Skip to main content
ཤེས་རིག་ལས་ཁུངས།

དཔེ་ཁུག་གི་ལས་དབང།

དཔེ་ཁུག་གི་ལས་དབང།

གངས་ལྷ་སྒྲོལ་མ། ཅོན་ཏ་ར་བོད་ཁྱིམ། ང་ནི་ཁ་དོག་སྣ་ཁ་འདྲ་མིན་དང་སྤུས་ཀ་ལེགས་པོ་གཅིག་ནས་གྲུབ་པའི་དཔེ་ཁུག་ཆུང་ཆུང་ཞིག་ཡིན། ང་ལ་ཚེར་ཆེ་འབྲིང་ཆུང་གསུམ་ཡོད། ངའི་མདུན་ལ་ཚོན་མདོག་འདྲ་མིན་ཡོད་པ་མ་ཟད། དེའི་སྟེང་ལ་རླུང་གི་རྒྱལ་མཚན་ཞིག་ཡོད་པ་དང་འོག་ལ་རྒྱུག་ཆུ་ཞིག་རྒྱུག་བཞིན་པ་སྟོན་ཡོད། ང་དང་པོ་བཟོ་གྲྭ་ནས་ཚོང་ཁང་ནང་རླངས་འཁོར་བསྡད་ནས་འགྲོ་སྐབས། ངས་སྦྱིན་བདག་གི་སྐོར་ལ་བསམ་བློ་གཏོང་གིན་བསྡད་པ་ཡིན། ང་ལ་སྦྱིན་བདག་གང་འདྲ་ཞིག་དགོས་མིན་ཁྱེད་ཚོར་ངོ་སྤྲོད་ཅིག་བྱས་ན། ང་ལ་དགོས་པའི་སྦྱིན་བདག་ནི་མཐོང་མ་ཐག་ཏུ་ཕྱི་གཟུགས་ལེགས་པའི་ཐོག་རྒྱུ་ནོར་ཧ་ཅང་མང་པོ་ཡོད་པ་གཅིག་དགོས། ང་ཚོང་ཁང་ནང་སླེབས་མ་ཐག་ཚོང་བདག་གིས་ང་ཚོང་ཁང་གི་ཟུར་ཞིག་ལ་བཀལ་བྱུང་། ངའི་ཚོན་མདོག་བཀྲག་པ་ལ་བརྟེན་ནས་ངས་མི་ཚང་མ་ལས་སླ་བོའི་ངང་འགུག་ཐུབ་གྱི་འདུག འོན་ཀྱང་ཚང་མས་ང་ལ་ཐུག་ཙམ་བྱས་ཏེ་ཁ་ནས། “ཨ་ཙི་དཔེ་ཁུག་འདི་ལ་ཡིད་འཕྲོག་སོང། ཡིནའང་གོང་དེ་འདྲའི་ཆེ་བ་ལ།” ཞེས་ལབ་ནས་འགྲོ་ཡི་འདུག ཉིན་ཞིག་གི་གནམ་གཤིས་དམར་ཞིང་བཀྲག་མདངས་ཆེ་བའི་སྐབས་ས་མ་རུབ་གོང་། མ་བུ་གཉིས་སླེབས་ནས་ང་ལ་ཐུག་ཙམ་ཐུག་ཙམ་བྱས་བྱུང་བས། ངའི་བསམ་པར་མི་གཞན་པ་ལྟར་གོང་ཆེ་བ་ལ་ཞེས་བརྗོད་ཁོ་ཐག་རེད་སྙམ་བྱུང་། འོན་ཀྱང་ཡ་མཚན་པ་ཞིག་ལ་ཁོང་གཉིས་ཀྱིས་ང་ཉོས་ནས་ནང་ལ་འཁུར་རྩིས་བྱས་བྱུང་བས། ང་དགའ་ནས་གཞས་ཀྱང་བཏང་བ་ཡིན། ངའི་སྦྱིན་བདག་ནི་བལྟས་མ་ཐག་ཏུ་མཛེས་ཤིང་མཚར་སྡུག་ལྡན་པས་སུ་དང་བསྡུར་ཡང་ཐོབ་ས་རེད། ཁོང་གི་མིག་ནི་ཤྭ་བའི་མིག་ལྟར་རྫིག་པོ་དང་། སྐྲ་ནི་བལ་ལྟར་འཇམ་པ་མ་ཟད། རྒྱུ་ནོར་གྱིས་བང་མཛོད་བཀང་ཡོད་པ་འདྲ་པོ་འདུག ངའི་སེམས་ནང་ད་ཡིན་ན་ཁོ་གཉིས་ཀྱིས་ངའི་འདྲ་པར་འདི་ཐོན་སོང་ཉམས་ནས་སྡོད་དུས། ཁོང་གཉིས་ཀྱིས་ང་རླངས་འཁོར་ནང་བཞག་ནས་ཁོ་ཚོའི་ནང་ལ་འཁྲིད། ངས་ཁོ་ཚོའི་ནང་འཛུལ་མ་ཐག་མིག་ནང་ཁོ་ཚོའི་ཁང་པའི་ནང་ལོགས་གང་འདྲ་ཡོད་མེད་ཚང་མ་མཐོང་བྱུང་བས། ནང་ནི་ཧ་ཅང་རྫིག་པོ་ཡོད་པས་རྒྱལ་ཁང་དང་མཚུངས། ངའི་སྦྱིན་བདག་ནི་ལོ་བཅུ་གཅིག་སོན་པའི་བུ་མོ་གཅིག་རེད་འདུག ཁོ་མོའི་གཤིས་ལུགས་ནི་ཧ་ཅང་རྩུབ་པ་དང། ནང་ལ་ཡོད་པའི་གཡོག་འཁོར་ཚང་མ་མཉམ་དུ་འཁོན་འགྲས་བྱེད་ཀྱི་འདུག མོས་ང་ཁུར་ནས་སློབ་གྲྭ་ལ་འགྲོ་ཡི་འདུག་སྟེ། འཛིན་གྲྭའི་ནང་སླེབས་མ་ཐག་ང་རྐུབ་བཀྱག་གི་སྟེང་ལ་གཡུག་གི་འདུག སྐབས་རེ་ང་ས་ལའང་འཛག་གི་འདུག་པ་མ་ཟད། ནང་ལ་སླེབས་མ་ཐག་དེ་མུར་ས་ལ་གཡུག་ནས་ངའི་ལུས་ལ་རྨ་མང་པོ་བཟོས་སོང། ཟླ་ནས་ཟླ་ཕྱིན་རྗེས་ངའི་དེ་སྔོན་ངོ་གདོང་ལ་འཛུམ་མདངས་དང་དང་བཀྲག་མདངས་ལྡན་པའི་རི་མོ་རྣམས་རིམ་གྱི་རྨིག་མེད་ཆགས་ཀྱི་འདུག ཉིན་ཞིག་ཁོ་ཚོའི་གཡོག་པོ་རྣམས་ཀྱིས་ནང་གཙང་མ་བཟོ་པའི་དུས་སུ་ང་ཟུར་ཞིག་ལ་ལོགས་སུ་བཏོན་སོང་། འཕྲལ་མ་ཉིད་དུ་བུ་མོ་དེས་དཔེ་ཁུག་ང་ལས་སྙིང་རྗེ་བ་ཅིག་འཁུར་ནས་ངའི་ཁོག་པའི་ནང་ཡོད་པའི་དེབ་རྣམས་ཕྱི་ལ་བཏོན་ནས་དཔེ་ཁུག་དེའི་ཁོག་པའི་ནང་བླུགས་སོང་། དེ་རྗེས་ང་སྒམ་ཆུང་མུན་ནག་གཅིག་ནང་བཅུག་སོང། དེ་རྗེས་ཉིན་རེ་ནས་ཉིན་རེར་ངའི་མིག་ནང་མིག་ཆུའི་དབང་མེད་དུ་ཤོར། ཉིན་འགའི་རྗེས་སུ་ང་རླངས་འཁོར་ཆེན་པོ་གཅིག་གི་ནང་འཁུར་ནས་གད་སྣོད་ནང་གཡུག ང་དང་ང་འདྲ་བའི་ཅ་དངོས་གཞན་དང་མཉམ་དུ་ཁ་བརྡ་བྱས་ནས་བསྡད་པས་ཉིན་ཁ་ཤས་རྗེས་སུ་བུ་ཞིག་གིས་ང་འཁུར་ནས་འགྲོ་སོང། ངའི་སེམས་ནང་སྔོན་མ་ནང་བཞིན་གྱི་ནང་སྐྱིད་པོ་གཅིག་ཡིན་པ་ངའི་མིག་ལམ་ལ་འཆར། འོན་ཀྱང་། རྩྭ་ཁང་གི་ནང་ཞིག་ངའི་མིག་ལམ་དུ་མཐོང་དུས་ང་ཧ་ལས་བྱུང་། ཁོའི་གཤིས་ཀ་ནི་ཧ་ཅང་འཇམ་ལ་སྲི་ཞུ་ཧ་ཅང་ཆེ་བ། ཐ་ན་ཁོས་སེམས་ཅན་ལའང་ཞབས་ཏོག་བྱེད་ཀྱི་འདུག ཁོ་ནི་ཉིན་ལྟར་སྔོན་གྱི་བུ་མོ་དེ་དང་མི་འདྲ་བར་དེབ་ཀྱི་ཚབ་ལ་རྩམ་པ་འཁུར་ཏེ་ལག་གཡས་ལ་རྒྱུག་པ་གཅིག་དང་ང་འཁུར་ནས་ལྗང་ལ་སྔོ་བའི་ན་ཁ་ཆེན་པོ་གཅིག་གི་ནང་དགོང་མོ་ས་མ་རུབ་བར་བསྡད་ནས། ས་རུབ་མ་ཐག་ནང་ལ་ལོགས་ནས་བསྡད་པ་ཡིན། ད་ལྟ་ངོ་མ་ངས་བསྐྱར་དུ་བསམ་བློ་གཏོང་དུས། སྔོན་མ་ང་དངོས་ནས་བློ་གཅིག་རེད་འདུག དངོས་གནས་བྱས་ན་ངས་སྔོན་མ་སྦྱིན་བདག་གི་རྒྱུ་ནོར་ལ་བལྟས་པ་མ་གཏོགས། སེམས་ལ་བལྟས་ཡོད་ན་ང་དེ་སྔོན་ནང་བཞིན་དཀའ་ངལ་འཕྲད་མེད་སྙམ། །

སྤྱང་གྲུང་ལྡན་པའི་བུ།

སྤྱང་གྲུང་ལྡན་པའི་བུ།

བསོད་ནམས་མཚོ། གཞི་རིམ་བར་མའི་བོད་དགེ ཅོན་ཏ་ར་བོད་ཁྱིམ། གནའ་སྔ་མོ་སྔ་མོའི་དུས་ཚོད་ཞིག་ལ། གསེར་མོ་ལྗོངས་ཟེར་བའི་ཡུལ་ཞིག་ཡོད། ཡུལ་དེ་ནི་མཛེས་ཤིང་ལྟ་ན་སྡུག་ལ་དེར་ནམ་དུས་བཞི་གསལ་པོའི་ངང་མངོན་ཐུབ། དེ་ཡང་དབྱར་དུས་སུ་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་པ་མ་ཟད། སྤང་ལྗོངས་སུ་རྟ་ནོར་ལུག་གསུམ་གྱི་ཁེངས་ཡོད། ཡུལ་དེའི་མི་མང་རྣམས་ནི་ཆོས་དད་ཆེ་ལ་ཕན་ཚུན་དབར་བྱམས་པ་དང་སྙིང་རྗེ་ལྡན་པ། ལྷག་བསམ་རྣམ་པར་དག་པའི་བསམ་བློ་ཡོད་མཁན་མང་པོ་ཡོད། རྒན་པ་རྣམས་ཀྱིས་ཆུང་བ་རྣམས་ལ་བྱམས་སྐྱོང་དང་། ཆུང་བ་རྣམས་ཀྱིས་རྒན་པ་ཚོར་གུས་ཞབས་དང་གུས་བསྟི་ཆེན་པོ་ཡོད་པའི་ཡུལ་སྡེ་ཁྱད་དུ་འཕགས་པ་ཞིག་ཡིན། ཡུལ་དེའི་ནང་རྒྱལ་པོ་ཞིག་ཡོད་པས། རྒྱལ་པོ་དེས་དུས་དང་རྣམ་པ་ཀུན་ཏུ་འདོད་རྔམ་ཤ་སྟག་བྱེད་ཀྱི་ཡོད་པ་མ་ཟད། གླེན་ལྐུགས་ཅན་ཞིག་ཀྱང་ཡིན། རྒྱལ་པོས་རྒྱུན་དུ་འབངས་མི་སར་ལ་ཡོད་པའི་ཅ་ལག་དང་། སྒོ་ཕྱུགས་སེམས་ཅན། གཞན་ཡང་རྒྱན་ཆ་སོགས་དམིགས་བསལ་དེ་འདྲ་ཡོད་པ། རྒྱལ་པོས་རང་ཉིད་ཀྱི་མཐོང་བའམ་ཡང་ན་མི་གཞན་གྱི་བཤད་པ་དང་གོ་བ་སོགས་བྱུང་ཚེ། རང་ཉིད་ལ་རག་ཐབས་བྱེད་ཀྱི་ཡོད། དེ་ནས་རྒྱལ་པོས་མི་མང་མང་པོ་ཞིག་གི་འགྲམ་ནས་གསེར་དང་། དངུལ། མུ་ཏིག རྡོ་རྗེ་ཕ་ལམ་ལ་སོགས་པའི་རིན་པོ་ཆེའི་རིགས་མང་པོ་འཕྲོག་གི་ཡོད་པ་རེད། དེ་བཞིན་དུ་སྒོ་ཕྱུགས་སེམས་ཅན་དམིགས་བསལ་དེ་འདྲ་ཡོད་ན་རིན་གོང་ཉུང་ངུར་སྤྲད་ནས་ཉོ་ཡི་ཡོད། རྒྱལ་པོ་དེར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱུན་དུ་གཏམ་རྒྱུད་དང་རྫུན་གཏམ་གྱི་རིགས་ཉན་རྒྱུར་ཧ་ཅང་གི་དགའ་པོ་ཡོད། ཉིན་ཞིག་རྒྱལ་པོ་དེས་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྫུན་གཏམ་གྱི་རིགས་ཉུང་ངུ་ལས་མེད་པ་ཞིག་ཤོད་ཐུབ་མཁན་ཡོད་ན། རྒྱལ་པོ་རང་ཉིད་ཀྱི་བང་མཛོད་ནས་རྒྱུ་ནོར་ཕྱེད་ཀ་རྔན་པར་སྤྲོད་རྒྱུའི་གསལ་བསྒྲགས་གང་སར་སྤེལ་བ་རེད། ཉིན་ཞིག་སྤྱང་གྲུང་ལྡན་པའི་བུ་ཞིག་གིས་གསལ་བསྒྲགས་དེ་མཐོང་མ་ཐག་ཡུལ་དེའི་རྒྱལ་པོའི་དྲུང་དུ་བཅར་བ་རེད། རྫུན་གཏམ་ཤོད་རྒྱུ་ནི་ཧ་ཅང་གི་ལས་སླ་བས་ངས་བཤད་ཆོག་ཞུས་པ་རེད། དེ་ནས་ཁོས་རྫུན་གཏམ་བཤད་འགོ་ཚུགས་ཀྱི་ཡིན་ཟེར་ནས་སྒྲུང་བཤད་དོན། དེ་ཡང་ཉིན་ཤས་སྔོན་ལ་ངའི་ཁྱིམ་མཚེས་ཀྱི་རྟ་རྒོད་མ་དེ་བརླགས་པ་རེད། ང་ཚོས་རི་མཐོ་རིང་མཐོ་ཚད་སྒང་ལ་ཕྱིན་ནས་བཙལ་ཡང་མཐོང་སར་མིན་འདུག ཡིན་ན་ཡང་ང་རང་གཅིག་པུ་རྩྭ་རྐྱང་རིང་པོ་ཞིག་གི་སྒང་ལ་འཛེག་ནས་ལྟ་དུས་རྨ་ཆུའི་ཕ་རོལ་ལ་འདུག་པ་མ་ཟད། རྟ་རྒོད་མ་དེ་ལ་རྟེའུ་ཞིག་ཀྱང་བཙས་འདུག་པས། ང་རྒྱུག་ཤར་གློད་ནས་རྨ་ཆུའི་ཕ་རོལ་དུ་ཕྱིན་པ་ཡིན། ངས་རྒོད་མ་བཞོན་དེ་རྟེའུ་མཆན་ཁུང་འོག་ཏུ་བཅུག་ནས་ཡོང་བ་ཡིན་ཡང་། རྒོད་མ་དེ་ཁྱ་རེ་ཁྱོ་རེ་བྱས་པ་ལས་འགྲོ་ཐུབ་ཀྱི་མི་འདུག དེ་ནས་ངས་རྟེའུ་དེར་བཞོན་ནས་རྒོད་མ་མཆན་ཁུང་འོག་ཏུ་བཅུག་ནས་ཡོང་བས་ལམ་བར་དུ་དཀའ་ངལ་གང་ཡང་འཕྲད་མ་སོང་། རྟེའུ་བཞོན་ནས་ཡོང་བཞིན་པའི་ལམ་བར་དུ་ཨ་བྲ་ཞིག་དང་འཕྲད་ནས་ངས་གྲི་ཞིག་བཞུས་པས། ཨ་བྲ་དེའི་རྒྱུ་མ་ས་ལ་དྲུད་ནས་བྲོས་ཕྱིན་སོང་། ཡང་བསྐྱར་ལམ་བར་དུ་འབུ་ཨ་མ་སྲན་མོ་ཞིག་མཐོང་ནས་གྲི་ཞིག་བཞུས་པས། ང་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་རག་བྱུང་། དེ་ནས་ནང་དུ་མ་འབྱོར་གོང་ལམ་བར་དུ་བྲག་ཕུག་ཞིག་གི་ནང་ངལ་གསོ་བརྒྱབས་ནས་མཚན་ཞིག་བསྡད་པ་ཡིན། མཚན་མོར་དེར་ང་མར་མ་ཉལ་སྔོན་ལ་ངས་ལྷམ་གོག་གཡས་པ་དེ་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་ཡོད་པ་ཆ་ཚང་བྱུགས་པ་ཡིན་ཡང་། ད་དུང་ང་ལ་ཚི་ལུ་དཀར་ཡོལ་གཅིག་དང་ཕྱེད་ཀ་ལྷགས་སོང་། དེ་ནས་ང་ཐང་ཆད་དེ་ཉལ་བ་ཡིན། མཚན་དཀྱིལ་ཙམ་ལ་ངའི་ལྷམ་གོག་གཉིས་པོ་འཁྲུགས་འཛིངས་ཤོར་བཞིན་འདུག་པས། ཨོ་ཙི། ཁྱེད་གཉིས་ག་རེ་བྱས་སོང་ཞུས་ཀྱང་ཨ་ལན་མེད་སྟབས། ང་ཁོང་ཁྲོ་ཞེ་དྲགས་ལངས་ཏེ་ཚི་ལུ་བྱུགས་པའི་ལྷམ་གོག་དེར་རྡོག་རྒྱག་གཅིག་དང་། གཞན་དེར་རྡོག་རྒྱག་གཉིས་བཞུས་པ་ཡིན། གང་འཚམས་གཅིག་གི་རྗེས་སུ་ལྟ་དུས་ཚི་ལུ་བྱུགས་པའི་ལྷམ་གོག་དེ་མཐོང་སར་མེད་པར་བྲོས་ཚར་འདུག དེ་ནས་སླར་ཡང་ང་ཉལ་པ་ཡིན། ནམ་ཕྱེད་གཡས་གཡོན་ཙམ་ལ་བྲག་ཕུག་སྒོ་འགྲམ་དུ་སྔར་ལས་ལྷག་པའི་སྐད་ཅོར་ཆེན་པོ་ཞིག་གོ་སོང་བས། […]

སྤོ་སྤོ་བསམ་འཕེལ་གྱི་བརྗེད་

སྤོ་སྤོ་བསམ་འཕེལ་གྱི་བརྗེད་དཀའ་བའི་ཉིན་མོ།

བསྟན་འཛིན་མཐོ་རི། འབྲིང་རིམ་བོད་དགེ ཅོན་ཏ་ར་བོད་ཁྱིམ། སྔོན་ཡིད་དུ་འོང་བའི་འབྲོག་པའི་རྩྭ་ཐང་ཞིག་ན་སྤོ་ལགས་གཅིག་དང་།རྨོ་ལགས་གཅིག་ཡོད། སྤོ་ལགས་ཀྱི་མཚན་ལ་བསམ་འགྲུབ་དང་རྨོ་ལགས་ཀྱི་མཚན་ལ་དབྱངས་སྒྲོན་ཟེར། ཁོང་གཉིས་ལ་བུ་ཕྲུག་བདུན་ཙམ་བྱུང་། སྤོ་ལགས་ནི་རྒྱུན་ལྡན་དཔེ་ཆ་ཀློག་རྒྱུ་ལ་དགའ་པོ་ཡོད་པ་མ་ཟད། མི་གཞན་ལ་ཕན་སེམས་བྱ་རྒྱུ་ཧ་ཅང་དགའ་པོ་ཡོད་པས་མི་ཚང་མས་སྤོ་ལགས་ཁོང་ལ་སྤོ་བྱང་སེམས་ལགས་ཞེས་འབོད་སྲོལ་ཡོད། རྨོ་ལགས་ནི་དུད་འགྲོ་སེམས་ཅན་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། དམིགས་བསལ་གྱིས་ར་ལུག་དང་། ཁྱི་ལ་དགའ་པོ་ཡོད་པའི་རྨོ་ལགས་ཤིག་ཡིན། ཁོང་གཉིས་ལ་འཚོ་གནས་སྦྲ་གུར་གཅིག་དང་རས་གུར་གཅིག་ལས་མེད། སྦྲ་ནག་ཆེན་པོ་དེ་ནི་ནང་མ་ཚོའི་བཞུགས་གནས་གཙོ་བོ་དེ་ཡིན་ལ། རས་གུར་དཀར་པོ་ཆུང་ངུ་དེ་ནི་བུ་ཆེ་བ་དང་འབྲིང་བའི་ཉལ་གུར་ཡིན། ཡུན་རིང་རྗེས་སུ་བུ་ཕྲུག་རྣམས་ལོ་ན་སོན་ཏེ། རང་རང་གི་འཚོ་བ་བསྐྱལ་བར་ཕྱིན་ཏེ། ནང་དུ་སྤོ་ལགས་དང་རྨོ་ལགས་དེ་བཞིན་བུ་ཆུང་བ་བཅས་ཁོང་གསུམ་ལས་མེད། ཉིན་གཅིག་སྤོ་ལགས་ཞོགས་པ་སྔ་པོ་ནས་ལུག་འཚོ་བར་ཕྱིན་པ་དང་། ལུག་འཚོ་བའི་ས་ཆ་ནི་རང་ཉིད་སྡོད་ས་ནས་སྤྱི་ལེ་སུམ་ཅུ་ཙམ་གྱི་དབར་འགྲོ་དགོས་པའི་རྩྭ་ལྗང་གི་ཡུལ་ལྗོངས་ཤིག་ཡོད། སྤོ་ལགས་དགོང་མོ་ས་རུབ་གྲབས་ཙམ་དུ་ལུག་ཁྱུ་རྣམས་དེད་དེ་རང་སར་འབྱོར། དེའི་དགོང་མོར་སྤོ་ལགས་ཀྱིས་རྨོ་ལགས་ལ་གསུངས་དོན། དེ་རིང་ལུག་འཚོ་བར་དཀའ་ངལ་དམིགས་བསལ་འཕྲད་མ་བྱུང་། སང་ཞོགས་སྔ་ཙམ་ནས་མ་འགྲོ་ན་གྲོང་ཚོ་གཞན་གྱི་ར་ལུག་ཁྱུ་འཚོ་དེད་འགྲོ་བས། ང་ཚོའི་ར་ལུག་རྣམས་ལ་རྩྭ་མ་རག་པའི་ཉེན་ཁ་ཡོད། བྱས་ཙང་སང་ཞོགས་རྨོ་ལགས་ཁྱེད་ཀྱིས་ང་ལ་སྔ་ཙམ་ནས་གཉིད་བསད་རོགས་གནང་ཞེས་ཞུས། རྨོ་ལགས་ཀྱིས།  འོ་ཡིན་ད་ཡིན། སང་ཉིན་ངས་སྔ་ཙམ་གཉིད་བསད་ཆོག །དེ་རིང་དགོང་མོ་ནས་རྒྱག་ཕྱེ་རྣམས་གྲ་སྒྲིག་བྱས་ན་ལེགས་ཞེས་ཞུས། སང་ཉིན་དེར་ལུག་འཚོ་སའི་ས་ཆ་དེར་མི་སུ་གཅིག་ཀྱང་མ་སླེབས་གོང་སྤོ་ལགས་ཀྱི་ལུག་ཁྱུ་རྣམས་འབྱོར། དུས་ཡུན་གང་མཚམས་ཕྱིན་པའི་སྐབས་དེར་གློ་བུར་དུ་འུར་སྒྲ་དང་ངུ་སྒྲ་ཆེན་པོ་ཞིག་ཐོས་འཕྲལ་སྤོ་ལགས་དངངས་སྐྲག་ངང་བལྟ་རུ་ཕྱིན། སྐབས་དེར་སྤྱང་ཀི་ཁྱུ་ཞིག་གིས་སྤོ་ལགས་ཀྱི་ར་ལུག་འགའ་ཞིག་རྨས་སྐྱོན་དང་། འགའ་ཞིག་བསད་ཡོད་པ་མཐོང་འཕྲལ་སྤོ་ལགས་བྱ་ཐབས་བྲལ་ཏེ་ལམ་སེང་ནང་དུ་ལོག་ཕྱིན། ནང་དུ་འབྱོར་མཚམས་སྤོ་ལགས་སེམས་སྐྱོ་ཐག་ཆོད་དེ་ནང་མི་སུ་གཅིག་ལ་སྐད་ཆ་ཡང་མ་བཤད་པར་བསམ་བློ་བཏང་ནས་བསྡད་པས། རྨོ་ལགས་ཀྱིས་སྤོ་ལགས་ལ་བཀའ་འདྲི་ཞུས། སྤོ་ལགས་དེ་རིང་རྣམ་རྒྱུན་དང་མི་འདྲ་བར་བསམ་བློ་ཞེ་དྲགས་བཏང་ནས་བཞུགས་འདུག་པས། ཡང་སྙིང་གནད་དོན་ཡག་སྡུག་གང་ཞིག་བྱུང་དྲིས་པས། སྤོ་ལགས་ཀྱིས་གསུངས་པར། དེ་རིང་ནི་ཧ་ཅང་བརྗེད་དཀའ་བའི་ཉིན་མོ་ཞིག་ཏུ་གྱུར་སོང་བས་ཧ་ཅང་སེམས་པ་སྐྱོ། རྨོ་ལགས་ཀྱིས་ག་རེ་བྱུང་བ་རེད་གསུངས་དང་ཞུས་པས། སྤོ་ལགས་སེམས་སྐྱོ་བཞིན་དུ་སྤྱང་ཀི་ཁྱུ་ཞིག་གིས་ང་ཚོ་ར་ལུག་འགའ་ཞིག་ལ་རྨས་སྐྱོན་དང་། འགའ་ཞིག་བསད་སོང་ཞུས། རྨོ་ལགས་ཀྱིས་སེམས་ཅན་སྙིང་རྗེ། ཡིན་ནའང་ང་ཚོས་སྡིག་ཅན་སྤྱང་ཀི་དེ་རྣམས་རིམ་པས་འཛིན་ཐུབ་པ་བྱ་དགོས། དེ་མིན་ང་ཚོའི་ར་ལུག་རྣམས་རིམ་པས་ཚང་མ་བཟའ་རྒྱུ་ཉག་ཅིག་རེད། དེ་ནས་གང་མཚམས་རིང་སྤོ་ལགས་དང་རྨོ་ལགས་གཉིས་སྤྱང་ཀི་འཛིན་རྒྱུར་གྲོས་མོལ་བྱས། མཐར་ཉིན་གཅིག་གི་རིང་ར་ལུག་རྣམས་ལྷས་རའི་ནང་ངུ་བཅུག་ཏེ་བཞག་རྒྱུ་དང་། སང་ཞོགས་སྔ་པོ་ནས་བུ་ཆུང་ཤོས་དང་སྤོ་ལགས་གཉིས་སྤྱང་ཀི་འཛིན་པར་ཕྱིར་སོང་། གང་མཚམས་ཕྱིན་པའི་རྗེས་སུ་ལུག་ཁྱུ་དེད་འགྲོ་བའི་ལུག་རྫི་གཅིག་དང་འཕྲད་དེ། ཨ་ཁུ་ལུག་རྫི་ལགས། ལམ་དུ་སྤྱང་ཀི་ཁྱུ་གཅིག་འགྲོ་བཞིན་པ་མཐོང་ངམ་དྲིས་པས། ཨ་ཁུ་ལུག་རྫི་ཡིས། ངས་མ་མཐོང་འོན་ཀྱང་། ལུང་པ་འདའི་ནང་སྤྱང་ཀི་མང་པོ་ཡོད་པ་ཐོས་མྱོང་ཀྱང་ད་བར་ང་ལ་སྤྱང་ཀི་ཐུག་མ་སོང་ཞེས་ཟེར་ཏེ། གླུ་ལེན་བཞིན་ལུག་ཁྱུ་རྣམས་དེེད་དེ་སོང་། […]

བསྟན་འཛིན་དང་ཁོའི་འཛིན་གྲོག

བསྟན་འཛིན་དང་ཁོའི་འཛིན་གྲོགས།

རྡོ་སྦིས་ཟླ་བ་ཚེ་རིང། གཞི་རིམ་བར་མའི་བོད་དགེ  མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ད་ལོ་ང་ཚོའི་འཛིན་གྲྭའི་འགན་བདག་ནི་ལྷ་མོ་ཡིན་པས། ང་དང་འདྲ་བའི་སློབ་ཕྲུག་བུ་རྣམས་ཀྱིས་ལྷ་མོ་འགན་བདག་ཏུ་བདམས་པར་དགའ་བོ་གནང་གི་མེད་པར་མ་ཟད། ཚེ་རིང་གིས“ང་ཚོའི་འཛིན་གྲྭའི་འགན་བདག་བསྟན་འཛིན་ཁྱེད་རང་ཡིན་ན་དགའ་བ་ལ། གལ་སྲིད་ཁྱེད་རང་འགན་བདག་ཡིན་ཚེ་ང་ཚོར་རྩེད་མོ་རྩེ་རྒྱུའི་དུས་ཚོད་མང་པོ་རེག་གི་རེད་མོད། འོན་ཀྱང་ད་ཚར་བ་རེད། ལྷ་མོ་ནི་མོའི་ཨ་མ་དང་འདྲ་བར་ཇུས་གཏོགས་བྱེད་མཁན་གྱི་བུ་མོ་ཞིག་ཡིན་པས། ད་ལོ་ང་ཚོ་རྩེད་མོ་རྩེ་རྒྱུའི་གོ་སྐབས་དེ་ཤོར་བ་རེད་བསམ་གྱི་འདུག”ཟེར་ནས་ངར་བཤད་བྱུང་། དེ་རིང་ལྷ་མོ་ཡང་མོའི་ཨ་མའི་བྱེད་སྟངས་དང་འདྲ་བར་“བར་གསེང་སྐབས་ཚང་མ་སྤོ་ལོའི་རྩེད་ཐང་དུ་འཛོམས་དགོས། འགན་བདག་ངས་གནད་དོན་ཞིག་གསལ་བསྒྲགས་བྱ་རྒྱུ་ཡིན།”ཟེར་བའི་སྐད་ཆ་དེ་ང་ཚོ་ལ་བཤད། དེ་འདྲའི་ཉོབ་པ་ལ། བར་གསེང་སྐབས་སུ་རྐང་རྩེད་སྤོ་ལོ་རྩེ་དགོས་བསམ་ནས་བསྡད་ཡོད་མོད། ཡང་དུས་ཚོད་དེ་མེད་པར་བཟོས་སོང་ཟེར་ནས་སྡུག་སྐད་འབྱིན་ཞོར་ཚེ་རིང་དང་ངེད་གཉིས་སྤོ་ལོའི་རྩེད་ཐང་དུ་སླེབས་དུས་འཛིན་གྲོགས་ཚང་མ་དེ་རུ་འཛོམས་འདུག་ལ། ཚེ་རིང་ཉོབ་ཐག་ཆོད་དེ་“གསལ་བསྒྲགས་ག་རེ་བཤད་ཡ་ཡོད། མགྱོགས་པོ་ཤོད་དང་ང་ཚོར་དུས་ཚོད་མང་པོ་ཡོད་པ་མ་རེད་”ཟེར། ལྷ་མོས“བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་རེད། ང་ཚོ་ཁོང་གི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་དགེ་རྒན་ཁོང་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་ཡ་ཡིན།”ཟེར་མ་ཐག ང་ཧང་སང་ནས་“ཝེ། ཁྱེད་ཀྱིས་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་ཡིན་པ་ཇི་ལྟར་ཤེས་སམ།”ཟེར་ནས་ལྷ་མོ་ལ་སྐད་ཆ་དྲིས་པ་ཡིན། ཚེ་རིང་གིས“ཧ་ཧ།ཧ་ཧ”ཟེར་ནས་སྐད་ཤུགས་ཆེན་པོའི་ངང་གད་མོ་ཤོར་རྗེས། མུ་མཐུད་དུ་“རེད་མོད། མོས་ཇི་ལྟར་ཤེས་པ་ཡིན་ནམ། ཇུས་གཏོགས་ཚ་བ་ལ།”ཟེར། ཡང་གཡོན་ཕྱོགས་ཀྱི་ཉི་མས“ཇུས་གཏོགས་ཚ་བའི་བུ་མོའི་མིང་ལ་ཅི་ཞིག་ཟེར་རམ།”ཟེར་ནས་འཕྱ་དམོད་ཀྱི་ཚུལ་དུ་གད་མོ་ཤོར་ཏེ་སྐད་ཆ་འདྲི་དུས། ཚེ་རིང་གིས“ཇུས་གཏོགས་ཚ་བའི་རྨོ་རྨོ་ཟེར་ན་འགྲིག”ཅེས་ལན་བཏབ་སོང་བས། ལྷ་མོ་ཁོང་ཁྲོ་ལངས་ནས་ངོ་གདོང་ཀུ་ཤུ་ནང་བཞིན་དམར་བོར་གྱུར། ལྷ་མོས་ཚོན་མདོག་འདྲ་མིན་གྱི་ཤོག་བུ་མང་པོ་ཞིག་དང་ཅ་ལག་བླུགས་སའི་ཤེལ་དམ་གསུམ་ངའི་ལག་ཏུ་བཞག་སྟེ“ལྟེབ་གྲི་བེད་སྤྱད་དེ་ཚོན་མདོག་ཅན་གྱི་ཤོག་བུ་འདི་རྣམས་སྒོར་སྒོར་ཆུང་ཆུང་གཏུབས་རྗེས་ཤེལ་དམ་འདི་གསུམ་གྱི་ནང་བླུགས་དགོས།”ཟེར་དུས། ཉི་མས“ཤོག་བུ་འདི་རྣམས་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་དང་འབྲེལ་བ་ག་རེ་འདུག”ཟེར་ནས་སྐད་ཤོར། ལྷ་མོས“ང་འགན་བདག་རེད། ཁྱོད་ཚོས་ངའི་ཁ་ལ་ཉན་དགོས།”ཟེར་ནས་བཀའ་གཏོང་སྐབས། ཚེ་རིང་གིས“ཁྱེད་རང་དངོས་གནས་ངའི་ཨ་མ་དང་འདྲ་བོ་འདུག རྙོག་གྲ་མང་བ་ལ།”ཟེར་ནས་མུག་ཤི་བགྲངས་པ་མ་ཟད། མུ་མཐུད་དུ“སྐྱིད་པོ་མ་བསམ་རོགས། ང་འགན་བདག་གི་ཁ་ལ་ཉན་པའི་བུ་ཆུང་ཉམས་ཆུང་ཞིག་མིན།”ཟེར། གང་ལྟར་ང་ཚོས་ལས་ཀ་དེ་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། རྒྱུ་མཚན་ནི་དེ་ནི་འགན་བདག་ལྷ་མོའི་ཆེད་དུ་མིན་པར། ང་ཚོས་དགེ་རྒན་རྡོ་རྗེ་ལ་གུས་ཞབས་མཚོན་ཕྱིར་ཡིན་བསམས་ཏེ། སློབ་གྲྭ་གྲོལ་རྗེས་ཚེ་རིང་དང་ཉི་མ་ང་ཚོས་ངའི་ནང་དུ་ཤོག་བུ་དེ་རྣམས་ཆུང་ཆུང་བྱས་ཏེ་དུས་ཡུན་རིང་པོ་ཞིག་ལ་གཏུབ་པ་ཡིན་མོད། ཡིན་ནའང་། ཤེལ་དམ་གཅིག་གི་ཁ་ཡང་ཁེངས་མ་སོང་། མུ་མཐུད་དཀའ་ལས་བརྒྱབས་ཏེ་ཤོག་བུ་གཏུབས་རྗེས། གཞི་ནས་ཤེལ་དམ་གསུམ་ཀའི་ནང་དུ་འགེངས་ཐུབ་པ་བྱུང་སོང་བས། ང་ཚོ་ཧ་ཅང་དགའ་བོ་བྱུང་། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་ཤོག་བུ་གཏུབས་ཚར་མེད་ན་འགན་བདག་རྨོ་ཏོ་དེས་གཤེ་གཤེ་གཏོང་ངེས་རེད། སྟབས་ཡག་པ་ཞིག་ལ་ང་ཚོའི་འགན་ཁུར་ཚར་བ་ཡིན། དགེ་རྒན་རྡོ་རྗེའི་འཁྲུངས་སྐར་གྱི་ཉིན་དེར་ང་ཚོས་ཚོན་ཁྲ་སྣ་ཚོགས་ཀྱིས་བཀངས་པའི་ཤེལ་དམ་དེ་གསུམ་འགན་བདག་ལྷ་མོའི་ལག་ཏུ་བཞག་པ་ཡིན། ལྷ་མོས“དགེ་རྒན་ཕེབས་ཀྱི་འདུག ཚང་མ་མདུན་ཅོག་འོག་ཏུ་ཡིབ་རོགས་གནང་།”ཟེར་དུས། ཚེ་རིང་གིས་“ང་ཚོ་ཁྱི་ནི་མིན། ག་རེ་བྱས་ནས་མདུན་ཅོག་འོག་ཏུ་ཡིབ་དགོས་སམ།”ཞེས་མི་འདོད་པའི་སྐད་ཆ་དེ་བཤད་སོང་། ལྷ་མོས“ང་འགན་བདག་རེད། ཚང་མས་ངའི་ཁ་ལ་ཉན་དགོས་ཀྱི་རེད། […]

རེ་བ་སོས་པ།

རེ་བ་སོས་པ།

སྤེན་པ་རིགས་གྲོལ། གཞི་རིམ་གོང་མའི་བོད་དགེ མོན་གྷོ་གཏན་ཉིན་སློབ་གྲྭ། ནམ་མཁའ་སྔོ་ཞིང་དྭངས་ལ། རྟ་བདུན་དབང་པོའི་གསེར་འོད་ས་གཞིར་ཡོངས་སུ་འཕྲོ་བཞིན་འདུག །ཡུན་རིང་དྲ་ཐོག་སློབ་ཁྲིད་བྱ་རྒྱུ་དང་། དྲ་ཐོག་ནས་སློབ་མའི་ཉིན་རེའི་ཁྱིམ་ལས་ལ་ཞིབ་འཇུག་བྱེད་དགོས་པ་སོགས་ནག་ཁུང་ལ་སྦར་ཉུལ་བྱེད་པ་ལྟ་བུའི་ལས་དོན་གྱིས་ང་རང་མགོ་བོ་རྨོངས་སུ་བཅུག་ཅིང་ཐང་ཆད་དུ་བཅུག་བྱུང་། དེ་རིང་གཞི་ནས་ངལ་གསོའི་དུས་ཚོད་ཅིག་ཐོབ་པས་ངས་ཕྱི་རོལ་དུ་ཕུབ་པའི་དམར་སེར་སྔོ་ལྗང་གི་ཚོན་ཁྲས་བརྒྱན་པའི་ཉི་གདུགས་ཆེན་པོ་དེའི་འོག་ན་ལྷོད་ལྷོད་ངང་ལག་ཐོགས་ཁ་པར་ནས་འཛམ་གླིང་གསར་འགྱུར་ཁག་ལ་རེ་རེ་བཞིན་ལྟ་བཞིན་པའི་སྐབས། གློ་བུར་དུ་ཁ་པར་ལས་“ཐྲིང་ཐྲིང་”ཞེས་པའི་སྒྲ་ཞིག་དང་ལྷན་དུ་སྐད་འཕྲིན་ཞིག་སླེབས་པའི་བརྡ་ཐོན་བྱུང་། ངས་ག་ལེར་འཕྲིན་ཕྲན་ཁ་ཆེ་སྟེ་བལྟས་པས། མིང་བྱང་མེད་པའི་ཨང་གྲངས་གསར་པ་ཞིག་གི་ཐོག་སྐད་ཐུང་ངུ་ཞིག་དང་འཕྲུལ་དེབ་ཅིག་འབྱོར་འདུག  །ངས་སྐད་དེ་ཉན་པ་ན། “རྒན་བསྟན་འཛིན་ལགས།  སྐུ་གཟུགས་བདེ་པོ། ངས་ཁྱེད་རང་ལ་ཕྱག་རྟགས་ཤིག་ཕུལ་ཡོད། དགྱེས་བཞེས་གནང་རོགས།”ཟེར། ཨ་ཙི། སྐད་སྒྲ་དེ་གོ་མྱོང་ཐོས་མྱོང་ཞིག་རེད་ཨང་། སྒྲ་གསལ་ལ་སྙན་ཞིང་གདངས་སྙོམ་པོ། གུས་ལུགས་ཆེ་ཞིང་ཞེ་ཚིག་དང་ལྡན་པ། གཞུང་ཞབས་པ་ཞིག་རེད་དམ། ཡང་ན་བོད་དགེ་གྲོགས་པོ་ཞིག་རེད། ཇི་ལྟར་བསམས་ཀྱང་སྐད་ངོ་མ་ཆོད། ངས་ལམ་སེང་འཕྲུལ་དེབ་དེ་ཕབ་ལེན་བྱས་ཏེ་ལྟ་སྐབས། ༼ཚོང་ལས་རིག་པའི་བཟང་སྤྱོད་ཀྱི་ལྟ་གྲུབ།༽ཅེས་པའི་དེབ་ཅིག་རེད་ལ། གཤམ་དུ་(བྷེང་ལོར་མཐོ་སློབ་ཀྱི་ཚོང་ལས་རབ་འབྱམས་པ་ཕུན་ཚོགས་ཀྱིས་བརྩམས།) ཞེས་བྲིས་འདུག །ཕུན་ཚོགས་ཞེས་པའི་མིང་དེ་མཐོང་མ་ཐག་ངའི་ཡིད་ངོར་ངོ་གདོང་ཧ་ཅང་མང་པོ་ཞིག་ལང་ལོང་དུ་ཤར་ཞིང་། དེབ་དེ་བཀླག་རྒྱུའི་འདུན་པ་དྲག་ཏུ་འཕེལ་ཏེ། ཐོག་མར་ངས་རྩོམ་པ་པོའི་སྔོན་གླེང་དེ་ཀློག་འགོ་བརྩམས། བརྗོད་བྱའི་གོ་དོན་ཟབ་ལ་ཁ་གསལ་ཞིང་། རྗོད་བྱེད་ཚིག་སྦྱོར་ལེགས་ཤིང་སྙན་པ། ངས་ཀློག་གིན་ཀློག་གིན་ཡིད་ཀྱི་དབང་པོ་ཕྲོགས་སོང་། མཇུག་མཚམས་དེར་“བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་དགེ་བསྟན་འཛིན་ལགས་ཀྱི་སློབ་ཁྲིད་དང་། ལམ་སྟོན་ལ་བརྟེན་ནས་ངས་དཔེ་དེབ་འདི་བརྩམས་ཐུབ་པ་བྱུང་སོང་བས། རྒན་ལགས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེབ་འདི་རྒན་ལགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན།” ཞེས་བྲིས་འདུག   །ཡིག་འབྲུ་དེ་དག་ངའི་སེམས་ངོར་ཡང་ཡང་འཁོར་ཞིང་མིག་ཟུང་ནས་མཆི་མ་དབང་མེད་དུ་ཤོར་སོང་། ངས་ལམ་སེང་དེབ་དེའི་ཁ་ཤོག་སྔ་ཕྱི་གཉིས་ལ་རྩོམ་པ་པོའི་འདྲ་པར་ཡོད་མེད་བཙལ། འོ་འདི་ན་འདུག  །ཕྱི་ཤོག་གི་ནང་ངོས་སུ་ཡོད་པའི་རྩོམ་པ་པོའི་འདྲ་པར་དང་ལོ་རྒྱུས་ལ་བལྟས་རྗེས་གཞི་ནས་བདག་གི་ཡིད་ངོར་སློབ་ཕྲུག་ཕུན་ཚོགས་ཀྱི་སྣང་བརྙན་གློག་བརྙན་ཞིག་ལ་བལྟས་པ་བཞིན་ཤར་བྱུང་། དེ་ཡང་ལོ་བཅོ་ལྔ་ཙམ་གྱི་སྔོན་ན། ང་རང་སློབ་གྲྭ་འདིར་ཐོག་མར་དགེ་རྒན་བྱེད་དུ་སླེབས་ཤིང་། སེམས་ཤུགས་དང་དམིགས་ཡུལ་ནི་རི་བོ་ལས་མཐོ་ཟེར་བ་མངོན་སུམ་མིན་ན་ཡང་འུར་ལ་མི་འགྲོ་བའི་ཚོད་རེད། ངས་གཞི་རིམ་གོང་མའི་སློབ་ཕྲུག་རྣམས་ལ་རང་ནུས་ཡོད་ཚད་ཀྱིས་བོད་ཀྱི་སྐད་ཡིག་དང་། རྒྱལ་རབས། རྩོམ་རིགས། སྙན་ངག་སོགས་སློབ་འགོ་བརྩམས་ཤིང་། ཞར་དང་ཞོར་ལ་བོད་ཀྱི་སྐད་ཡིག་གི་“གལ་གནད་”དང་། “རིན་ཐང་།” དེ་བཞིན་“སྐད་ཡིག་ཉམས་པ་སླར་གསོ་དང་།  མི་ཉམས་གོང་སྤེལ་”བྱ་རྒྱུའི་འོས་འགན་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་ཡོད་པའི་སློབ་གསོ་ཡང་ཡང་བྱས་ཏེ། ཉིན་ལྟར་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཡོང་ཐབས་སུ་འབད་བརྩོན་དང་ཐབས་ཤེས་སྣ་ཚོགས་བྱེད་བཞིན་ཡོད། […]

ཨ་ཁུ་ཁྱི་རྒན།

ཨ་ཁུ་ཁྱི་རྒན།

རྟ་མགྲིན་དབང་རྒྱལ། གཞི་རིམ་འོག་མའི་དགེ་རྒན། སིམ་ལ་གཏན་སློབ། གནའ་སྔ་མོ་སྔ་མོ་ཞིག་ལ། ཨ་མ་ཞིག་ལ་བུ་མོ་སྤུན་གསུམ་ཡོད་པ་རེད། ཉིན་ཞིག་ཨ་ཁུ་ཁྱི་རྒན་ཞིག་སླེབས་ཏེ་ཨ་མ་དེ་ལ་། ཁྱེད་རང་གི་བུ་མོ་གཅིག་ང་ལ་མནའ་མར་སྤྲད་རོགས། ཞེས་ཟེར་བས། ཨ་མས་བུ་མོ་གསུམ་པོ་ཚུར་སྐད་བཏང་ནས། ཨ་ཁུ་ཁྱི་རྒན་གྱིས་མནའ་མ་སློང་གི་འདུག ཁྱེད་རང་ཚོ་གསུམ་ནས་སུ་འགྲོ་འདོད་ཡོད། ཅེས་སྐད་ཆ་དྲིས་པར། བུ་མོ་རྒན་པ་གཉིས་དེ་དུས་རྒྱུན་ནས་རང་ཤེད་ཆེ་བ་དང་། ཆེ་འདོད་དང་དང་དོད་ཆེ་བ་ཡོད་སྟབས། ཁྱི་རྒན་གྱི་མནའ་མར་སུ་འགྲོ་ཡི་ཡིན་ཟེར་ནས་ཁ་ཡ་མ་བྱས་པ་རེད། དེ་ནས་ཨ་མས། ང་ཚོའི་རྒྱུན་གཏན་གོམས་གཤིས་ནང་མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་མེད་ལ། ལྷག་པར་དུ་ངས་ག་དུས་ཡིན་ནའང་ཁྱེད་རང་ཚོ་ལ། མི་ཉམ་ཆུང་དང་བཟང་པོ་ངོ་ཤེས་པ་བྱས་ནས་བརྩི་བཀུར་བྱེད་དགོས་པ་དང་། མིའི་མདོག་དང་གནས་སྟངས་ལ་བལྟས་ནས་དབྱེ་འབྱེད་བྱེད་རྒྱུ་མེད་པའི་སྐོར་བསླབ་བྱ་ཡང་ཡང་བརྒྱབས་ཡོད། ཅེས་དོ་ནན་ཆེན་པོས་བཤད་པས། བུ་མོ་རྒན་ཤོས་ཀྱིས། ད་འོ་ན་་་། ང་ཕྱིན་ཆོག ཅེས་འདོད་པ་མེད་བཞིན་དུ་ཁས་ལེན་བྱས་ནས་ཨ་ཁུ་ཁྱི་རྒན་གྱི་མནའ་མར་ཕྱིན་པ་རེད། ཨ་མས་བུ་མོ་ལ་ནོར་གྱི་རྫོངས་སྐལ་དུ་རྫ་སྣོད་གཅིག་སྤྲད་པ་དང་། ལམ་དུ་ཕྱིན་ནས་གང་འཚམས་འགོར་རྗེས། བུ་མོ་རྒན་པས། ང་དཀའ་ལས་ཁག་གི་འདུག། ཁྱི་རྒན་ཁྱེད་ཀྱི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བས། ཨ་ཁུ་ཁྱི་རྒན་གྱིས། བུ་མོ། ཁྱེད་རང་དཀའ་ལས་ཁག་གི་ཡོད་ན། ངའི་རྒྱབ་ལ་ཞོན་དང་། ངས་ཁུར་ནས་འགྲོ་ཆོག་ཟེར་བས། བུ་མོ་དེ་ཨ་ཁུ་ཁྱི་རྒན་གྱི་རྒྱབ་ལ་ཞོན་པ་དང་། ཨ་ཁུ་ཁྱི་རྒན་གྱིས་གླུ་འདི་ལྟར་བླངས། ཁྱི་རྒན་འདུར་བའི་འདུར་ལུགས་ལ། རྫ་མ་བཅགས་པའི་བཅག་ལུགས་ལ། ཞེས་གླུ་ལེན་བཞིན་འདུར་རྒྱག་བྱས་པས། བུ་མོའི་རྫ་མ་ས་ལ་ལྷུང་ནས་ཆག་པ་རེད། བུ་མོ་རྒན་པ་དེ་ཁོང་ཁྲོ་གཏིང་ནས་ལངས་ཏེ། ཁྱི་རྒན་ཁྱོད་ཀྱིས་ངའི་ཨ་མས་གནང་བའི་རྫ་མ་དེ་བཅག་སོང་། ཁྱི་ནད། ཅེས་ཟེར་ནས་ཕྱིར་རང་ཁྱིམ་ལ་ལོག་ཕྱིན་པ་རེད། ཡང་ཉིན་ཁ་ཤས་ཀྱི་རྗེས་ལ། ཡང་བསྐྱར་ཨ་ཁུ་ཁྱི་རྒན་ཨ་མ་དེའི་ནང་ལ་མནའ་མ་སློང་དུ་ཡོང་བ་དང་། ཨ་མས་བུ་མོ་འབྲིང་བ་དེར་འགྲོ་དགོས་པའི་ཁ་ཏ་བསླབ་བྱ་བྱས་མཐར་བུ་མོ་འབྲིང་བས་ཀྱང་མི་འདོད་བཞིན་འགྲོ་རྒྱུའི་ཁས་ལེན་བྱས་ཏེ་ཕྱིན་པ་རེད། ཨ་མས་བུ་མོ་འབྲིང་བའི་ནོར་གྱི་རྫོངས་སྐལ་ལའང་རྫ་་སྣོད་གཅིག་སྤྲད་པ་རེད། ལམ་ལ་ཆས་ཏེ་གང་འཚམས་ཕྱིན་རྗེས། བུ་མོ་འབྲིང་བས་ང་དཀའ་ལས་ཞེ་པོ་ཁག་སོང་། ཁྱི་རྒན་ཁྱེད་རང་གི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བར། ཨ་ཁུ་ཁྱི་རྒན་གྱིས། […]