Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག

པདྨ་བདེ་སྐྱིད་ཤར་པ། འཛིན་གྲྭ་བཞི་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ༸གོང་ས་མཆོག་གི་མཚན།།ལྷ་མོ་དོན་གྲུབ་དང་།།བསྟན་འཛིན་རྒྱ་མཚོ་དང་།།ཏཱ་ལའི་བླ་མ་ཞུ།། ཁོང་གི་འཁྲུངས་ཡུལ་དེ།།ཨ་མདོའི་ལུང་པ་རེད།།ས་ཆ་དེ་ཡི་མིང་།།སྟག་འཚེར་ཟེར་གྱི་རེད།། སྟག་འཚེར་ལུང་པ་ནས།།ལྷ་ས་ཕེབས་དུས་སུ།།རྒྱ་མིས་སྡུག་པོ་བཏང་།།དཀའ་སྡུག་མང་པོ་མྱངས།། ༸གོང་ས་མཆོག་ལགས་ཀྱི།།ཡབ་ཡུམ་གཉིས་ཀྱི་མཚན།།ཆོས་སྐྱོང་ཚེ་རིང་དང་།།བདེ་སྐྱིད་ཚེ་རིང་རེད།། ཁོང་གི་འཁྲུངས་སྐར་དེ།།ཟླ་བདུན་ཚེ་དྲུག་རེད།།ང་ཚོས་སློབ་གྲྭ་ལ།།ཁོང་གི་འཁྲུངས་སྐར་བཏང་།། ཁོང་གི་འཁྲུངས་སྐར་སྐབས།།ང་ཚོ་ཚང་མ་ཡིས།།དགའ་དགའ་སྤྲོ་སྤྲོ་ངང་།།གཞས་དང་ཞབས་བྲོ་འཁྲབ།། ཕྱི་ལུགས་རྩི་སྟངས་ལ།།༸གོང་ས་མཆོག་ལགས་ཀྱི།།དགུང་གྲངས་དགུ་བཅུ་རེད།།གོ་སྟོན་སྲུང་བརྩི་བྱེད།། ༸གོང་ས་མཆོག་ལགས་ཀྱིས།།སེམས་པ་བཟང་པོ་གནང་།།འཛམ་གླིང་མི་མང་ནང་།།སྐད་གྲགས་ཆགས་པ་རེད།། ༸གོང་ས་མཆོག་ལགས་ལ།།ང་ཚོས་གུས་ཞབས་བྱེད།།ཁོང་གི་བཀའ་ལ་ཉན།།སྤྱོད་པ་ཡག་པོ་བྱེད།། ༸གོང་ས་མཆོག་ལགས་ཁྱེད།།ང་ཚོ་བོད་པའི་སླད།།སྐུ་གཟུགས་བདེ་ཐང་ངང་།།ཡུན་རིང་བཞུགས་རོགས་གནོངས།

༸གོང་ས་མཆོག

དཀོན་མཆོག་དབང་མོ། འཛིན་གྲྭ་ལྔ་པ།ཤིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ། གུས་མོའི་རྩ་བའི་བླ་མ།།༸རྒྱལ་བ་བསྟན་འཛིན་རྒྱ་མཚོ།།ཁྱེད་ཀྱི་ཞལ་རས་མཇལ་དུས།།གུས་མོའི་སེམས་པ་དགའ་བྱུང་།།    ཕྱི་ལོ་ ༡༩༣༤ ཟླ་བ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་ཨ་མདོ་སྟག་འཚེར་ཡུལ་དུ་སྐུ་འཁྲུངས་ཤིང་། ༸གོང་ས་མཆོག་དགུང་ལོ་ ༡༦ ཡིན་དུས་བོད་ཀྱི་ཆོས་སྲིད་གཉིས་འགན་བཞེས་ནས་སྐུ་ལས་ཚད་མེད་བསྐྱོན་གནང་། ཡིན་ན་ཡང་། ད་ཆ་༸གོང་ས་མཆོག་དགུང་ལོ་ ༩༠ ལ་ཕེབས་པ་རེད། མི་མང་རྣམས་༸གོང་ས་མཆོག་མཇལ་དུ་འགྲོ་སྐབས་མི་མང་པོ་ཞིག་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་རང་བཙན་ཤོར་ནས་༸གོང་ས་མཆོག་དང་ལྷན་དུ་བོད་མི་སྟོང་ཕྲག་མང་པོ་བོད་ནས་རྒྱ་གར་དུ་བཙན་བྱོལ་ཕེབས། མ་ཟད་༸གོང་ས་མཆོག་གིས་ག་དུས་ཡིན་ནའང་སེམས་ཅན་ཚང་མར་འཚེ་མེད་ཞི་བའི་ལམ་ནས་སྐྱོང་གི་ཡོད། འཚེ་མེད་ཞི་བ་ཟེར་ན་བྱམས་བརྩེ་དང་སྙིང་རྗེ་ཟུང་འབྲེལ་བྱས་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན། དེ་ཡང་༸གོང་ས་མཆོག་ནི་བླ་མ་དཔེ་རྩ་ཆེན་པོ་ཞིག་རེད། ཁོང་དགུང་ལོ་ ༡༡༣ ཙམ་བཞུགས་ཐུབ་པའི་ནུས་པ་ཡོད། འོན་ཀྱང་། ང་ཚོ་ལ་དེ་ལྟར་འཚོ་བའི་ནུས་པ་མེད། སོང་ཙང་༸གོང་ས་མཆོག་གྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་དང་། ད་ལྟ་སློབ་སྦྱོང་སྦྱོང་སའི་སློབ་གྲྭ་དེ་ཡང་༸གོང་ས་མཆོག་གི་བཙུགས་གནང་བ་རེད། དེ་འདྲ་ཡིན་དུས་ང་ཚོས་༸གོང་ས་མཆོག་གི་བཀའ་དྲིན་མ་བརྗེད་པ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོའི།།མཛད་འཕྲིན་སྨོན་ལས་བཟང་པོས།།འཛམ་གླིང་བྱམས་བརྩེ་ལྡན་ནས།།འགྲོ་ཀུན་བོད་པར་གྱུར་ཅིག།

༸གོང་ས་མཆོག

ཀརྨ་བསོད་ནམས་རྡོ་རྗེ། འཛིན་གྲྭ་ལྔ་པ།ལོ་སྦར་སིང་སཾ་བྷོ་ཊ་ཉིན་སློབ།    ད་ལྟ་བར་༸གོང་ས་སྐུ་ཕྲེང་རིམ་བྱོན་བཅུ་བཞི་བྱུང་ཡོད། ༸གོང་ས་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་རེད། ཁོང་ནི་རྗེ་ཙོང་ཁ་པའི་དགེ་ཕྲུག་གཙོ་བོ་ཞིག་ཡིན་ཙང་ནང་པའི་ཆོས་དར་བའི་ཆེད་དུ་འགན་གནང་བ་རེད། ཁོང་ལ་རྨི་ལམ་ཞིག་བྱུང་བའི་རྨི་ལམ་ལ་རྒྱལ་བ་རིན་པོ་ཆེ་སངས་མ་རྒྱས་བར་དུ་དཔལ་ལྡན་ལྷ་མོས་སྲུང་སྐྱོབ་བྱེད་ཀྱི་ཡིན་གསུངས་ནས་དམ་བཅའ་ཕུལ་བ་རེད། སྐུ་ཕྲེང་གཉིས་པའི་མཚན་ལ་དགེ་འདུན་རྒྱ་མཚོ་ཟེར། ཁོང་གཙང་རྟ་ནག་ལ་སྐུ་འཁྲུངས་པ་རེད། སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཟེར། ཁོང་སྟོད་ལུང་ཁང་གསར་གོང་གི་ཁྱིམ་དུ་སྐུ་འཁྲུངས་པ་རེད། ཁོང་ཕན་བདེ་ལེགས་བཤད་གླིང་ལ་སློབ་སྦྱོང་གནང་བ་རེད། སྐུ་ཕྲེང་བཞི་པའི་མཚན་ལ་ཡོན་ཏན་རྒྱ་མཚོ་ཟེར།  ཁོང་སོག་པོའི་ཡུལ་དུ་སྐུ་འཁྲུངས་པ་དང་དགུང་ལོ་བཅུ་གཉིས་རྗེས་སོག་ཡུལ་ནས་བོད་ལ་ཕེབས་པ་རེད། སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་རེད། རྒྱལ་དབང་སྐུ་ཕྲེང་ལྔ་པས་བོད་ཀྱི་དབུ་ཁྲིད་ཐོག་མ་དེ་གནང་བ་རེད། སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཟེར། ཁོང་མོན་རྟ་དབང་ལ་འཁྲུངས་པ་རེད། སྐུ་ཕྲེང་བདུན་པའི་མཚན་ལ་སྐལ་བཟང་རྒྱ་མཚོ་ཟེར། ཁོང་ལི་ཐང་ལ་སྐུ་འཁྲུངས་པ་དང་ཕྱི་ལོ་ ༡༧༢༠ ལོར་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུས་ནས་སྲིད་ཁྲི་མངའ་གསོལ་གནང་བ་རེད། སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ཟེར། ཁོང་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་སྐུ་འཁྲུངས་པ་རེད། སྐུ་ཕྲེང་དགུ་པའི་མཚན་ལ་ལུང་རྟོགས་རྒྱ་མཚོ་ཟེར། ཁོང་རྩེ་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་པ་རེད།    སྐུ་ཕྲེང་བཅུ་པའི་མཚན་ལ་ཚུལ་ཁྲིམས་རྒྱ་མཚོ་ཟེར། ཁོང་ཁམས་ལི་ཐང་ལ་སྐུ་འཁྲུངས་པ་དང་ཕྱི་ལོ་ ༡༨༢༢ ལོར་པོ་ཏ་ལར་གདན་འདྲེན་ཞུས་པ་རེད། སྐུ་ཕྲེང་བཅུ་གཅིག་པའི་མཚན་ལ་མཁས་གྲུབ་རྒྱ་མཚོ་ཟེར། ཁོང་གི་དགེ་རྒན་ནི་པཎ་ཆེན་རིན་པོ་ཆེ་རེད། སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་རེད། ཁོང་ལྷ་སའི་ལྷོ་ཁ་ལ་སྐུ་འཁྲུངས་པ་དང་དགུང་ལོ་ཆུང་ཆུང་སྐབས་སུ་ཕོ་བྲང་པོ་ཏ་ལར་གདན་ཞུ་གནང་བ་རེད། སྐུ་ཕྲེང་བཅུ་གསུམ་པའི་མཚན་ལ་ཐུབ་བསྟན་རྒྱ་མཚོ་ཟེར། ཁོང་དགུང་ལོ་དྲུག་ནས་སློབ་སྦྱོང་འགོ་འཛུགས་གནང་བ་རེད། སྐུ་ཕྲེང་བཅུ་བཞི་པའི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཟེར། ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ཨ་མདོ་སྟག་འཚེར་དུ་སྐུ་འཁྲུངས་པ་རེད། ཁོང་གི་ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་དང་ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་ཟེར། ཁོང་གི་དམིགས་ཡུལ་ནི་ཐུགས་ཀྱི་དགོངས་པ་བཞི་ཡིན། ཁོང་དགུང་ལོ་བཅུ་དྲུག་སྐབས་བོད་ཀྱི་ཆོས་དང་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་རེད། ཁོང་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་མ་ཟད་ང་ཚོ་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན། ཁོང་ནི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་ཙང་ཁོང་ལ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད།ད་དུང་ཁོང་ལ་གཟེངས་རྟགས་ ༡༥༠ […]

༸གོང་ས་མཆོག

བསྟན་འཛིན་ཆོས་སྐུ། འཛིན་གྲྭ་ལྔ་པ།ལོ་སྦར་སིང་སཾ་བྷོ་ཊ་ཉིན་སློབ།    ༸གོང་ས་མཆོག་ནི་བོད་མི་ཚང་མའི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཁོང་ནི་ཆོས་པ་བཟང་པོ་ཞིག་ཀྱང་རེད། ཁོང་གི་འཁྲུངས་སྐར་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་རེད། ཁོང་གི་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་ཞུ་གི་ཡོད། ༸གོང་ས་མཆོག་ནི་ཆོས་ལ་དད་པ་ཆེན་པོ་ཡོད་པ་མ་ཟད་ཐུགས་སེམས་ཧ་ཅང་བཟང་པོ་ཡོད། ཁོང་ནི་ང་ཚོ་བོད་མི་ཡོངས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་དང་ང་ཚོའི་ཕ་མ་ནང་བཞིན་ཡིན། ཁོང་གི་བཀའ་སློབ་ལམ་སྟོན་གནང་བ་བཞིན་ང་ཚོས་ལག་བསྟར་བྱས་པ་ཡིན་ན། མི་ཚེ་སྐྱིད་པོ་དང་ཡག་པོ་ཞིག་ཡོང་གི་རེད། ༸གོང་ས་མཆོག་ནི་ག་དུས་ཡིན་ཡང་མི་ཚང་མ་ལ་འཛུམ་མདངས་སྟོན་གྱི་རེད། ཁོང་ལ་དད་པ་དང་ཡིད་ཆེས་བྱེད་མཁན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད་པས། ཁོང་གི་བཞུགས་གནས་རྡ་རམ་ས་ལར་དེང་སང་འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་མང་ཚོགས་མང་པོ་ཞིག་མཇལ་ཁ་ཞུ་བར་བཅར་གྱི་ཡོད། གཞན་ཡང་ང་ཚོ་བོད་མི་ཚང་མའི་ནང་ལ་༸གོང་ས་མཆོག་གི་སྐུ་པར་མཇལ་རྒྱུ་ཡོད། ༸གོང་ས་མཆོག་ནི་འཛམ་གླིང་ཡོང་ལ་ཞི་བདེ་བསྐྲུན་མཁན་གྱི་མི་སྣ་གྲགས་ཅན་ཞིག་ཡིན་ཙང་ཁོང་ལ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། མ་ཟད་ཁོང་ལ་ད་ལོ་མར་ཁུ་རི་གསེར་གྱི་གཟེངས་རྟགས་(Mercury Award)ཕུལ་གནང་ཡོད། ཁོང་ནི་འཛམ་གླིང་ཡོངས་ལ་སྙན་གྲགས་ཅན་གྱི་མི་སྣ་ཞིག་རེད། བོད་མི་ཡོངས་ཀྱི་དབུ་ཁྲིད།།༸གོང་ས་༸སྐྱབས་མགོན་ཆེན་པོ།།བོད་མི་ཡོངས་ལ་ལམ་སྟོན།།བཀའ་དྲིན་ཆེ་བ་གནང་སོང་།། ༸གོང་ས་མཆོག་གི་མཛད་འཕྲིན།།འཛམ་གླིང་ཡོངས་ལ་ཁྱབ་སོང་།།ཁོང་གི་འཛམ་གླིང་ཡོངས་ལ།།ཕན་རླབས་ཆེན་པོ་མཛད་ཡོད།། འདི་ཕྱི་གཉིས་ཀྱི་སྐྱབས་མགོན།།༸གོང་ས་༸སྐྱབས་མགོན་ཆེན་པོ།།འགྲོ་བ་སེམས་ཅན་ཀུན་ལ།།བྱམས་དང་བརྩེ་བས་བསྐྱངས་ཡོད།། ང་ཚོ་བོད་ཕྲུག་ཚང་མས།།རྟག་ཏུ་ཁོང་གི་བཀའ་སློབ།།རང་གི་སྙིང་ལ་བཅངས་ཏེ།།སློབ་སྦྱོང་ཡག་པོ་བྱེད་དགོས།།

༸གོང་ས་མཆོག་གི་ལམ་སྟོན།

༸གོང་ས་མཆོག་གི་ལམ་སྟོན།

ཉི་མ་རྡོ་རྗེ་སྤུ་རུ། འཛིན་གྲྭ་བརྒྱད་པ།སུ་ཇཱ་བོད་ཁྱིམ་སློབ་གྲྭ།    ༸གོང་ས་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན། ཁོང་ནི་ཆུང་དུས་ནས་ཞི་བདེ་ཐོག་དགོངས་པ་བཞེས་མཁན་གྱི་སྐྱེས་བུ་ཞིག་ཡིན། སྤྱི་ལོ་ ༡༩༥༩ ལ་རྒྱ་ནག་དམར་ཤོག་གིས་དྲག་ཤུགས་ཆེན་པོས་བོད་ལ་བཙན་འཛུལ་བྱུང་སྟབས་རྒྱ་གར་དུ་བཙན་བྱོལ་དུ་མ་ཕེབས་དཀའ་མེད་བྱུང་། བྲོས་བྱོལ་སྐབས་ལམ་བར་དུ་སྐུ་ངལ་ཚད་མེད་བསྐྱོན་ནས་མཐར་རྒྱ་གར་དུ་འབྱོར་ན་ཡང་དཀའ་ཚེགས་ལྷོད་མེད་ཀྱིས་བོད་མི་ཡོངས་ཀྱི་བདེ་སྡུག་ལ་གཟིགས་ཏེ་སྐུ་ངལ་བསྐྱོན། ༸གོང་ས་མཆོག་ནི་བོད་མི་གཅིག་པུར་མིན་པར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གཅིག་གྱུར་གྱི་འདུ་ཤེས་ངོས་འཛིན་གནང་གི་ཡོད། ཁོང་གི་ལམ་སྟོན་ཅི་འདྲ་གསུངས་ཀྱང་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་བ་ཤ་སྟག་ཡོད། ༸གོང་ས་མཆོག་སློབ་གྲྭར་ཆིབས་སྒྱུར་གནང་ཚེ་སློབ་མས་གནས་བབ་དང་བསྟུན་བཀའ་སློབ་ལམ་སྟོན་བློ་ངོར་འཇུག་པ་ཞིག་གནང་གི་ཡོད། ཡང་དགོན་སྡེ་ཁག་དང་ཆོས་པ་ཚོར་རང་ཉིད་ནང་པའི་ཆོས་པ་བཞིན་སངས་རྒྱས་བསྟན་པ་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་སློབ་སྟོན་གནང་གི་ཡོད། དེ་བཞིན་མི་སྣ་མཁས་དབང་དང་། སྲིད་དོན་པ། ཚན་རིག་པ་གྲགས་ཅན་སོགས་མཇལ་འཕྲད་སྐབས་སུ་ལམ་སྟོན་གནང་ཚེ་ཁོང་རྣམ་པས་བློར་བདུད་རྩིས་ལྟ་བུ་ངལ་གསོས་བདེ་བ་ཐོབ་ཀྱི་ཡོད། རྒྱལ་དབང་མཆོག་ཕྱི་རྒྱལ་ཡུལ་ལུང་ཆིབས་སྒྱུར་ཐེངས་མང་བསྐྱངས་པ་ཐམས་ཅད་འཛམ་གླིང་མི་མང་ལ་ནང་པའི་ཆོས་དང་བོད་ཀྱི་རིག་གཞུང་གི་དགེ་ཕན་རྒྱ་ཆེ་བཀའ་སློབ་གནང་ཞིང་། ལྷག་པར་དུ་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་བཀའ་སློབ་ནི་༸གོང་ས་མཆོག་གི་གསུང་བཤད་གལ་འགངས་ཆེན་པོ་ཞིག་ཡིན། ཆོས་ལུགས་ལ་འདོད་པ་མེད་མཁན་རྣམས་ལ་ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་སྐྲུན་པར་འབད་པ་བསྟེན་པ་དང་ནང་བསམ་བློའི་ཐོག་འདོད་བློ་ཁེངས་ངེས་ཀྱི་མི་ཚེ་ལམ་སྟོན་མཛད་ཡོད། རིས་མེད་སྐྱེ་འགྲོ་ཐམས་ཅད་ལ་སའི་གོ་ལའི་འགན་ཆེན་པོ་གོ་རྟོགས་སྤེལ་ཏེ་ཕན་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་པ་མ་ཟད་འཛམ་གླིང་རྒྱལ་ཁབ་ནང་གི་ཚན་རིག་པ་གྲགས་ཅན་མཉམ་ཞུགས་ཀྱིས་སེམས་དང་སྲོག་གི་སྐོར་ནང་ཆོས་དང་འབྲེལ་བའི་ལམ་སྟོན་དང་བགྲོ་གླེང་གནང་སྟེ་གྲུབ་འབྲས་ཐོན་པ་དང་ཡིད་ཆེས་ཆེན་པོ་བྱུང་ཡོད། འཛམ་གླིང་ཡུལ་གྲུ་གང་སར་དད་གུས་བླ་ལྷག་ཞུ་བ་མ་ཟད་ཆེས་བསྟོད་དང་གཟེངས་རྟགས་བགྲང་གི་མི་ལང་བ་འབུལ་བཞེས་མཛད་པའི་ནང་ཆེས་སྙན་གྲགས་ཆེ་བ་ནི་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་། ཁོང་ནི་མཚན་དོན་གཉིས་མཚུངས་ཀྱི་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གྱུར།།

༸གོང་ས་མཆོག་གི་ལམ་སྟོན།

བསྟན་འཛིན་དཔལ་མཛེས། འཛིན་གྲྭ་དྲུག་པ།དྷ་སྟེང་བོད་ཁྱིམ་སློབ་གྲྭ། འཛམ་གླིང་འདི་ཡི་ནང་དུ།།སྙན་གྲགས་ཅན་གྱི་མི་སྣ།།༸གོང་ས་༸སྐྱབས་མགོན་ཆེན་པོ།།གཞིས་བྱེས་བོད་མིའི་དེད་དཔོན།།    ཞེས་པའི་བསྟོད་ཚིག་སྔོན་དུ་བཏང་སྟེ་༸གོང་ས་མཆོག་ནི་ང་ཚོའི་ལྟ་བའི་མིག་དང། ཁོག་པའི་སྙིང་ལྟ་བུ་ཡིན། ཁོང་གིས་ད་བར་བཀའ་སློབ་སྙིང་གི་ནོར་བུ་ཧ་ཅང་མང་པོ་གནང་ཡོད་པ་ནི། དོན་ཚན་དང་པོ་དེ། ཁོང་གིས་དུས་རྒྱུན་དུ་གསུང་ཆོས་གནང་བའི་སྐབས་སུ་ང་ཚོ་བོད་མི་རྣམས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང། སེམས་པ་བཟང་པོ་བྱེད་དགོས་པའི་ལམ་སྟོན་ཡང་ཡང་གསུང་གནང་གི་ཡོད། དེ་བཞིན་ཁོང་གིས་ང་ཚོ་སྡོད་སའི་འཛམ་གླིང་ནང་ཞི་བདེ་དགོས་ན་མི་གཅིག་གིས་གཅིག་ལ་འཆམ་པོ་དང་ཕན་ཚུན་རོགས་རམ་བྱེད་ཐུབ་ན་ཞི་བདེ་ཡོང་བ་དང། ལྷག་པར་དུ་ཁོང་གིས་མི་སྐྱོ་བོ་ལ་བྱམས་སྙིང་རྗེ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག ད་ལྟའི་དུས་སུ་ཁོང་གིས་ཁོར་ཡུག་སྐོར་ལ་བཀའ་སློབ་ལམ་སྟོན་ཡང་གནང་གི་ཡོད་པ་ནི། ཁོར་ཡུག་ཡག་པོ་མེད་ན་མི་ལ་ནད་ན་ཚ་མང་བ་དང། ས་ཡོམ་དང་ཆུ་ལོག་སོགས་ཡོང་རྒྱུའི་ཉེན་ཁ་ལ་བརྟེན་ནས་གསུང་གི་ཡོད། ང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་དུས་སོ་སོའི་སྐད་ཡིག་ལ་དོ་སྣང་དང་། བོད་མི་མཚན་ཉིད་ཚང་བ་ཞིག་དགོས་པ་ལ་བོད་པའི་ཤེས་ཡོན་སྦྱོང་དགོས་པ་དང། ང་ཚོ་ལ་རིག་པ་ཡག་པོ་དང་སློབ་སྦྱོང་ལས་སླ་པོ་ཤེས་པར་རིགས་ལམ་སྦྱོང་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་ནས་ཡང་དུ་གནང་གི་ཡོད། གུས་མོ་ང་རང་ནས་ཁོང་གིས་གསུང་པའི་ལམ་སྟོན་ཚང་མ་ལག་ལེན་བསྟར་མི་ཐུབ་ཀྱང་སློབ་སྦྱོང་ཡག་པོ་སྦྱོང་རྒྱུ་དང་སེམས་བཟང་པོ་བྱེད་རྒྱུ། རང་ལས་སྐྱོ་བ་ལ་རོགས་རམ་བྱེད་རྒྱུ་བཅས་ནི་ངས་བྱེད་ཐུབ་ས་རེད་འདུག་པས། ང་རང་ནས་ཁོང་གིས་གང་ལམ་སྟོན་གནང་བ་རྣམས་གང་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན།