Skip to main content
ཤེས་རིག་ལས་ཁུངས།

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་གཡུ་སྒྲོན།འཛིན་རིམ་བརྒྱད་པ། སྃ་བྷོ་ཊ་ཧར་པ་པུར་ཉིན་སློབ། དེ་རིང་གུས་མོས་ང་ཚོའི་ཕ་ཡུལ་བོད་སྐོར་རྩོམ་ཡིག་ཅིག་འབྲི་བ་ལ། ཐོག་མར་ཚིགས་སུ་བཅད་པའི་མཚམས་སྦྱར་ཏེ་འགོ་འཛུགས་ཞུ་རྒྱུ་ཡིན། སྐྱིད་པའི་ཕ་ཡུལ་བོད་ལྗོངས། །རྒྱ་མི་ཧམ་ཆེན་རྣམས་ཀྱིས། །སྙིང་རྗེ་བརྩེ་སེམས་མེད་པར། །རང་ཡུལ་བཙན་བཟུང་བྱས་སོང་། ། དེ་རིང་གུས་མོས་ཤོག་བུ་དཀར་པོའི་སྟེང་དུ། ལོ་རྒྱུས་ཡུན་རིང་ལྡན་པའི་ཕ་ཡུལ་བོད་ལྗོངས་ངོ་སྤྲོད་ཞུ་རྒྱུ་ཡིན། མཛེས་སྡུག་གི་རྣམ་པར་བཀྲ་བའི་ལྷ་ཡུལ་དང་འདྲ་བ། ཡིད་དུ་འོང་བའི་ཞིང་ཁམས་འདི་རུ། འཛམ་གླིང་སྟེང་གི་མཐོ་སྒང་དང་གོ་ལའི་སྣེ་གསུམ་པ་ཡང་འབོད་ཀྱི་ཡོད། བོད་ལྗོངས་འདི་ཉིད་ལོ་རྒྱུས་ཐོག་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། དང་པོ། བོད་ཀྱི་ས་གཞི་གནམ་གཤིས་དང་སྲོག་ཆགས། སྲིད་པའི་གངས་རི་རྣམས་ལས་འོ་དཀར་གྱི་མདངས་འཕྲོ་བ། ཀུན་གསལ་ལས་སྤྲིན་དཀར་གྱི་རྒྱུ་བ་མིག་ལ་མཛེས། སྤྱིར་ན་གནམ་གཤིས་བསིལ་བ་དང་གྲང་མོ་ཡིན་ལ། དབྱར་དུས་ལ་ཆ་མཚོན་ན་བསིལ་དྲོད་སྙོམས་པ་གང་ཞིག་ལ། སུ་འདྲ་ཞིག་ཡིན་ན་ཡང་ཞི་བདེའི་སྣང་བ་སྟེར། ནམ་དུས་བཞིའི་འགྱུར་བ་གསལ་ཞིང་མཁའ་རླུང་གཙང་མ་ཡོད། ལྷ་ཡུལ་ལྟ་བུའི་ཞིང་ཁམས་འདིའི་ནང་ཕྱུག་ཟོག་ལ། རྟ་ནོར་ལུག་གསུམ་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད་པས། སྐྱེ་བོ་སུས་བལྟས་ཀྱང་ལྟ་ན་སྡུག་པ་ཞིག་རེད་འདུག གཉིས་པ། སྐྱིད་པའི་ཞིང་ཁམས་དེའི་ནང་གི་ཟས་རིགས་དང་གྱོན་གོས། དེ་ལྟར་མཐོ་སྒང་གི་ཁ་ཟས་ལ་ཆ་མཚོན་ན་ཟས་བཅུད་ལྡན་པའི་རྩམ་པ། མར་ཁུ་དང་བོད་ཇ་སོགས་དཀར་ཟས་རིགས་དང་། ད་དུང་གཡག་ཤ་དང་ལུག་ཤ་སོགས་དམར་ཟས་རིགས་ཧ་ཅང་འབེལ་བ་ཡོད། དེ་ཡང་བོད་མི་རྣམས་ཀྱི་ལུས་ལ་མ་གནོད་པ་དང་ཁའི་ནང་དྲོ་བ་ཞིམ་པ་གང་ཞིག་ལ་རོ་བཅུད་ལྡན་པ་ཡོད་རེད། རང་ཚོ་བོད་མི་རྣམས་ཀྱི་ཤེས་གསལ་ལྟར། བོད་དེ་ས་ཆ་གྲང་ངར་ཅན་ཞིག་དུ་ཆགས་ཡོད། བོད་ནང་ཡོད་པའི་བོད་མི་རྣམས་ཀྱིས་རྩིད་པ་དང་བལ་ལས་བཟོས་བཞག་པའི་གྱོན་གོས་དང་སྦྲ་གུར་མང་། ཀོ་བ་ལས་བསྐྲུན་བཞག་པའི་ལྷམ་རྣམས་སྲོལ་རྒྱུན་བོད་ནང་དར་སྲོལ་ཆེན་པོ་ཡོད་པ་མ་ཟད་གྱོན་ན་ལུས་ལ་དྲོ་བ་ཞིག་ཀྱང་ཡིན། གསུམ་པ། ད་ལྟ་དང་མ་འོངས་པ། ད་ལྟ་བོད་ཕྱི་ནང་གཉིས་སུ་གྱེས་ནས་ཡོད། ༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་རེ་བཞི་ཙམ་ཕྱིན་ན་ཡང་། ད་དུང་ཕོ་བྲང་ཆེན་པོ་པོ་ཏ་ལ་དང་ཞལ་གྱེས་ནས་བཞུགས་ཡོད། ལྷ་སའི་པོ་ཏཱ་ལ་དང་ཐག་མི་རིང་བའི་སར་སྐྱིད་ཆུ་དེ་གཡུ་འབྲུག་སྔོན་མོ་ཇི་བཞིན་འཁྱུག་འགྲོས་ཀྱིས་བཞུར་བས་མི་རྣམས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཡོད། མཐའ་སྐོར་དུ་རི་བོ་རྣམས་བང་སྒྲིག་ཅིང་ཚར་དུ་དངར་བ་ཡོད་པ་མ་ཟད། མཛེས་སྡུག་ལྡན་པའི་ཞིང་ཁམས་དེའི་ནང་། ཕྱིའི་རྒྱལ་ཁབ་མི་སྣ་རྣམས་ཀྱིས་གཟིགས་སྐོར་དུ་ཕེབས་བཞིན་ཡོད། ཡིན་ན་ཡང་། ཕྱི་ལོ་ང་དགུ་སྔོན་དང་བསྡུར་ན་བོད་ཀྱི་ཁོར་ཡུག་གི་མཛེས་སྡུག་ལ་ཉམས་ཆག་མང་པོ་བྱུང་འདུག་པས། མ་འོངས་པར་བོད་འདི་སྔར་བཞིན་ཞི་བདེའི་རང་དབང་གི་ལུང་པ་ཞིག་ཡོང་བར་རེ་བ་བྱེད། ། མཐའ་དོན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱངས་ནས་བོད་གཞིས་བྱེས་ལྷན་འཛོམས་ཡོང་བར་ཤོག ། བོད་རྒྱལ་ལོ། །

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་དབྱངས་སྒྲོན།འཛིན་རིམ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྤྱིར་བཏང་ང་རང་ལ་ཆ་བཞག་ན། ཕ་མ་གཉིས་རྒྱ་གར་ལ་སྐྱེས་པས་ང་ཡང་རྒྱ་གར་ལུང་པ་ལ་སྐྱེས་ཤིང་འཚར་ལོངས་ཀྱང་འདི་རང་དུ་བྱུང་བའི་བུ་མོ་ཞིག་ཡིན། དེར་བརྟེན་ངས་བོད་ཅེས་པའི་རྒྱལ་ཁབ་དེ་མངོན་གསུམ་དུ་མིག་གིས་མཐོང་མྱོང་མེད་པས་ས་ཆ་དེ་ཇི་ལྟ་བུ་ཞིག་ཡོད་པ་ཇི་མ་ཇི་བཞིན་མི་ཤེས། འོན་ཀྱང་རང་ཉིད་ཆུང་དུས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ངའི་སྤོ་ལགས་དང་རྨོ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ཁོང་རྣམ་པའི་བོད་ལ་འཚོ་བ་སྐྱེལ་སྟངས། དེ་བཞིན་བོད་ཀྱི་དམངས་སྒྲུང་། ལྷ་སྒྲུང་སོགས་གསུངས་པ་མ་ཟད། སྐད་ཆ་རེ་རེའི་རྗེས་ལ་གཏམ་དཔེ་བེད་སྤྱོད་མང་པོ་གནང་གི་རེད། དེ་བཞིན་ང་རང་སློབ་ཆུང་འགྲིམ་པའི་སྐབས་ལ་ཡང་དགེ་བའི་བཤེས་གཉེན་ཚོས་བོད་ཀྱི་ལོ་རྒྱུས་དང་ཁོར་ཡུག་ཡུལ་ལྗོངས་སྐོར་སློབ་ཁྲིད་གནང་གི་འདུག གུས་མོས་ཀྱང་དུས་ཁོམ་བྱུང་ཚད་ལ་བོད་དང་འབྲེལ་བའི་དཔེ་དེབ་ལ་ལྟ་ཀློག་བྱ་རྒྱུ་དང་། རྒན་ལགས་རྣམ་པས་ལམ་སྟོན་གནང་པ་བཞིན་བོད་ཀྱི་ཡུལ་ལྗོངས་དང་དགོན་སྡེ། རྩ་ཆེའི་སྲོག་ཆགས་ཀྱི་སྐོར་ལ་རྩོམ་ཡིག་འབྲི་རྒྱུ་ཧ་ཅང་དགའ་པོ་ཡོད། དེ་མ་ཟད་བོད་ཀྱི་འབྲོག་པའི་རྩྭ་ཐང་དང་འབྲི་གཡག སྦྲ་གུར། སྤང་ཐང་སོགས་ཀྱི་རི་མོ་འབྲི་རྒྱུ་སོགས་ལ་དེ་བས་དགའ་པོ་ཡོད། དེར་བརྟེན་ངས་བོད་ཡུལ་དངོས་སུ་མ་མཐོང་ཡང་གོང་གི་བརྒྱུད་རིམ་དེ་ཚོའི་ཁྲོད་བོད་ཡུལ་མིག་ལམ་དུ་ཤར་ཏེ་ད་ཆ་ངས་ཕ་ཡུལ་བོད་སྐོར་ཏོག་ཙམ་ཤེས་ཀྱི་ཡོད་ལ་དེའི་སྐོར་ལ་འབྲི་འདོད་ཀྱང་ཆེན་པོ་བྱུང་། ང་ཚོའི་ཕ་ཡུལ་བོད་ནི་ལོ་མང་པོའི་སྔོན་ལ་ཆུ་ཡིས་ཁེངས་པའི་མཚོ་ཆེན་པོ་ཞིག་དང་འདྲ། དེ་རིམ་བཞིན་ཡུལ་ལུང་མང་པོ་ཞིག་ལ་རྒྱུགས་ཏེ། སྔོ་ལྗང་གི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས། བྱ་དང་བྱིའུ། རི་དྭགས་སོགས་བྱུང་བ་རེད། བོད་ནི་འཛམ་གླིང་གི་ཡང་རྩེར་གནས་ཡོད་པ་དང་མཐའ་འཁོར་ཚང་མ་མཐོ་ཞིང་བརྗིད་པའི་གངས་དཀར་ལྷུན་པོས་བསྐོར་ཡོད། ད་དུང་ཡངས་ཤིང་རྒྱ་ཆེ་བའི་འབྲོག་པའི་རྩྭ་ཐང་སྟེང་དུ་ནོར་ལུག་རྣམས་སྔོ་ལྗང་གི་རྩ་ལ་རོལ་ཏེ་སྐྱིད་པའི་འབའ་སྒྲ་ལེན་དུས་རང་བྱུང་གི་ཁོར་ཡུག་མཛེས། རྩྭ་ཐང་སྟེང་དུ་དྲི་ཞིམ་ལྡན་པའི་མེ་ཏོག་རྣམ་པར་བཀྲ་བ་བཞད་དེ་ས་ཕྱོགས་གང་སར་དྲི་ཞིམ་འཐུལ། རིན་ཐང་བྲལ་བའི་རིན་ཆེན་གཏེར་ཁ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། བོད་ཀྱི་ཆུ་ཆེན་མཚོ་དང་མཚེའུ་ནི་དྭངས་ཤིང་བསིལ་ལ་ཆུ་ཡི་བང་མཛོད་ཙམ་མ་ཟད་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཆུ་ཡི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན། ང་ཚོ་བོད་ཀྱི་དཔལ་ཡོན་ནི་ཡར་ཀླུང་གཙང་པོ་ནས་བྱུང་བ་གསུང་གི་འདུག དེ་ཡང་གཙང་པོ་དེའི་ཉེ་འགྲམ་གྱི་ཤིང་ནགས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་གཉིས་མཉམ་དུ་བསྡད་ནས་ཕྲུ་གུ་བྱུང་སྟེ་བོད་དུ་མི་ཡི་འགྲོ་བ་ཐོག་མར་བྱུང་བ་རེད་ཅེས་གནའ་རབས་ཀྱི་ལོ་རྒྱུས་དང་འདི་ལོ་བོད་ནས་འཐོན་པའི་རི་མོ་ལྡན་པའི་སྒྲུང་དེབ་གསར་པ་ཞིག་གི་ནང་ལ་ཡང་མཐོང་རྒྱུ་འདུག དེ་བཞིན་བོད་ལ་སྙན་གྲགས་ཆེ་བའི་རྒྱལ་པོ་མང་པོ་བྱུང་བ་རེད། རྒྱལ་པོ་སུམ་ཅུ་སོ་གསུམ་སྲོང་བཙན་སྒམ་པོའི་སྐབས་ལ་བོད་སྟོབས་ཤུགས་ཆེན་པོ་ཡོད་པ་ཙམ་མ་ཡིན་པར་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་ཡི་གེ་དེ་ཡང་གསར་གཏོད་བྱུང་བ་རེད། དེ་ནས་ག་ལེར་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་ནས་མི་རྣམས་ཀྱིས་ནང་ཆོས་སྦྱངས་ཏེ་བོད་ཡུལ་དེ་ཞི་བདེ་ལྷིང་འཇགས་ལྡན་པའི་ལུང་པ་ཡིད་དུ་འོང་བ་ཞིག་ཏུ་གྱུར། ང་ཚོར་བཀའ་དྲིན་ཆེ་བའི་༸གོང་ས་མཆོག་ཀྱང་ཡོད། ཁོང་གིས་བོད་པ་གཅིག་པོ་མ་ཡིན་པར་འཛམ་གླིང་འདི་ནང་ཡོད་པའི་མི་དང་སྲོག་ཆགས་ཚང་མ་བྱམས་དང་བརྩེ་བས་སྐྱོང་གི་ཡོད། དེ་འདྲའི་དཔོན་པོ་ཞིག་རྒྱལ་ཁབ་གང་དུ་ཡང་མེད། ཁོང་གིས་ང་ཚོའི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་ཡོད། ང་ཚོས་ཁོང་གི་བཀའ་དྲིན་མ་བརྗེད་པར་སྤྱོད་པ་ཡག་པོ་བྱེད་དགོས། ཁོང་གིས་མི་དང་སྲོག་ཆགས་གཅིག་པོ་མ་ཡིན་པར་ཁོར་ཡུག་གི་ཐོག་ལ་ཡང་ཐུགས་སྣང་ཆེན་པོ་གནང་གི་ཡོད། རྒྱ་མིས་བོད་བཙན་བཟུང་བྱས་ནས་བཟུང་བོད་ལ་རྒྱ་མི་མང་པོ་ཞིག་གནས་སྤོས་བྱེད་ཀྱི་ཡོད་པ་དང་། ཁོ་ཚོའི་མི་རིགས་ཀྱི་དགོས་མཁོ་བསྒྲུབ་རྒྱུའི་ཆེད་ཤིང་ནགས་མང་པོ་གཅོད་འབྲེག་བྱས་པ་དང་། བོད་ཀྱི་གཙང་པོ་ལ་ཆུ་རག་བསླངས་ཏེ་ཆུ་མཛོད་ཆེན་པོ་དེ་འདྲ་བཙུགས་པ་ལ་བརྟེན་བོད་ཀྱི་ཁོར་ཡུག་ཙམ་མ་ཟད་བོད་ཀྱི་རྩ་ཆེའི་སྲོག་ཆགས་མང་པོ་ཞིག་རྩ་སྟོང་འགྲོ་ལ་ཉེ་བར་གྱུར་ཡོད། དེ་འདྲ་སོང་ཙང་ང་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྤྲས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་མཉམ་དུ་ང་ཚོའི་སྐད་དང་རིག་གཞུང་ཡང་ཉམས་ཀྱི་ཡོད་པས་ང་ཚོས་སོ་སོའི་ལུང་པའི་སྐད་དང་ཡི་གེ། ཆས་གོས། ཡུལ་སྲོལ་གོམས་གཤིས་བཟང་པོ་སོགས་ལག་བསྟར་བྱས་ཏེ་བོད་མི་རིགས་གནས་ཐུབ་པ་བྱེད་དགོས།

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་ཆོས་དབྱངས།འཛིན་རིམ་བརྒྱད་པ། ཀ་སྦུག་སཾ་བྷོ་ཊ་གཏན་སློབ། བོད་ནི་ངའི་ཕ་ཡུལ་ཡིན། ཐོག་མར་རྣམ་པ་ཚོ་ལ་བོད་ཡུལ་ངོ་སྤྲོད་ཞུ་བ་ཡིན་ན། བོད་ནི་རྒྱལ་ཁབ་གཞན་དང་མི་འདྲ་བར་ས་ཆ་མཐོ་བོ་ཞིག་ལ་ཆགས་ཡོད། བོད་ཅེས་པ་ནི་དབུས་གཙང་རུ་བཞི། སྟོད་མངའ་རི་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག་བཅས་ལ་གོ་བ་ཡིན། བོད་ལ་ཡོད་པའི་ས་ཆ་འོ་མ་ལྟར་དཀར་བའི་གངས་རི་མང་པོས་ཡོངས་སུ་བསྐོར་ཡོད། དཔེར་ན་ཇོ་མོ་གླང་མ་དང་ཡར་ལྷ་ཤམ་པོ་སོགས་རི་མང་པོས་བོད་ཁ་བ་ཅན་གྱི་ཡུལ་འདིའི་མཐའ་བསྐོར་ཡོད། གངས་རི་དེ་དག་ལས་བྱུང་བའི་མཚོ་དང་མཚེའུ་མང་པོ་ཡོད། རྒྱ་གར་འཕགས་པའི་ཡུལ་ནང་གི་བཏུང་ཆུ་བོད་ནང་ནས་སླེབ་ཀྱི་ཡོད། བོད་འདི་ཨེ་ཤ་ཡའི་གླིང་ཆེན་ནང་དུ་ཚུད་ཡོད། བོད་ཀྱི་ས་ཆ་ཡོངས་རྫོགས་གངས་རིས་མཐའ་བསྐོར་ཡོད་པ་སོང་ཙང་བོད་ནང་གི་གནམ་གཤིས་ནི་གྲང་མོ་ཡིན། དེ་ལྟ་བུའི་མཛེས་པའི་ཡུལ་ལྗོངས་ནང་གནས་སྡོད་བྱེད་པའི་བོད་མི་རྣམས་ཆོལ་ཁ་གསུམ་དུ་དབྱེ་ཡོད་པ་ནི་མདོ་སྟོད། མདོ་སྨད། དབུས་གཙང་ཡིན། བོད་མི་རྣམས་ནི་རྒྱལ་ཁབ་གཞན་གྱི་མི་རིགས་ལས་ཁྱད་དུ་འཕགས་པ་ཡོད། དཔེར་ན། ཕན་སེམས་ཅན། ཆོས་སེམས་ཅན། གཞན་ལ་འཚེ་བ་མི་བྱེད་པ་ཞིག་ཡིན། བོད་ཀྱི་རྒྱལ་ས་ལྷ་ས་རུ་ཕོ་བྲང་པོ་ཏ་ལ་གཙོ་བོ་ཞིག་ཡིན། པོ་ཏ་ལ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། པོ་ཏ་ལ་དེ་ལེགས་སྦྱར་སྐད་ཀྱི་ཟུར་ཆགས་པ་ཡིན་ལ་བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཟེར། ད་ལྟའི་ཆར་ཕོ་བྲང་པོ་ཏ་ལ་དང་ལྷ་ས་ནི་ཕྱི་རྒྱལ་ཁབ་མི་རིགས་ཀྱི་རྩ་ཆེན་དང་བཟོ་བཀོད་ཡིད་དུ་འོང་བ་ཞིག་ཏུ་མཐོང་སྟེ་ཡུལ་གྲུ་གང་ས་ནས་ལྟ་བར་ཡོང་གི་ཡོད། བོད་ཀྱི་ཕོ་བྲང་པོ་ཏ་ལ་བཞེངས་པའི་སྐབས་སུ་རྒྱལ་པོ་མང་པོ་ཞིག་གིས་རོགས་པ་གནང་ཡོད། ཕོ་བྲང་ཆེན་པོ་པོ་ཏ་ལའི་ནང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཁག་དང་ལྷ་ཁང་། སློབ་གྲྭ། གཟིམ་ཆུང་། ཚོམས་ཆེན། ཡིག་ཚང་སོགས་ཕུན་སུམ་ཚོགས་པའི་གྲོང་སྡེ་ཆེན་པོ་ལྟ་བུ་ཞིག་ཡོད། ང་ཚོའི་ཕ་ཡུལ་བོད་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཡི་གེ་དང་ཆོས། རིག་གཞུང་ཡོད། བོད་ལ་ཉེ་བར་མཁོ་བའི་ཡིག་གཟུགས་དང་། གསལ་བྱེད་སུམ་ཅུ། དབྱངས་བཞི། བརྡ་སྤྲོད་པའི་གཞུང་སོགས་དུས་རབས་བདུན་པའི་སྐབས་ཐོན་མི་སཾ་བྷོ་ཊས་གསར་དུ་བཟོས་པ་རེད། ཁོང་གི་བཀའ་དྲིན་ལ་བརྟེན་ནས་སྔར་རྒྱ་གར་འཕགས་པའི་ཡུལ་དུ་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་མང་པོ་ཡོད་པ་ཞིག་བོད་སྐད་ཐོག་བསྒྱུར་ཡོད་པ་ད་ལྟའི་ཆར་རྒྱལ་ཁབ་གཞན་གྱི་མཁས་པ་རྣམས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་བོད་ཡིག་ཐོག་དོ་སྣང་དང་སློབ་གཉེར་གནང་བཞིན་ཡོད། བོད་རང་བཙན་ཤོར་རྗེས་ང་རང་ཚོའི་ཕ་མ་སྤུན་མཆེད་སོགས་དང་ཁ་བྲལ་དགོས་པའི་གནས་སྟངས་ཤིག་གི་འོག་ལ་ས་ཐག་རིང་པོ་རྒྱ་གར་བཙན་བྱོལ་དུ་འཚོ་སྡོད་བྱེད་བཞིན་ཡོད། ཡིན་ཡང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་ཕན་ཚུན་བར་བཅངས་པའི་བརྩེ་བ་ནི་སྔར་ལྟར་ཡོད་ལ་དེ་ལྟ་བུའི་བརྩེ་བ་ནི་སུས་ཀྱང་མེད་པ་བཟོ་མི་ཐུབ། ཕྱི་ལོ་ ༡༩༥༩ ལོར་བོད་རང་བཙན་ཤོར་བ་ཡིན། ཉིན་དེའི་རྗེས་སུ་བོད་ཀྱི་མི་མང་ཆེ་བ་རྒྱ་གར་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་རེད། གང་ལྟར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་སེམས་པ་སྐྱིད་པོ་ཡོད་མ་རེད། བོད་ལ་ཡོད་པའི་བོད་མི་འགའ་ཤས་ཀྱིས་རང་ལུས་མེར་བསྲེགས་བཏང་གཏོང་མུས་ཡིན། གང་ཡིན་ཟེར་ན་བོད་ནང་ལ་རང་དབང་གི་ཆེད་དུ་དང་བོད་ནང་ཡོད་པའི་བོད་མི་རྣམས་ལ་རྒྱ་ནག་གཞུང་གི་སྡུག་པོ་གཏོང་བཞིན་པ་དེ་ཡིན།

ངའི་ཚོའི་ཕ་ཡུལ་བོད།

ངའི་ཚོའི་ཕ་ཡུལ་བོད།

བསྟན་འཛིན་ཆོས་མཛེས།འཛིན་རིམ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དགོང་མོ་སློབ་མ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་ཁྱིམ་སྦྱོང་འབྲི་བཞིན་ཡོད་པས། ང་རང་ཡང་ཁུ་སིམ་ཁྱིམ་སྦྱོང་འབྲི་ནས་མ་བསྡད་ཀ་མེད་བྱུང། སྐབས་དེ་དུས་གློ་བུར་དུ་རྒན་ལགས་ཀྱིས་དེ་རིང་འཛིན་གྲྭའི་ནང་རྩོམ་ཡིག་འབྲི་དགོས་པའི་བཀའ་གནང་བ་དེ་ཡིད་ལ་ལྷང་ལྷང་དུ་དྲན་བྱུང། དེར་བརྟེན་ངས་ལམ་སེང་དཀར་གཙང་ཤོག་བུ་ཞིག་བཏོན་ཏེ་མགོ་བརྗོད་དུ་སྐྱིད་པའི་ཕ་ཡུལ་བོད་ཅེས་གཟུགས་མཛེས་པོའི་ངང་བྲིས། བུ་མོ་ང་རང་ནི་བོད་པའི་བུ་མོ་ཆུང་ཆུང་ཞིག་ཡིན་པ་དང། ང་རང་གི་ཕ་ཡུལ་ནི་བོད་ཡིན། བོད་ནི་ངའི་སྣང་བར་གངས་རི་ར་བས་བསྐོར་ཡོད་པ་མ་ཟད། མཐོ་སྒང་དང་འཛམ་གླིང་གི་ཡང་རྩེ་ཞེས་ཀྱང་འབོད་ཀྱི་ཡོད། དེ་ལྟར་འབོད་དོན་ནི། རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་ནས་ས་ཆ་མཐོ་ཤོས་སུ་ཆགས་ཡོད་པས་ཡིན། ང་ཚོའི་བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན། ལྷ་ས་ནི་འཛམ་གླིང་ནང་ནས་ས་མཐོ་ཤོས་སུ་ཆགས་པའི་རྒྱལ་ས་གྲོང་ཁྱེར་ཞིག་ཡིན། དེ་ནི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན། དེ་བཞིན། གཞིས་ཀ་རྩེ་དང། ཆབ་མདོ། སྐྱེ་གུ་མདོ། ཟི་ལིང་སོགས་གྲོང་ཁྱེར་ཆེན་པོ་མང་པོ་ཡོད། བོད་ཀྱི་སྤང་ལྗོངས་ནི་སྔོ་ལྗང་ལྗང་ཡོད་པ་དང། བོད་ཀྱི་མི་རྣམས་འཚོ་གནས་ཀྱི་ཐོག་ནས་དབྱེ་བ་གསུམ་ལ་ཕྱེ་ཡོད། འབྲོག་པ། ཞིང་པ། ས་མ་འབྲོག་བཅས་ཡིན། བོད་ནི་ལྷ་ཡི་ཞིང་ཁམས་ནང་བཞིན་ཧ་ཅང་མཛེས་པོ་དང། རྒྱུག་ཆུ་དག་ནི་གཙང་བ་དང། རི་སྐྱེས་སྲོག་ཆགས་རིགས་སྣ་ཚོགས་ཡོད། གཡག་ནི་བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཙོ་བོ་དེ་ཡིན། འབྲོག་པ་རྣམས་ཀྱིས་སྒོ་ཕྱུགས་སེམས་ཅན་སྲུང་བའི་ཆེད་དུ་འདོག་ཁྱི་གསོ་ཉར་བྱེད་ཀྱི་ཡོད། དེ་ནི་འབྲོག་པ་རྣམས་ཀྱི་ལས་རོགས་ལྟ་བུ་ཡིན། གཡག་ནི་ང་ཚོ་བོད་ཀྱི་སེམས་ཅན་གཙོ་བོ་དེ་ཡིན། བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཁྱད་པར་ཆེན་པོ་ཡོད། བོད་ཀྱི་ས་ཁུལ་མང་ཆེ་བ་དགུན་ཟླ་གསུམ་གྱི་རིང་ཁ་བ་འབབ་པ་དང་གྲང་ངར་ཆེ་བས་ཆུ་ལ་དར་ཁ་ཆགས་ཀྱི་ཡོད། དབྱར་ཟླ་གསུམ་གྱི་རིང་གནམ་གཤིས་དྲོ་ལ་ཆར་ཆུ་དུས་སུ་འབབ་ཀྱི་ཡོད། སྟོན་ཟླ་གསུམ་གྱི་རིང་ལ་འབྲུ་སྣ་དང་ཤིང་འབྲས་རིགས་སྣ་ཚོགས་སྨིན་པའི་དུས་མཚམས་ཡིན། དེ་བཞིན་བོད་ཀྱི་ཤར་ཕྱོགས་སུ་རྒྱ་ནག་རྒྱལ་ཁབ་དང། ནུབ་ཕྱོགས་སུ་པ་ཀི་སེ་ཏན། བྱང་ཕྱོགས་སུ་ཤར་ཏུར་ཀི་སེ་ཏན་དང། ལྷོ་ཕྱོགས་སུ་རྒྱ་བལ་འབྲུག་གསུམ་ཡོད། སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་གོང་བོད་ཀྱི་ཤར་ལྷོ་ནུབ་བྱང་གི་མཐའ་མཚམས་སུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ནང་ལེགས་བྱང་དང། དཔལ་འབྱོར། ཆོས་ལུགས། སྲིད་དོན་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད། འོན་ཀྱང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་༸གོང་ས་མཆོག་དང་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཡོང་དགོས་བྱུང། རྒྱ་ནག་གཞུང་གིས་ང་ཚོ་ལྷ་ཡི་ཞིང་ཁམས་བོད་དེ་དམྱལ་བ་ལྟ་བུ་བཟོས་པ་དང། རི་དྭགས་སེམས་ཅན་གང་བྱུང་དམར་གསོད་བྱས་པ་རེད། ང་རང་ལ་མཚོན་ན་རྒྱ་མིས་བྱས་པའི་ལས་ངན་དེ་དག་ཡིད་ལ་འཁོར་དུས་སྐྱོ་གདུང་དྲག་པོས་མནར་གྱི་འདུག འོན་ཀྱང་ངས་སེམས་ཤུགས་མ་ཆགས་པར་ཤེས་བྱ་རིག་པའི་གནས་ལ་འབད་བརྩོན་བྱེད་ཀྱི་ཡོད། ཉིན་ཞིག་ང་ཚོ་བོད་ལ་ལོག་རྒྱུའི་ཉི་མ་དེ་ཤར་ན་དགའ་དགའ་སྤྲོ་སྤྲོའི་ངང་ནང་མི་ཚོ་དང་ལྷན་དུ་ལོག་གི་ཡིན། ང་རང་ད་ལྟ་ཕ་ཡུལ་བོད་ལ་ཐེངས་གཅིག་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་འདུག རྒྱ་ནག་གཞུང་གིས་ད་བར་བོད་ནང་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང། རྒྱུ་ནོར་འཕྲོག་བཅོམ་བྱེད་ཀྱི་ཡོད། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་བདེ་སྐྱིད།འཛིན་རིམ་བརྒྱད་པ། སཾ་བྷོ་ཊ་གུ་རུ་པུ་ར། བོད་ནི་ང་ཚོའི་བོད་མ་ཚང་མའི་ཕ་ཡུལ་རེད། བོད་ཀྱི་མཐའ་འཁོར་ཚང་མ་གངས་རི་ཡིས་བསྐོར་ཡོད། བོད་ནི་འཛམ་བུ་གླིང་སྤྱི་ཡོངས་ནང་ནས་ལུང་པ་མཐོ་ཤོས་རེད། བོད་མི་རིགས་ནང་ལ་ལུང་ཚན་ཆོལ་ཁ་གསུམ་ཡོད། ཆོལ་ཁ་གསུམ་ནི། མདོ་སྟོད། མདོ་སྨད། དབུས་ཙང་བཅས་རེད། བོད་ལ་སེམས་ཅན་འདྲ་མིན་སྣ་ཚོགས་ཡོད། བོད་ཀྱི་འབྲོག་པའི་གུར་དེ་ཚོ་གཡག་གི་རྩིད་པ་དང་། ར་ལུག་གི་བལ་གྱིས་བཟོ་གི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ཀྱི་ས་ཆ་བཙན་བཟུང་བྱས་པ་རེད། དུས་དེ་ནས་ད་ལྟ་བར་དུ་བོད་ཀྱི་རང་བཙན་རག་མེད། དེང་སང་བོད་མི་ཚང་མ་ས་ཆ་ག་ས་ག་ལ་སླེབས་ཡོད། དཔེར་ན། ཨིན་ཇི་ལུང་པ། རྒྱ་གར་བཅས་ག་ས་གར་ལ་ཡོད། ཡིན་ན་ཡང་བརྒྱ་ཆ་མང་ཆེ་བའི་བོད་པ་རྣམས་ད་ལྟ་བོད་ལ་ཡོད། བོད་ལ་ཡོད་པའི་དཔའ་བོ་དང་དཔའ་མོ་དེ་ཚོ་སེམས་ཤུགས་མ་ཆགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། བོད་ལ་ས་ཆ་དཔེ་སྐྱིད་པོ་ཡོད། བོད་མི་མང་ཆེ་བ་ར་ལུག་གཡག་སོགས་འཚོ་སྐྱོང་བྱེད་ཀྱི་ཡོད། བོད་ཀྱི་གནམ་གཤིས་གྲང་མོ་ཞིག་ཡོད། བོད་ཀྱི་གྱོན་ཆས་དཔེ་རྫིག་པོ་དང་གཟི་བརྗིད་ཆེན་པོ་ཡོད། ལུང་པ་དང་ཆོས་ལུགས་གཞན་དང་མི་འདྲ་བ་ཡོད། བོད་ལ་ཡོད་པའི་ཁང་ཁྱིམ་མང་ཆེ་བ་གཙང་པོ་ཡི་འགྲམ་ལ་གནས་ཡོད། བོད་དེ་འཛམ་གླིང་གི་ཡང་ཐོག་ཡིན་པའི་རྒྱུ་མཚན་གྱིས་ཨེ་ཤེ་ཡ་ཡི་ཆུ་ཆེན་མང་ཆེ་བའི་འབྱུང་ཁུངས་བོད་རེད། དེ་འདྲ་སོང་ཙང་བོད་ལ་ཆུ་ཡི་དཀའ་ངལ་འཕྲད་ཀྱི་མེད། ཡིན་ན་ཡང་བོད་པ་མང་ཆེ་བ་འབྲོག་པ་རེད། བོད་ལ་ས་ཞིང་འདེབས་ལས་བྱེད་མཁན་མང་པོ་མེད། བོད་ཀྱི་མི་ཚང་མ་ཤ་བཟའ་བར་དཔེ་དགའ་པོ་ཡོད། གང་ཡིན་ཟེར་ན་བོད་ལ་གནམ་གཤིས་དཔེ་མི་སྲིད་པའི་གྲང་མོ་ཡོད། བོད་ཀྱི་གོམས་གཤིས་དེ་རྒྱ་གར་ཚ་བའི་ལུང་པ་ལ་ཡང་ཡོད། བོད་ལ་ཡོད་པའི་སྒོ་ཁྱི་དེ་ཚོ་ལུང་པ་གཞན་དང་མི་འདྲ་བའི་དཔེ་རྫིག་པོ་དང་ཆེན་པོ། ནང་ཡག་པོ་སྲུང་སྐྱོབ་བྱེད་ཀྱི་ཡོད། བོད་ལ་ཡོད་པའི་འབྲོག་པ་རྣམས་རྟག་པར་སྤང་དང་ཆུ་འགྲམ་ལ་སེམས་ཅན་འཚོ་བར་འགྲོ་ཡི་ཡོད། བོད་ནི་དཔེ་མཛེས་པའི་ལུང་པ་ཞིག་རེད། འཛམ་གླིང་དེ་ཡི་ནང་ལ་ཡོད་པའི་མི་ཚོས་བོད་དེ་འཛམ་གླིང་ཐོག་རེད་ཟེར་གྱི་ཡོད། གང་ཡིན་ཟེར་ན་བོད་དེ་འཛམ་བུ་གླིང་ནས་ས་ཆ་མཐོ་ཤོས་ཡི་སྒང་ལ་ཆགས་ཡོད། བོད་དེ་ས་ཆ་དཔེ་མཛེས་པོ་ཡོད། བོད་ཀྱི་ས་ཆ་དེ་ལུང་པ་གཞན་པའི་ས་ཆ་དང་དཔེ་མི་འདྲ་བ་ཡོད། བོད་ལ་གནས་པའི་མི་དེ་ཚོ་དཔེ་མི་སྲིད་པའི་གཤིས་ཀ་འཇམ་པོ་སྙིང་རྗེ་ཅན་ཤ་སྟག་ཡོད། བོད་ཀྱི་མི་རྣམས་ལ་རྩལ་མི་འདྲ་བ་མང་པོ་ཡོད། དཔེར་ན། རྟ་རྒྱུགས་སྟངས། འུར་རྡོ་འཕེན་སྟངས་སོགས་མང་པོ་ཡོད། བོད་ཀྱི་བཟས་ནི་རྩམ་པ་རེད། རྩམ་པ་དེ་ཡི་མཉམ་དུ་ཇ་དང་། མར། ཕྱུར་ར་བླུགས་ནས་སྤགས་བཟོ་ཡི་ཡོད། བོད་ལ་གངས་རི། བྲག་རི། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་ཟླ་སྒྲོན།འཛིན་རིམ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྐྱིད་པའི་ཕ་ཡུལ་གངས་ལྗོངས་ནི། །ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག །བོད་ཀྱི་མཐའ་སྐོར་གངས་རིས་བསྐོར། །དེར་གནས་བོད་མི་ཆོད་ལ་དད། །    བོད་ནི་གླིང་ཆེན་ཨེ་ཤེ་ཡ་ནང་ཆགས་ཡོད་པ་དང། བོད་ནི་འཛམ་གླིང་ནང་གི་ས་བབ་མཐོ་ཤོས་སུ་ཡོད་པས་བོད་ལ་ཚང་མས་འཛམ་གླིང་ཡང་རྩེ་དང་གངས་ཅན་ལྗོངས་ཞེས་འབོད་སྲོལ་ཡོད། ང་ཚོ་བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན། བོད་གངས་ཅན་ཡུལ་ལ་རྒྱ་དམར་གཞུང་ནས་དབང་སྒྱུར་མ་བྱས་གོང་ལ་བོད་དེ་མདོ་སྟོད་དང་མདོ་སྨད། དབུས་གཙང་བཅས་ཆོལ་ཁ་གསུམ་གྱིས་གྲུབ་པ་དང། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ནི་སྐབས་དེའི་བོད་རྒྱལ་ཁབ་ཆེན་པོའི་སྲིད་དབང་སྐྱོང་མཁན་གྱི་གཞུང་དེ་ཡིན། འོན་ཀྱང་། ༡༩༥༩ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་སྲིད་དབང་དང་འཛིན་སྐྱོང་དབང་ཆ་བདག་འཛིན་བྱས་ཤིང། དེ་སྔའི་བོད་ཡུལ་ཆོལ་ཁ་གསུམ་གྱི་ངོ་བོ་དེ་ཉིད་ཆེད་མངགས་རང་སྐྱོང་ལྗོངས་དང་ཞིང་ཆེན་ཏེ་མཚོ་སྔོན་ཞིང་ཆེན། ཟི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། བཅས་སུ་དབྱེ་ཡོད། རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་བཞི་ཡི་མངའ་ཁོངས་དེ་དག་ཀྱང་རྫོང་ཁག་ ༡༥༥ ལ་བགོས་ཡོད།    བོད་དུ་མཐོ་ཞིང་བརྗིད་པའི་གངས་རི་དང། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང། ཁ་འབབ་བཞི་དང། རྨ་ཆུ། རྫ་ཆུ། འབྲི་ཆུ་སོགས་དྭངས་ཤིང་གཙང་བའི་གཙང་པོ་མང་པོ་ཡོད་པས། བོད་ནི་འཛམ་གླིང་སྟེང་དུ་ཨེ་ཤེ་ཡའི་ཆུ་ཡི་འབྱུང་ཁུངས་ཞེས་འབོད་ཀྱི་ཡོད། བོད་ཀྱི་ཤར་ཕྱོགས་སུ་རྒྱ་ནག་དང། ནུབ་ཕྱོགས་སུ་པཱ་ཀི་སི་ཏན། བྱང་ཕྱོགས་སུ་ཤར་ཏུར་ཀི་སེ་ཏན་། ཡང་ན། ཤིང་ཅང། དང་ཧོར་སོགས་ཡོད་ལ། ལྷོ་ཕྱོགས་སུ་རྒྱ་གར། བལ་ཡུལ། འབྲུག་ཡུལ་སོགས་ཡོད། བོད་ཀྱི་ས་ཆ་མང་ཆེ་བར་དཔྱིད་དུས་སུ་དྲོ་གྲང་སྙོམ་པོ་ཡོད་པས། ས་ཞིང་འདེབས་ལས་བྱེད་པ་དང། དབྱར་དུས་སུ་གནམ་གཤིས་དྲོ་བས་མེ་ཏོག་སྙིང་རྗེ་མོ་མང་པོ་བཞད་ཀྱི་ཡོད། མི་དམངས་རྣམས་ཀྱང་སྤང་ལྗོངས་སྟེང་དུ་སྤྲོ་གསེང་ལ་སོང་ནས་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་ཅིང་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་གྱི་ཡོད། སྟོན་དུས་སུ་གནམ་གཤིས་གྲང་དུ་སོང་དུས་འབྲུ་རིགས་དང་ཤིང་ཏོག་སོགས་སྨིན་ཟིན་པའི་མཚམས་སུ་སླེབས་ཡོད་པས། ཞིང་པ་རྣམས་ཀྱི་སེམས་པ་དགའ་སྤྲོས་མྱོས་ཏེ་ལོ་ལེགས་བྱུང་བའི་དགའ་གླུ་ལེན་པ་དང། འབྲོག་པ་རྣམས་ཀྱིས་ཕྱུགས་རིགས་དེད་དེ་རྩྭ་ཆུ་བཟང་སར་འཚོ་བར་འགྲོ་ཡི་ཡོད། དགུན་དུས་གྲང་ངར་ཆེ་བས་ཁ་བ་འབབ་པ་དང་ས་མཁྲེགས་སུ་གྱུར་ཏེ་ཆུ་ལ་ཡང་དར་ཁ་ཆགས་ཀྱི་ཡོད།    གཞན་བོད་ནང་སྲོག་ཆགས་གཡག་དང་འབྲི། རྟ། བ་ཕྱུགས་སོགས་གསོ་སྐྱོང་བྱེད་ཀྱི་ཡོད། གཡག་ནི་བོད་ཀྱི་སྒོ་ཕྱུགས་སེམས་ཅན་གཙོ་བོ་དེ་ཡིན་པ་དང། གཡག་གི་རྩིད་པས་སྦྲ་གུར་བཟོ་བ་དང། རྔ་མ་ཡིས་རྔ་ལྕག་བཟོ་ཡི་ཡོད། […]