་རྒན་ཐོག་མ་དེ་ཡིན། ང་རང་མ་སྐྱེས་གོང་ཟླ་བ་དགུ་ཙམ་མངལ་དུ་ཉར་བ་དང་ཟླ་དགུའི་རྗེས་སུ་ང་སྐྱེས་པའི་ཉིན་མོ་ནས་བཟུང་ལོ་ངོ་དུ་མ་ཞིག་གི་ནང་བཙོག་གཅིན་གཙང་མ་བཟོ་བ་དང་། དུས་གསུམ་གྱི་ཁ་ལག་ཀྱང་རང་ཉིད་དང་རན་པ་གང་དགོས་གནང་བ་མ་ཟད་དབང་པོ་སོགས་ལ་སྐྱོན་གང་ཡང་མི་ཡོང་བའི་ཆེད་དུ་ཉིན་མཚན་དབྱེར་མེད་སྐུ་ངལ་བསྐྱོན་པ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་ཡོད་པས་ངས་མི་ཚེའི་ནང་བརྗེད་ག་ལ་སྲིད། ང་རང་ཆུང་དུས་གྲང་བ་དང་ལྟོག་པ་སྐོམ་པའི་སྐབས་ངུ་གི་ཡོད་པས་ཨ་མ་གཅིག་པུས་བདག་ལ་དཀའ་ངལ་ཡོད་པ་ཤེས་ཐུབ། ཨ་མས་ང་གྲང་ནས་ངུ་བའི་སྐབས་གོས་མཐུག་པོ་གཡོགས་པ་དང། ལྟོག་སྐོམ་སོགས་བྱུང་སྐབས་ཨ་མས་ང་ལ་ཟས་དང་འོ་མ་སོགས་སྤྲད་དེ་ལྟོག་སྐོམ་ལས་གྲོལ་བཅུག་པ་སོགས་བྱེད་ཀྱི་ཡོད། ང་རང་འཛིན་གྲྭ་ལྔ་པའི་སྐབས་སུ་བོད་ཡིག་སློབ་ཚན་གཅིག་གི་ནང་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་སྦྱངས་པས། སློབ་ཚན་དེའི་ནང་རང་གི་ཨ་མ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་འདུག་པས་ངས་གཞི་ནས་རང་གི་ཨ་མ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་སོང་། ང་རང་ལོ་ནར་སོན་སྐབས་ཨ་མ་ལགས་ཀྱིས་དུས་ནམ་ཡིན་ལ་སློབ་སྦྱོང་ལ་དོ་སྣང་དང་། མི་ཡ་རབས་ཅན་ཞིག་བྱེད་དགོས་པ་ཉིན་ལྟར་གསུང་གི་ཡོད། དེ་བཞིན་ངས་ཀྱང་གང་ཐུབ་བྱེད་ཀྱི་ཡོད། ངའི་ཨ་མ་ལགས་ནི་མི་གཞན་ལ་རོགས་པ་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད། ལྷག་པར་ཏུ་དབུལ་པོར་སྦྱིན་པ་གཏོང་རྒྱུ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་རེད། ཨ་མ་ལགས་ཀྱིས་ང་ལ་བྱམས་སྐྱོང་གནང་བ་དང་། རང་ཉིད་ལ་གང་དགོས་ཨ་མས་ང་ལ་ཉོས་ནས་སྤྲོད་ཀྱི་རེད། སྐབས་རེ་ངས་ནོར་འཁྲུལ་སོགས་བྱེད་སྐབས་ཨ་མས་ང་ལ་ནོར་འཁྲུལ་ཐེངས་གཅིག་གཉིས་ཡོང་སྲིད་ཀྱང་། ནོར་འཁྲུལ་མང་པོ་བྱས་ན་རྗེས་མ་མི་ཚང་མས་ཁྱེད་རང་ལ་མ་དགའ་བ་འཆག་ཀྱི་རེད་ལ། ཁྱེད་རང་ལ་ཡིད་ཆེས་བྱེད་མཁན་རག་གི་མ་རེད་ཅེས་བསླབ་བྱ་གནང་གི་ཡོད། ང་རང་ཡང་ཨ་མས་གང་གསུངས་པ་ཐམས་ཅད་བྱེད་དཀའ་ནའང་གང་ཐུབ་ཅི་ཐུབ་ཀྱི་འབད་བཙོན་བྱ་དང་བྱ་མུས་ཡིན། ང་རང་འཛིན་གྲྭ་གསུམ་པའི་སྐབས་སུ་ང་དང་ངའི་རོགས་པ་སྤྲུལ་སྐུ་ཞིག་ཡོད་པ་ང་གཉིས་སློབ་གྲྭའི་ཐང་ཟུར་གྱི་ཤིང་སྡོང་ཞིག་ལ་རྩེད་མོ་རྩེ་སྐབས་གློ་བུར་དུ་ཤིང་སྡོང་གི་ཡལ་ག་ཆགས་ནས་ང་གཉིས་ཤིང་སྡོང་གི་རྩེ་ནས་མར་ལྷུང་སྟེ་ཐང་དཀྱིལ་དུ་ལྷུང་། སྐབས་དེར་ང་རང་རྐང་པ་ས་ལ་འཛུགས་མི་ཐུབ་པའི་གནས་སྐབས་སུ་ཨ་མ་ལགས་སེམས་འཚབ་དང་དངངས་སྐྲག་ངང་ངའི་མདུན་དུ་ངུ་གིན་རྒྱུག་ཡོང་ནས་ལམ་སེང་སྨན་ཁང་དུ་བསྟེན་གཏུགས་ཆེད་འཁྲིད། སྨན་པས་གནོད་སྐྱོན་ཆེན་པོ་མེད་པས་ཐུགས་འཁྲལ་གནང་མི་དགོས་གསུངས་ཏེ། རང་ཁྱིམ་དུ་ལོག རང་ཁྱིམ་ནས་ཕྱི་ལ་འགྲོ་མ་ཐུབ་པར་བདུན་ཕྲག་གཅིག་ཙམ་ནང་ལ་ལུས་སྐབས་ཨ་མས་ང་ལ་བྱམས་སྐྱོང་གིས་སྨན་བཅོས་དུས་ཐོག་ཏུ་བྱས་པས་ཉིན་རེ་བཞིན་ང་དྲག་བསྐྱེད་བྱུང་བ་ནི་ཨ་མ་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། ཨ་མ་ལགས་ནི་ངའི་སྲོག་རྩ་ཡིན་ལ། ང་རང་གི་ཡོད་ཚད་ནི་ཨ་མ་ལགས་ཁོ་ན་ཡིན། བཀའ་དྲིན་ཆེ་ཨ་མ་ལགས། ཐུགས་རྗེ་ཆེ་ཨ་མ་ལགས།
ངའི་སྤོ་སྤོ།
བསོད་ནམས་མཚོ་མོ། ཅོན་ཏ་ར་བོད་ཁྱིམ། ངར་ཨ་ཕ་མེད་པས་ཨ་མ་གཅིག་པོས་ཕྲུ་གུ་གསུམ་གསོ་སྐྱོང་བྱེད་དགོས་པས། ཨ་མར་དཀའ་ལས་འཕྲད་བཞིན་པའི་སྐབས་ང་ཚོར་རོགས་རམ་བྱེད་མཁན་གཙོ་ཆེ་ཤོས་ནི་ངའི་སྤོ་སྤོ་བསྟན་པ་དབྱར་འཕེལ་ཁོ་ན་ཡིན། ངའི་སྤོ་སྤོ་ནི་རྒྱུན་དུ་མི་གཞན་ལ་རོགས་པ་བྱེད་པ་དང་ཐུགས་སེམས་ཀྱང་ཧ་ཅང་བཟང་བས་མི་ཚང་མས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། ཁོང་ནི་རྒྱུན་དུ་མི་གཞན་དང་གྲོགས་པོ་ལམ་སེང་ཆགས་པ་དང་མི་ཚང་མ་དང་མཐུན་པོ་ཡོད། སྤོ་སྤོས་ཞོགས་པ་སྔ་པོར་བྱིའུ་ཚོར་བག་ལེབ་ཞིབ་ཞིབ་བཟོས་ནས་སྤྲོད་པ་དང་། བྱིའུ་ཚོ་ཡང་དགའ་སྤྲོའི་ངང་སྤོ་སྤོའི་མདུན་དུ་ཞེད་སྣང་སྤུ་ཙམ་ཡང་མེད་པར་བག་ཕེབས་ངང་བག་ལེབ་རྣམས་བཟས་ནས་སྡོད་ཀྱི་ཡོད་པ་རང་གི་གི་མིག་མཐོང་ལག་འཛིན་བྱུང་། ངའི་སྤོ་སྤོ་ནི་ཁ་ལག་བཟོ་སྟངས་ཧ་ཅང་ལེགས་པས་ཁོང་གི་ཁ་ལག་བཟོས་ནས་མི་ཚང་མའི་ཡིད་དབང་འཕྲོག་གི་ཡོད། རྒྱུན་དུ་རང་ཉིད་ཁ་ལག་དེ་ཙམ་ཟ་ཡི་མེད་ཀྱང་ཁོང་གི་བཟོས་པའི་ཁ་ལག་ནི་ཧ་ཅང་བྲོ་བ་ཆེ་བས་ཟ་འདོད་མེད་ཀྱང་བཟའ་ཤོར་གྱི་ཡོད། དེ་བཞིན་སྤོ་སྤོ་ལགས་ནི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་ཆོས་ལ་དད་པ་ཤིན་ཏུ་ཆེ། ཉིན་ཞིག་སྤོ་སྤོས་ང་ཆོས་ཁང་ནས་བསྡད་པའི་སྐབས་གློ་བུར་དུ་ངས་དྲི་མ་ཤོར་སོང་། འོན་ཀྱང་ངའི་སྤོ་སྤོས་ང་ལ་ལམ་སེང་ཕྱག་གསུམ་འཚལ་བཅུགས་སོང། སྤོ་སྤོས་ཆོས་ཁང་ནང་དུ་སྤོས་མ་གཏོགས་དྲི་མ་བཏང་ན་སྡིག་པ་ཡོད་རེད’’ཅེས་གསུངས་བྱུང།། ངའི་སློབ་གྲྭ་ནི་ས་ཐག་ཧ་ཅང་རིང་བས་རྒྱུན་དུ་སྤོ་སྤོས་སློབ་གྲྭ་རུ་ང་འཕྲད་དུ་ཡོང་བ་དང་རྔན་པ་སོགས་འཁྱེར་ནས་ང་ལ་བྱམས་སྐྱོང་ཧ་ཅང་ཆེནཔོ་གནང་གི་ཡོད་པས་ངས་དུས་ནམ་ཡང་ཁོང་གི་བཀའ་དྲིན་བརྗེད་ཐབས་མེད། སྤོ་སྤོས་སྐབས་རེ་ང་ལ་ཡི་གེ་བསླབས་པ་དང། འཚམས་རེ་སྤོ་སྤོ་ང་གཉིས་ཚད་མ་རིགས་པ་བསྡུར་ནས་སྐྱིད་པོའི་ངང་སྡོད་ཀྱི་ཡོད། ལོ་གསར་གྱི་སྐབས་ལ་ཡང་སྤོ་སྤོ་ངེད་གཉིས་ཤོ་པ་ར་རྩེད་ནས་ཧ་ཅང་སྐྱིད་པོ་བྱུང།། སྤོ་སྤོ་ཡིས་ང་ཆུང་དུས་ནས་གསོ་སྐྱོང་བྱས་ཏེ་སློབ་གྲྭར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་དེ་བསྐྲུན་པས་ང་རང་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ཡིན་པ་ཚོར་བྱུང། སྤོ་སྤོས་ང་ལ་བརྩེ་བ་དང་བྱམས་སྐྱོང་གནང་བ་ནི་ངས་བརྗེད་ཐུབ་ཐབས་མེད་པ་ཞིག་ཡིན་ལ། ངས་ཁྱེད་ཀྱིས་གནང་བའི་གོ་སྐབས་བཟང་པོ་དེ་འཕྲོ་བརླག་ཏུ་མི་བཏང་བར་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱ་རྒྱུ་ཡིན། སྤྱིར་མི་ཞིག་གི་མི་ཚེའི་ནང་དཀའ་སྡུག་མང་པོ་ཞིག་མྱོང་གི་ཡོད་ཀྱང་ང་རང་ཆུང་དུས་ལོ་བདུན་ནས་སོ་སོའི་ཕ་མ་དང་ཁ་བྲལ་ཏེ། ས་ཐག་རིང་པོར་ཡི་གེ་སྦྱོང་དུ་སླེབས་པས་ཕ་མ་ཉེ་འགྲམ་དུ་མེད་ཀྱང་ཕ་མ་ལྟ་བུའི་བྱམས་དང་བརྩེ་བས་སྐྱོང་མཁན་སྤོ་པོ་ལགས་ཡོད། ཁོང་དུས་ནམ་ཞིག་ཡིན་ཀྱང་ངའི་རྒྱབ་ཏུ་ཡོད་པས་ད་བར་གུས་མོར་དཀའ་སྡུག་ཆུང་ཆུང་ཞིག་ཀྱང་འཕྱད་མྱོང་མེད། གུས་མོ་ངས་སྤོ་སྤོ་ཁྱིད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་ག་ལ་སྲིད་ཀྱང་། བུ་མོ་ངའི་མི་ཚེའི་ནང་སྤོ་པོ་ཁྱེད་དང་འཕྲད་པ་ནི་ང་རང་གི་བསོད་ནམས་ཡིན་པས་ངས་དུས་ནམ་ཡང་སེམས་ནང་སྤོ་སྤོ་ཁྱེད་རང་དྲན་བཞིན་ཡོད། སྤོ་སྤོ་ཁྱེད་ཀྱིས་ཕྲན་ལ་ཕ་མ་ལྟར་བྱམས་སྐྱོང་གནང་བར་བཀའ་དྲིན་ཆེ། སྤོ་སྤོ་ལགས་བཀའ་དྲིན་ཤིན་ཏུ་ཆེ། སྤོ་སྤོ་ལགས་སྐུ་གཟུགས་ལ་ཐུགས་བཅག་དང་། སྐུ་ཚེ་ཡུན་རིང་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ།
བརྗེད་ཐབས་མེད་པའི་ཉིན་མོ།
སྐལ་བཟང་བདེ་སྐྱིད། ཅོན་ཏ་ར་བོད་ཁྱིམ། ཡངས་ཤིང་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིའི་ནང་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་གྲངས་ལས་འདས་པ་ཡོད་ནའང། རང་ཉིད་ཀྱི་ ཉིན་དགའ་ཤོས་སམ་བརྗེད་ཐབས་མེད་པའི་ཉིན་དེ་ནི་ཕྱི་ལོ་༢༠༠༨ཕྱི་ཟླ་༡༢ཚེས་༡༤ཉིན་དེ་ཡིན། ཉིན་དེར་ང་འཇིག་རྟེན་འདིའི་ནང་བོད་མི་ཞིག་ཏུ་སྐྱེས་པའི་ཉིན་བཟང་པོ་ཞིག་ཡིན།བདག་གི་པཱ་ལགས་ཀྱི་མཚན་ལ་ཐུབ་བསྟན་བཀྲ་ཤིས་དང་།ཨ་མ་ལགས་ཀྱི་མཚན་ལ་རིན་ཆེན་ཆོས་འཛོམས་ཟེར། ང་ཁོང་གཉིས་ཀྱི་བུ་མོར་སྐྱེས་པ་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་དང་། མ་ཟད་དལ་འབྱོར་གྱི་མི་ལུས་བཟང་པོ་ཞིག་ཀྱང་འཐོབ། ཉིན་དེ་ནི་ང་རང་ཧ་ཅང་དགའ་འོས་པའི་ཉིན་མོ་ཞིག་ཏུ་འགྱུར་ཡོད། ང་རང་གི་སྐྱེས་སྐར་མ་སླེབས་གོང་གི་ཉིན་དེར་ངའི་སྙིང་ནས་བརྩེ་བའི་ཕ་མ་གཉིས་ཀྱིས་ང་རང་གི་སྐྱེས་སྐར་ཆེད་ཉིན་མཚན་དབྱེར་མེད་ཀྱི་སྐུ་ལས་བསྐྱོན་ཏེ། རང་ཁྱིམ་དུ་སྐྱེས་སྐར་གྱི་གོ་སྒྲིག་གནང་བ་དང་། ངའི་ཕ་མ་གཉིས་ལ་སྒོར་མོ་དེ་ཙམ་མེད་ནའང་རང་ཉིད་ཀྱི་སྐྱེས་སྐར་ཆེད་དུ་ཕངས་སེམས་སྤུ་ཙམ་ཡང་མེད་པའི་ཐོག་ནས་སྤྲི་སྒོར་དང་། དུས་གསུམ་གྱི་ཞལ་ལག་གཟབ་རྒྱས་བཅས་གོ་སྒྲིག་གནང་སྟེ། རང་དང་ལོ་ཚད་མཉམ་པའི་གྲོགས་པོ་གྲོགས་མོ་དང་། རང་ལས་ཆུང་བ་རྣམས་རང་ཁྱིམ་དུ་འབོད་སྟེ་ཉིན་གང་སྤྲོ་སྐྱིད་བཏང་བ་དང་། དགོང་མོ་དེར་སྐྱེས་སྐར་གྱི་སྤྲི་སྒོར་བཟས་ཏེ་དགའ་བའི་ཞབས་བྲོ་འཁྲབ་པ་དང་། སྐྱིེད་པའི་གླུ་དབྱངས་ལ་རོལ་བའི་སྐབས་ཧ་ཅང་གི་ཚོར་བ་སྐྱིད་པོ་དང་ལྷན་དུ་རང་ཉིད་ལོ་གཅིག་ཆེ་རུ་ཕྱིན་པའི་ཚོར་བ་ཡོང་གི་འདུག་ལ། རང་ཉིད་ཀྱི་འགན་དབང་ཀྱང་དེ་བས་ཤུགས་ཆེ་རུ་ཕྱིན་པའི་ཚོར་བ་ཤུགས་ཆེ་ཞིག་སླེབས་ཀྱི་འདུག བདག་གི་ཆུང་དུས་ཀྱི་མཛའ་གྲོགས་རྣམས་བང་རིམ་བྱས་ནས་ནང་གི་སྒོ་ཟུར་ཞིག་ཏུ་ལག་ཏུ་རྔན་པ་དང་། ཡིག་སྐོག་རེ་བཟུང་བ་མཐོང་དུས་ང་རང་སེམས་རབ་ཏུ་དགའ་སྟེ་བདག་གི་གྲོགས་ཕོ་མོ་ཡོངས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་ཚོར་ཞིམ་ཞིང་མངར་བའི་མངར་ཟས་ཕྱེད་ཀ་ཙམ་སྤྲད་པ་ཡིན། རང་ཁྱིམ་དུ་དུས་ཡུན་གང་ཙམ་ཞིག་གི་རིང་དགའ་སྤྲོའི་དཔལ་ལ་རོལ་བ་ཡིན། ཉིིན་མོ་དེ་ལོ་རེར་ཐེངས་རེ་ལས་མེད་པས་ངས་སྐྱེས་སྐར་གྱི་ཉིན་མོ་དེ་རེ་སྒུག་བྱས་ནས་སྡོད་ཀྱི་ཡོད། འདི་ལོར་ཕྲན་རང་འཛིན་གྲྭ་བདུན་པའི་ནང་སློབ་སྦྱོང་བྱ་མུས་ཡིན་ཡང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་གཙོ་བོ་ནི་ཕ་མ་གཉིས་ལ་ཞབས་ཏོག་ཞུ་ཐུབ་པ་དང་། ལྷག་པར་དུ་རང་ཉིད་ཀྱི་སྐྱེས་སྐར་ཉིན་རྨོ་རྨོ་ལགས་ཀྱིས་ང་ལ་སྐྱེས་སྐར་གྱི་ལག་རྟགས་གཅིག་སྤྲད་བྱུང་བས། ངས་དངངས་སྐྲག་དང་བཅས་ཏེ་ལག་རྟགས་ཁ་ཕྱེ་སྐབས་རང་ཉིད་ལ་ཉེ་བར་མཁོ་བའི་དེབ་ཆུང་དེ་རེད་འདུག དེབ་ཆུང་དེ་མཐོང་བ་ཙམ་གྱིས་རང་གི་ལས་དོན་ཡོངས་རྫོགས་ལམ་ལྷོང་བྱུང་སོང་བསམ་པའི་ཚོར་སྣང་ཆེན་པོ་ཞིག་སྐྱེས་བྱུང་། སྐྱེས་སྐར་ཉིན་མོར་རང་ཉིད་ལ་ནམ་རྒྱུན་ལས་ལྷག་པའི་ཚོར་བ་མི་འདྲ་བ་རེ་དང་ཉམས་མྱོང་མི་འདྲ་བ་རེ་ཡོང་གི་ཡོད་ཙང་། ང་རང་ལ་དགོས་པའི་ནོར་བུ་ནི་འབྲི་དེབ་དང་སློབ་དེབ་ཡིན། ད་ཆ་རང་ཉིད་ཕ་མ་དང་ས་ཐག་རིང་པའི་སློབ་གྲྭ་ཞིག་གི་ནང་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་དང་། ལྷག་པར་དུ་འདིར་སྐད་རིགས་ཀྱང་འདྲ་མིན་སྦྱོང་རྒྱུ་ཡོད་པ་དེ་དག་ནི་རང་ཉིད་ཀྱིས་སྔོན་ད་ུབསགས་པའི་ལས་བཟང་གི་འབྲས་བུ་རེད་བསམ་གྱི་ཡོད། ངའི་ཕ་མ་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་ལ་ང་རང་གི་སྐྱེས་སྐར་གྱི་ཉིན་མོ་དེ་ཡང་བརྗེད་ག་ལ་སྲིད་། ཀློག་པ་པོ་ལྷན་རྒྱས་ལ་ཉིད་ཀྱི་མི་འཇོན་བཞིན་དུ་འབྲི་རྩོམ་ཞིག་འབྲི་ཁུལ་བྱས་པས་ལྷན་རྒྱས་སྤྲོ་བོ་ཡོང་བའི་རེ་བ་དང་བཅས། གུས་མོས་ཕྱི་ལོ་༢༠༢༡།༡༡།༡༠ཉིན་གྱི་རེས་གཟའ་ལྷག་པའི་ཚོགས་ཐེངས་ཐ་མའི་སྐབས་སུ་བྲིས་པ་དགེའོ། །
གྲོང་གསེབ་ཀྱི་བཀོད་པ་དང་བུ་
བསོད་ནམས་བསྟན་འཛིན། ཅོན་ཏཱ་ར་བོད་ཁྱིམ། འཛམ་གླིང་ཟླུམ་པོ་འདིའི་ནང་དུ་སྲོག་ཆགས་འདྲ་མིན་གནས་ཐུབ་པར་བཤད་སྲོལ་མི་འདྲ་ཡོད་ཀྱང་རྣམ་དཔྱོད་ཅན་གྱི་སེམས་ཅན་དེ་ནི་ང་ཚོ་མི་ཟེར་བ་དེ་ཡིན། འགྲོ་བ་མིའི་བསམ་བློ་གཏོང་སྟངས་མི་འདྲ་བ་ལ་བརྟེན་ནས་འཇིག་རྟེན་འདིའི་ནང་མི་གྲངས་ཀྱིས་མི་ལང་བ་བགོས་ཡོད་པ་མ་ཟད། ས་གནས་དང་སྤྱི་ཚོགས་ཐུན་མོང་དུ་ཡར་རྒྱས་ལེགས་པོ་ཆགས་པ་དང་མི་རྣམས་དངུལ་ལ་རྔམ་པའི་སྐབས་ང་རང་ནི་དངུལ་གྱི་གོང་ཚད་མ་ཤེས་པའི་བུ་ཆུང་ལོ་ཚད་ཆུང་བས་སློབ་སྦྱོང་བྱེད་བཞིན་ཡོད། ཕ་མས་ཕྲུ་གུ་སློབ་གྲྭར་གཏོང་བའི་དོན་ཆེན་གཙོ་བོ་ནི་མ་འོངས་པར་ཡར་རྒྱས་གཏོང་རྒྱུ་དེ་མིན་པར་རང་ངོས་ནས་མི་ཚེ་སྐྱིད་པོའི་ངང་བསྐྱལ་རྒྱུ་དེ་ཡིན། ང་ཚོར་རང་ཡུལ་མེད་པ་ངས་ཤེས་ཀྱི་ཡོད། ང་འཛམ་གླིང་འདིིའི་ཐོག་སྐྱེས་པར་གོ་སྐབས་བཟང་པོ་དང་རྣམ་འདྲེན་གནང་བར་ཐུགས་རྗེ་ཞུས། སྔོན་གནམ་ལ་ཉི་མ་མི་ཤར་བའི་དུས་ཞིག་ཏུ་བུ་ཆུང་ང་རང་སྐྱེས་པ་དང་། ཡུལ་དེའི་ས་གནས་ཆུང་ལ་མཐའ་སྐོར་ཡོངས་གངས་རིས་བསྐོར་ཡོད་ཅིང་། རྒྱུག་ཆུ་ཆེན་མོ་ཞིག་ཡོད་པ་དེའི་མི་ཚང་མ་ང་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ཡུལ་དེར་མོ་ཊ་གཅིག་ཀྱང་མཐོང་ཡག་མེད་པ་དེ་ནི་ང་ཡི་གྲོང་གསེབ་ཡིན། གྲོང་གསེབ་དེའི་ཡུལ་གྱི་བཀོད་པའི་སྐོར་ལ་གཅིག་བརྗོད་འདོོད་བྱུང་། དེ་ཡང་དམག་འགོས་ཟེར་དོན་ལ་ཐོག་མར་དམག་འཛིངས་བྱེད་ས་ཡུལ་འདི་ནས་འགོ་བཙུགས་པ་དང་། དེར་སྤོ་ལགས་མཁས་པ་ཞིག་གིས་མིང་བཀོད་པ་རེད་ཟེར། ང་རང་ཆུང་དུས་ནས་འཚོ་གནས་བྱེད་སའི་ས་ཆ་ནི་དེ་ག་རང་ཡིན། ཕྲན་གྱི་གྲོང་གསེབ་ནི་ཆུང་ཆུང་ཞིག་ལས་མེད་ཀྱང་། དེ་ནི་རྩ་ཆེན་པོ་ཞིག་ཡིན། ངའི་གོ་ཐོས་ལ་ཡུལ་ལུང་དེར་ནང་ཆོས་ཀྱི་ཕྱག་དེབ་ཆེན་པོ་གཉིས་ཡོད་པས་དེས་ང་ཚོར་རོགས་རམ་ཆེན་པོ་གནང་བ་བཤད་སྲོལ་ཡོད། ཐེངས་ཤིག་ཆོས་དེ་རྐུན་མ་ཤོར་ནས་ཡུལ་ལུང་དེར་བཀྲ་མ་ཤིས་པའི་གནས་ཚུལ་མང་པོ་བྱུང་བ་མ་ཟད། བྱ་རྒོད་འཁོར་བ་དང་ཆུ་ལོག་ཆེན་པོ་བརྒྱབ་པ་ལ་སོགས་པའི་གནས་ཚུལ་འདྲ་མིན་བྱུང་། དེ་རྗེས་རྐུན་མའི་སྙན་ལ་ཁྱོད་ཀྱི་མི་ཚེ་ཐུང་ངུ་ལས་མི་འདུག་ཞེས་ཐོས་པས། ཁོང་གི་སེམས་ནང་དངངས་སྐྲག་ཆེན་པོ་སྐྱེས་ནས་ཆོས་འཁྱེར་མ་ཐུབ། དེ་མ་ཐག་ལུང་པའི་མི་རྣམས་གང་སར་ཆོས་འཚོལ་བར་ཕྱིན་པས་ཐ་མ་ས་གནས་འཐིང་བུ་ཟེར་བ་ནས་རྙེད་པས་རྐུན་མ་དེར་དབྱུག་བརྡུང་གྲངས་མེད་བཏང་བ་རེད་ཟེར་རོ།། ཆོས་དེ་ནི་ཕོ་མོ་གཉིས་ཡིན་པས་ང་ཚོས་དུས་ཆེན་ཆེན་པོ་ཞིག་ཏུ་སྲུང་བརྩི་ཞུ་ཡི་ཡོད། དེ་ནི་ངའི་ཆུང་དུས་ཀྱི་དྲན་ལམ་དུ་ཡོད་པའི་རྨོ་ལགས་ཀྱིས་ངར་གསུངས་པའི་ལོ་རྒྱུས་ལྡན་པའི་ཡིག་ཆུང་ཞིག་ཡིན། ང་རང་གི་ནང་མིའི་གནས་སྟངས་གཞན་དང་བསྡུར་བ་ཡིན་ན་སྐྱོ་བོ་ཞིག་ཡིན། ཡིན་ནའང་རང་ཉིད་ཀྱི་ཕ་མ་གཉིས་ལ་ལས་འགན་ཆེན་པོ་ཞེ་དྲགས་མེད་ཀྱང་འཚོ་བའི་ཐོག་འགྲིགས་ཙམ་ཡོད་པས་ཁོ་གཉིས་ཀྱིས་ངའི་ཆེད་དུ་ཕྱག་ལས་གནང་བ་དེར་ང་རང་གི་སེམས་ནང་དགའ་སྣང་ཆེན་པོ་ཞིག་ཡོད། བཀའ་དྲིན་ཆེ་བའི་ངའི་ཨ་མ་ནི་ཆུང་དུས་ནས་ནང་མིའི་གནས་སྟངས་སྐྱོ་བས་སློབ་གྲྭའི་སྒོ་ཡང་མཐོང་མྱོང་མེད་པས་ད་ཆ་འབྲོག་པར་འབྲོག་ལས་གནང་བཞིན་ཡོད། ང་རང་ཆུང་དུས་ལོ་ངོ་གཉིས་ཙམ་ནས་ཨ་མ་དང་ཁ་བྲལ་ཏེ་རྨོ་རྨོ་མཉམ་དུ་འབྲོག་ལས་བྱས་པ་དང་། དེ་མིན་ང་རང་རྒྱུན་དུ་འབྲོག་ལས་བྱ་རྒྱུར་དགའ་པོ་ཡོད་ལ་སེམས་ཅན་རྣམས་ཀྱི་གདོང་མཐོང་བ་དང་སེམས་ལ་བདེ་བ་ཆེན་པོ་ཞིག་སྐྱེས་ཀྱི་འདུག དེ་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡིན་པ་ངས་ཤེས་ཀྱི་ཡོད། ང་ཆུང་དུས་ཞོགས་ཟས་ནི་འོ་མ་དང་འབྲས་བཟས་ཏེ་འཚར་ལོངས་བྱུང་བ་ཡིན་པས་གཟུགས་སྟོབས་ཆེན་པོ་མེད། འོན་ཀྱང་རང་ངོས་ནས་རྨོ་ལགས་ལ་རོགས་པ་བྱེད་ཀྱི་ཡོད། དགུན་དུས་ཤིག་ལ་འབྲོག་མི་གཞན་རྣམས་ས་གནས་གཅིག་ནས་གཞན་ལ་གནས་སྤོས་སོང་བས་ང་དང་རྨོ་རྨོ་གཅིག་པུ་འབྲོག་སར་ལྷགས་བྱུང་། ང་རང་ནི་ལོ་ན་ཆུང་བ་དང་དེའི་ཐོག་བདག་གི་རྨོ་རྨོ་ནད་པ་ཆགས་པའི་དུས་ཤིག་ལ་སུས་ཀྱང་རོགས་རམ་བྱེད་མཁན་མེད་པ་མ་ཟད། སྐབས་དེར་ཁ་བ་ཆེན་པོ་ཞིག་བབས་ཡོད་པས་ཕྱི་ལ་འགྲོ་མི་ཐུབ་པ་ཞིག་བྱུང་། ཡིན་ན་ཡང་རང་ངོས་ནས་རྨོ་ལགས་ལ་ཁ་ལག་ཞིམ་པོ་བཟོས་ནས་སྤྲད་པ་དང་། བེའུ་ཁ་ཤས་ཤིག་ཁྱིམ་ཆུང་ནང་དུ་བཅུག་སྟེ་བེའུ་རྣམས་ལ་རྩྭ་ཉུང་ངུ་ཞིག་སྤྲད་པ་ཡིན། དགོང་མོ་དེར་ང་ངུས་ནས་མིག་ཀྱང་དམར་ནག་ཏུ་གྱུར་པ་དེ་ངས་ནམ་ཡང་བརྗེད་ཐབས་མེད་པའི་ཚོར་སྣང་ཞིག་ཡིན་ལ། ང་རང་གི་གནས་སྟངས་དང་ནང་མིར་དཀའ་ངལ་གང་འདྲ་ཞིག་ཡོད་མིན་ངས་ཧ་གོ་བྱུང་། ཞོགས་པ་ཡར་ལངས་པ་དང་ཕྱི་ལ་ཉི་མ་ཤར་འདུག་པས་སེམས་ནང་དགའ་སྣང་ཆེན་པོ་སྐྱེས། ངས་ཇ་ཞིག་བཟོས་ནས་རྨོ་རྨོ་ལགས་ལ་སྤྲད་པ་ཡིན། དེ་རྗེས་རྨོ་ལགས་ཀྱི་གསུང་ཡག་ལ་དེ་རིང་ང་རང་སྐུ་གཟུགས་བདེ་པོ་འདུག་ཅེས་དགའ་བའི་མིག་ཆུ་ཐོན་པ་དང་ངས་རྨོ་རྨོ་ལ་འཐམས་པ་ཡིན། དེ་རིང་ངས་སྐད་ངག་མིན་འདྲ་བ་ཞིག་ཐོས་པས་ངས་ཡག་པོར་ཉན་པས་དེ་ནི་རང་ཉིད་ཀྱི་པ་ལགས་ཀྱི་སྐད་ཡིན་པར་ངོ་ཤེས། དེ་རྗེས་པ་ལགས་ཀྱིས་ང་ལ་རྔན་པ་འཁྱེར་བ་དེ་ཚོར་མི་དགའ་བར་རྨོ་རྨོ་ངེད་གཉིས་དཀའ་ངལ་ནང་དུ་ཡོད་པས་དེར་སངས་རྒྱས་ཀྱིས་རོགས་རམ་བཏང་བ་དང་འདྲ་བས་དེར་ཐུགས་རྗེ་ཆེ་ཞུས། གལ་སྲིད་དཀའ་ངལ་ཡོད་པའི་སྐབས་རོགས་པ་སླེབས་དུས་རང་ཉིད་ཀྱི་སེམས་ལ་དགའ་སྣང་ཆེན་པོ་ཞིག་སྐྱེས་ཀྱི་འདུག ང་རང་ལུང་པར་སྡོད་དུས་གྲོགས་པོ་མང་བས་རྒྱུན་དུ་རྩེད་མོ་བརྩེས་ནས་ནང་ལ་མ་ལོགས་པར་ལུང་པའི་ནང་ལ་སྐོར་འཁྱམ་བྱས་ནས་སྡོད་ཀྱི་ཡོད། ངའི་ཆུང་དུས་ཀྱི་སྙིང་གཏམ་བཤད་པ་ཡིན་ན་ང་རང་སེམས་པ་དགའ་ནས་མིག་ཆུའི་ཐིག་པ་ཤོར་གྱི་འདུག མ་ཟད་རྨོ་ལགས་ཀྱི་འཚོ་གནས་བྱེད་སྟངས་ལ་བལྟས་ནས་ད་ཆ་ང་རང་མི་ཡག་པོ་ཞིག་ཆགས་ཡོད། དེ་ནི་རྨོ་ལགས་ཀྱི་བཀའ་དྲིན་ཡིན་བསམ་གྱི་འདུག སློབ་གྲྭ་ལ་སླེབས་ནས་ང་རང་རྨི་ལམ་ནང་དུ་ཡང་རྨོ་རྨོའི་ནང་ལ་རྨོ་རྨོ་མང་པོ་འཁོར་བ་དང་། དེས་ང་རང་མི་ཡག་པོ་ཞིག་ཆགས་རྒྱུའི་སེམས་ཤུགས་ཆེན་པོ་སྐྱེས་ཀྱི་འདུག ཡིན་ནའང་ང་རང་གི་ཨ་མ་ཡིད་ལ་མ་འཁོར་ཡང་དུས་ལེགས་པོ་ཞིག་ལ་ངས་ཨ་མ་ལགས་ལ་བཀའ་དྲིན་རྗེས་དྲན་དགོས་པ་ང་ཡི་དམ་བཅའ་ཡིན། ནང་མིའི་རེ་འདུན་གྱི་ཕྲུ་གུ་རྣམས།། […]
ཤིང་སྡོང་།
བློ་བཟང་ཡར་འཕེལ། ཅོན་ཏ་ར་བོད་ཁྱིམ། སའི་གོ་ལ་འདི་ཡི་ནང་དུ་ཤིང་སྡོང་མང་པོ་ཡོད་པ་མ་ཟད་ང་ཚོའི་སློབ་གྲྭའི་ནང་ལ་ཡང་ཤིང་སྡོང་ཧ་ཅང་མང་པོ་ཡོད། ཤིང་སྡོང་ལ་དམིགས་བསལ་གྱི་ཚོན་ཞིག་ཡོད་པ་ནི་ལོ་མ་ལྗང་ཁུ་དང་སྡོང་པོ་དང་ཡལ་འདབ་ནི་རྒྱ་སྨུག་ཡིན། དེ་ཚོ་ནི་ཤིང་སྡོང་གི་ཁྱད་ཆོས་གཙོ་བོ་དེ་ཡིན། ཤིང་སྡོང་གི་སྡོང་པོ་ནི་མཁྲེགས་པོ་ཡོད་ལ་ཁ་ཤས་ནི་སོབ་སོབ་ཡིན། ཤིང་སྡོང་རྩ་བ་ཡོད་པ་དེ་ལ་དབྱེ་བ་གཉིས་ཡོད་པ་དང་། ལོ་མ་ལ་ཡང་དབྱེ་ན་གཉིས་ཡོད། ལོ་མ་ནི་ཤིང་སྡོང་གི་ཐབ་ཚང་ཡིན་། ལོ་མས་ང་ཚོའི་ཁ་རླུང་ཛོར་པོ་ཡར་ལེན་པ་དང་། ཉི་འོད་དང་ཆུའི་ནུས་པས་ང་ཚོར་ཁ་རླུང་གཙང་མ་ང་ཚོ་ལ་སྤྲོད་ཀྱི་ཡོད། གལ་སྲིད་ལོ་མ་མེད་ན་འཛམ་གླིང་འདིའི་ནང་སྲོག་ལྡན་སུ་ཡང་གནས་ཐུབ་ཀྱི་མ་རེད། མི་ནང་བཞིན་ཤིང་སྡོང་ལ་ཡང་སྲོག་ཡོད་པ་རེད། ཡིན་ནའང་མི་རྣམས་ཀྱིས་ཤིང་སྡོང་བཅད་ནས་ཁང་པ་དང་ཅོག་ཙེ། ཕོར་པ་ལ་སོགས་པ་ཧ་ཅང་མང་པོ་བཟོ་ཡི་འདུག ཤིང་སྡོང་ལ་རིགས་གཉིས་ཡོད། དེ་ཡང་འབྲས་ལྡན་གྱི་ཤིང་སྡོང་དང་འབྲས་ལྡན་ཅན་མ་ཡིན་པའི་ཤིང་སྡོང་བཅས་གཉིས་སུ་དབྱེ་བ་ཡོད། ང་རང་ཤིང་ཏོག་ཡོད་མཁན་གྱི་ཤིང་སྡོང་ལ་དགའ་པོ་ཡོད་པས་དམིགས་བསལ་གྱིས་དཔྱིད་ཀའི་དུས་སུ་ཉིན་ལྟར་རྩ་བར་ཆུ་བླུགས་ཀྱི་ཡོད། གང་ཡིན་ཟེར་ན་སྟོན་ཁའི་དུས་སུ་འབྲས་ལྡན་ཅན་གྱི་ཤིང་སྡོང་གིས་ང་ཚོ་ལ་འབྲས་བུ་སྣ་ཚོགས་སྤྲོད་ཀྱི་ཡོད། དཔེར་ན། ཀུ་ཤུ། ཚ་ལུ་མ། ཨམ། ལི། ངང་ལག་སོགས་མང་པོ་སྤྲོད་ཀྱི་ཡོད། དེའི་དུས་སུ་ཤིང་སྡོང་གི་ལོ་མ་སེར་པོར་གྱུར་ནས་ས་ལ་འཛག་དུས་ང་རང་སེམས་པ་སྐྱོ་ཡི་འདུག ང་ཚོ་འཛིན་གྲྭའི་ནང་འཛིན་གྲྭ་ཚོགས་དུས་ངས་གཡས་ཕྱོགས་སུ་ཡོད་པའི་ཤིང་ནགས་དཀྱིལ་གྱི་ཤིང་སྡོང་ལ་ལྟ་དུས་ང་རང་འགྲོ་འདོད་ཀྱི་བསམ་བློ་ཧ་ཅང་མང་པོ་འཁོར་གྱི་འདུག ང་ཚོའི་ཁང་པ་དང་དགོན་པའི་མཐའ་བསྐོར་དུ་ཡོད་པའི་ཤིང་ནགས་དེ་ཚོར་དགའ་པོ་ཡོད། མི་རྣམས་ཀྱི་ཤིང་སྡོང་གྲིས་བཏུབ་ནས་ང་ཚོའི་ཆེད་དུ་ཁང་པ་སོགས་འདྲ་མིན་བཟོ་བ་མཐོང་དུས་སེམས་པ་སྐྱིད་པོ་དེ་ཙམ་མི་འདུག གཞན་ཡང་ཤིང་སྡོང་བཏུབ་ནས་མིའི་ཆེད་དུ་ཤོག་བུ་དང་། འབྲི་དེབ་བཟོ་ཡི་ཡོད་པས་མི་རྣམས་ཀྱི་འབྲི་དེབ་སོགས་བེད་སྤྱོད་ཡག་པོ་མ་བཏང་བར་ཤོག་བུའི་གནམ་གྲུ་སོགས་བཟོ་བ་མཐོང་སྐབས། བདག་གིས་ཁོང་ཚོར་ཤོག་བུ་འཕྲོ་བརླག་མ་གཏོང་ཟེར་ནས་བསླབ་བྱ་རྒྱག་གི་ཡོད། རྒྱུ་མཚན་ནི་ང་ཤིང་སྡོང་ལ་དགའ་པོ་ཡོད་པས་ཡིན། དེ་བཞིན་ཤིང་སྡོང་ནི་བྱ་དང་བྱེའུ་རྣམས་ལ་ཡང་ཧ་ཅང་གལ་ཆེན་པོ་ཡིན་ཏེ། བྱ་དང་བྱེའུ་རྣམས་ཀྱིས་ཤིང་སྡོང་སྟེང་ཚང་བཟོ་ཡི་ཡོད་པ་དང་། ཁོ་ཚོ་དེར་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། དེ་བཞིན་དུ་ཁོང་ཚོས་ཤིང་སྡོང་སྟེང་གི་གནོད་འབུ་རྣམས་འཇུས་ནས་སོ་སོའི་ཕྲུ་གུ་ལ་སྤྲོད་ཀྱི་ཡོད། དེར་བརྟེན། ང་ཚོ་ཚང་མས་ཤིང་སྡོང་ལ་བདག་གཅེས་བྱ་རྒྱུ་དང་སྲུང་སྐྱོབ་བྱ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག །
