སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནས་འགྲེལ་པ་ཆ་ཚང་།


༡) ཆོས་བྱེད་དགོས་པའི་རྒྱུ་མཚན།

༄༅། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐར་ཐུག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྟོན་པ་རྣམ་འདྲེན་བཞི་པའི་བསྟན་པ་ལྔ་བརྒྱ་པ་ཕྲག་བཅུའི་ཚུལ་ཁྲིམས་ཀྱི་ལེའུའི་སྐབས་ཏེ་དུས་རབས་ཉི་ཤུ་པ་རྫས་མཚོན་གྱི་བསྐལ་པའི་དུས་འདིར་ཕྱི་དངོས་པོའི་རིག་གནས་འཕེལ་རྒྱས་བྱུང་བ་དང་འབྱུང་འགྱུར་བཞིན། ནང་བསམ་པའི་འཕེལ་རྒྱས་ཀྱང་ལྷན་ཅིག་ཏུ་དགོས་པ་ཤིན་ཏུ་གལ་མཁོ་ཆེ་ཞིང༌། དེ་ལ་ནང་དོན་རིག་པ་ནང་པ་སངས་རྒྱས་ཀྱི་ཆོས་ཚུལ་བསམ་དང་སྒོམ་པས་སྒྲུབ་པ་ལ། དེའི་ཚུལ་ཤེས་དགོས་པས། ཟབ་ཅིང་བརླིང་བའི་གཞུང་ཆེན་པོ་དག་བལྟ་བར་མ་ཁོམ་པའི་སྐྱེ་བོ་དག་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱེད་པའི་བསྟན་བཅོས་ཚིག་ཉུང་གོ་བདེ་གཙོ་བོར་བྱས་པ་བློ་གསར་མིག་འབྱེད་ཅེས་བྱ་བ་འདི་བཤད་པར་བྱའོ། །

དེ་ལ་འགྲོ་བ་ཐམས་ཅད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་མཉམ་ཞིང༌། དེ་ཡང་རང་རེ་ཤེས་རིག་བཀྲ་བའི་མི་ཙམ་དུ་མ་ཟད། བླུན་ཞིང་གཏི་མུག་པ་ཐ་ན་སྲོག་ཆགས་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱང་བདེ་བ་ཞིག་འདོད་པ་དང༌། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་པ་ཤ་སྟག་ཡིན། དེས་ན་རང་གཞན་སུ་ཡིན་ཡང་བདེ་བ་འབྱུང་བ་དང༌། སྡུག་བསྔལ་མི་འབྱུང་བའི་ཐབས་ཤིག་བྱ་དགོས། དེ་མིན་རང་ལ་བདེ་བ་ཞིག་བྱུང་ན་སྙམ་པ་དང༌། སྡུག་བསྔལ་དེ་མེད་ན་ཅི་མ་རུང་སྙམ་པའི་རེ་འདོད་ཆེན་པོས་སྒུག་ནས་བསྡད་པ་ཙམ་གྱིས་བདེ་བ་འབྱུང་བ་དང༌། སྡུག་བསྔལ་སེལ་མི་ནུས་པས། བདེ་བ་གང་ལས་འབྱུང་བའི་རྒྱུ་སྒྲུབ་པ་དང༌། སྡུག་བསྔལ་འབྱུང་བའི་གཞི་སྤོང་ནུས་པ་ཞིག་དགོས། ཕན་པ་བདེ་བའི་རྒྱུ་སྒྲུབ་བྱེད་དང༌། གནོད་པ་སྡུག་བསྔལ་སྤོང་བའི་ཐབས་ནི་ཆོས་ལ་བརྟེན་ནས་བསྒྲུབས་པ་དང་འདྲ་བ་ཐབས་ ཚུལ་གཞན་ཇི་ལྟར་བྱས་ཀྱང་ཡང་དག་པ་དང༌། མཐར་ཕྱིན་པ་སྒྲུབ་མི་ནུས། ཆོས་ཀྱི་སྟེང་ནས་ཚེ་འདི་དང༌། སྐྱེ་བ་ཕྱི་མ། དེའི་ཡང་ཕྱི་མ་སོགས་འདི་ཕྱི་ཚེ་རབས་མང་པོའི་བདེ་བ་སྐྱེད་ཐུབ་ཅིང༌། སྡུག་བསྔལ་སེལ་ནུས། ཚེ་འདི་ལ་མཚོན་ནའང་བདེ་བ་སྐྱེད་པ་དང༌། སྡུག་བསྔལ་སྤོང་བ་ལ་ཆོས་ལས་ལྷག་པ་མེད་པ་ནི། དཔེར་ན་ལུས་ལ་ན་ཚ་ཞིག་བྱུང་ན་ཡང༌། ཆོས་ཀྱི་གནད་དོན་རྟོགས་པ་དང་མ་རྟོགས་པ་གཉིས་ལ་ལུས་སེམས་ཀྱི་སྡུག་བསྔལ་ཆེ་ཆུང་དང་དེ་སེལ་ནུས་མིན་གྱི་ཁྱད་པར་ཤིན་ཏུ་ཆེ་སྟེ། ཆོས་ཀྱི་གནད་མ་རྟོགས་པ་དང༌། ཆོས་ཀྱི་བྱིན་རླབས་ཀྱི་རྩི་གང་ཡང་མེད་པའི་མི་དེར་ལུས་ཀྱི་ནད་ཀྱི་ཚོར་བ་དྲག་པོའི་སྟེང་དུ་སེམས་ལ་ནད་དེ་མི་བཟོད་པའི་སྡུག་བསྔལ་ཆེན་པོ་ཞིག་གིས་ནོན་ནས་ལུས་སེམས་གཉིས་ཀ་བདེ་བའི་གོ་སྐབས་མེད་པར་སྡུག་བསྔལ་གྱིས་མནར་བ་རེད། ཆོས་ཀྱི་གནད་དོན་རྟོགས་པ་ཞིག་ཡིན་ན། ལུས་ལ་ན་ཚ་བྱུང་བ་དེ། སྔོན་བསགས་སྡིག་པའི་འབྲས་བུ་ཡིན་པ་དང༌། འཁོར་བའི་རང་བཞིན་དུ་མཐོང་ནས་ལས་བདག་གིར་བྱ་འདོད་ཀྱི་བསམ་པ་སོགས་ལ་བརྟེན་ནས་སྡུག་བསྔལ་དང་དུ་བླངས་པས་ཡིད་ཀྱི་སྡུག་བསྔལ་མི་འབྱུང༌། དེ་མི་འབྱུང་བས་ཕྱི་ལུས་ཀྱི་ནད་ཀྱི་སྡུག་བསྔལ་དེ་ནང་བསམ་པའི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་སྡུག་བསྔལ་སེལ་ནུས་པ་འབྱུང༌། དེའི་རྒྱུ་མཚན་ལུས་སེམས་གཉིས་ཀྱི་ནང་ནས། སེམས་དེ་ལུས་ལ་དབང་སྒྱུར་བའི་གཙོ་བོ་ལྟ་བུ་དང༌། ལུས་དེ་སེམས་ཀྱི་དབང་བསྒྱུར་བྱ་ལྟ་བུར་གནས་པས་བདེ་སྡུག་གི་ཚོར་བ་སེམས་ཀྱི་དེ་མཐུ་ཆེ་བ་ཡིན། དེ་བཞིན་དུ། འགའ་ཞིག་གིས་ཕྱུག་པོའི་བདེ་སྐྱིད་ཅིག་འདོད་ནས་རྒྱུ་ནོར་གསོག་སྲུང་བྱེད་ཀྱང༌། ཐོག་མར་ལུས་སེམས་ཀྱི་ངལ་བ་ཆེན་པོས་འབད་རུང་རེ་འདོད་ལྟར་བསག་མི་ནུས་པའི་སྡུག་བསྔལ། བར་དུ་གཞན་གྱིས་འཕྲོག་པ་དང་། བོར་སྟོར་འབྱུང་བ་དང༌། ཆུད་ཟོས་སུ་འགྲོ་བ་སོགས་ཀྱིས་བསྲུང་མི་ནུས་པའི་སྡུག་བསྔལ། ཐ་མར་ཇི་ལྟར་བྱས་ཀྱང་གཞན་གྱི་རྫས་སུ་གྱུར་ནས་རང་ཉིད་གཏན་འབྲལ་བྱེད་དགོས་པའི་སྡུག་བསྔལ་སོགས་ནོར་ལོངས་སྤྱོད་ལ་བརྟེན་པའི་སྡུག་བསྔལ་མཐའ་དག་ཀྱང་ཆོས་ཀྱི་གནད་དོན་མ་རྟོགས་པས་ལན། དེ་རྟོགས་ན་རྒྱུ་ནོར་མཐའ་དག་རྩྭ་རྩེའི་ཟིལ་བ་ལྟར་སྙིང་པོ་མེད་པར་མཐོང་ནས་ངལ་བ་བརྒྱ་ཕྲག་གིས་གསོག་སྲུང་དང༌། མི་འདོད་བཞིན་དུ་བྲལ་བ་ལ་བརྟེན་པའི་སྡུག་བསྔལ་གང་ཡང་མི་འབྱུང༌། །

དེ་བཞིན་དུ། རང་ལ་གཞན་གྱིས་འཕྱ་སྨོད་དང༌། སྤྱོ་ཞིང་གཤེ་བ་སོགས་ཀྱི་ཚིག་མི་སྙན་པ་སྨྲས་ཚེ་སྙིང་ལ་ཚེར་མ་ཟུག་པ་ལྟར་མི་བཟོད་པའི་སྡུག་བསྔལ་འབྱུང་བ་ཡང༌། ཆོས་ཀྱི་གནད་དོན་རྟོགས་ན་དེ་ཐམས་ཅད་བྲག་ཅ་བཞིན་དུ་སྙིང་པོ་མེད་པའི་རང་བཞིན་ཤེས་ནས་སེམས་མེད་བེམ་པོ་ལ་འཕྱ་བ་སོགས་བྱེད་པ་ལྟར་ཡིད་མི་བདེ་བའི་སྡུག་བསྔལ་ཕྲ་མོའང་མི་འབྱུང་ཞིང༌། དེ་མཚུངས་ཚེ་འདིར་དགྲ་མི་ཐུལ་བའི་སྡུག་བསྔལ། གཉེན་མི་འཁྱོང་བའི་སྡུག་བསྔལ། གཞན་རྒྱལ་ཞིང་རང་ཕམ་པའི་སྡུག་བསྔལ་སོགས་མདོར་ན་རྙེད་དང་མ་རྙེད། བདེ་དང་མི་བདེ་སོགས་ལ་བརྟེན་པའི་རེ་དོགས་དང་ལུས་སེམས་ཀྱི་གདུང་བ་ཅི་མཆིས་དང༌། དེར་མ་ཟད་རྒྱལ་ཁབ་ཕན་ཚུན་འཁོན་རྩོད་ཀྱིས་འཇིགས་དངངས་ཅན་གྱི་དམག་འཁྲུག་བྱུང་སྟེ་སྐྱེ་འགྲོ་གྲངས་མེད་ཀྱི་བདེ་སྐྱིད་མིང་གི་ལྷག་མར་བཅོམ་ནས་སྡུག་བསྔལ་ཆུ་ལྟར་འཁྲུགས་པ་སོགས་མདོར་ན་ཚེ་འདིར་སྡུག་བསྔལ་ཆེ་ཆུང་གང་བྱུང་བ་དེ་དག་ཀྱང་ཆོས་མ་ཤེས་པ་དང༌། ཤེས་ཀྱང་ལག་ལེན་དུ་མ་བསྟར་བའི་སྐྱོན་ཡིན། ཆོས་ཤེས་ཤིང་བསྒྲུབས་ན་སྡུག་བསྔལ་དེ་ཐམས་ཅད་ཀྱི་རྒྱུན་གཅོད་ནུས། ཇི་ལྟར་ནུས་ན་དེ་འདྲའི་སྡུག་བསྔལ་ཐམས་ཅད་ང་རྒྱལ་དང༌། སེར་སྣ། ཕྲག་དོག་དང༌། ཆགས་སྡང་རྨོངས་གསུམ་སོགས་ལ་བརྟེན་བས་བྱུང་བ་འབའ་ཞིག་ཡིན་ཞིང༌། ཆོས་ཀྱི་མཐུས་གཙོ་བོ་སེམས་ཀྱི་སྐྱོན་དེ་རྣམས་ཞི་ཞིང་བཟློག་པ་ལ་བརྟེན་ནས། ཆོག་ཤེས་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ། བག་ཡོད་པའི་བྱ་བ་བསྒྲུབས་ཏེ་ལུས་སེམས་རྟག་ཏུ་ཞིེ་འཇམ་བདེ་བ་འབའ་ཞིག་གིས་འདའ་བ་ལས་གདུང་བ་མི་བཟོད་པ་མི་འབྱུང་བས་ཚེ་འདིར་བདེ་ཞིང་སྐྱིད་པར་འདོད་ཅིང་སྡུག་བསྔལ་མི་འདོད་ན་ཡང་ཆོས་ཀྱི་གནད་དོན་རྟོགས་པར་བྱས་ནས་ལག་ལེན་དུ་བསྟར་བ་ཉིད་གལ་ཆེ། །

དེ་ལྟར་བྱས་པས་ཚེ་འདིར་བདེ་བ་ཙམ་གྱིས་མི་ཆོག །ཚེ་འདིའི་བདེ་བ་ནི་ཇི་ཙམ་ཞིག་ཆེ་ཡང་མ་ཤི་ཚུན་ཆད་ཀྱི་བདེ་བ་ཙམ་ཞིག་ཡིན་པས་ཚེ་ཇི་ལྟར་རིང་ཡང་ལོ་བརྒྱ་ལྷག་ཙམ་ལས་མི་འོང་བས་དེའི་ཡུན་གྱི་བདེ་བ་ཡིན་ཞིང༌། ཚེ་ཕྱི་མ་བཤུལ་ཐག་རིང་བས་དེའི་དོན་ཞིག་བསྒྲུབ་དགོས་པས་ཚེ་རབས་ཕྱི་མ་རྣམས་སུ་བདེ་བ་འཐོབ་ཐབས་དང༌། སྡུག་བསྔལ་སྤོང་ཐབས་ཤིག་ལ་འབད་དགོས། དེ་ཡང་ཆོས་ཀྱི་ཐོག་ནས་སྒྲུབ་པ་མ་གཏོགས་བྱ་སྤྱོད་གཞན་ཞིག་གི་ཐོག་ནས་སྒྲུབ་ཐབས་གཏན་ནས་མེད། །འདིར་སྐྱེ་བ་ཕྱི་མའི་དོན་སྒྲུབ་དགོས་པ་བཤད་སྐབས་ཆོས་མི་ཤེས་པའམ། ཕྲན་བུ་ཤེས་ཀྱང་རྒྱུ་མཚན་དཔྱིས་ཕྱིན་པར་མ་ཤེས་པ་འགའ་ཞིག་གི་བསམ་པར། ད་ལྟའི་སེམས་འདི་ལུས་ལ་བརྟེན་པ་ཙམ་ལས། སྐྱེ་བ་སྔ་ཕྱི་རང་གིས་མངོན་སུམ་གྱིས་མ་མཐོང་བས་མེད་སྙམ་པ་ཡོང་སྲིད། དེ་འདྲའི་བསམ་ཚུལ་དེ་ནི། ཡོད་ན་མངོན་སུམ་གྱིས་མཐོང་དགོས་པར་བསམ་པའམ། ཡང་ན། སེམས་ནི་ལུས་ལ་བརྟེན་ནས་སྐྱེ། ལུས་ནི་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་བྱུང་བ་ཡིན་པས་སྐྱེ་བ་སྔ་མ་མེད་པ་དང༌། འཆི་བའི་ཚེ་ལུས་ནི་འབྱུང་བ་ཆེན་པོ་བཞི་དང༌། སེམས་ནི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགྱུར་བས་སྐྱེ་བ་ཕྱི་མ་ཟེར་བ་མེད་སྙཾ་པ་ཡིན། ། བློ་ལུས་ལ་བརྟེན་པར་འདོད་པའི་བསམ་ཚུལ་ལའང༌། ཆང་དང་ཆང་གི་ནུས་པ་མྱོས་བྱེད་གཉིས་བཞིན་དུ་ཡིད་ལུས་ཀྱི་བདག་ཉིད་ཡིན་བསམ་པ་དང༌། སྒྲོན་མེ་དང་དེའི་འོད་བཞིན་ཡིད་དེ་ལུས་ཀྱི་འབྲས་བུ་ཡིན་བསམ་པ་དང༌། རྩིག་པ་དང་དེའི་རི་མོ་བཞིན་དུ་ཡིད་དེ་ལུས་ཀྱི་ཡོན་ཏན་དུ་གྱུར་པར་བསམ་པ་སོགས་ཀྱིས་ཡང་སྙིང་ཚེ་འདིའི་སྐྱེས་མ་ཐག་པའི་སེམས་དེ་རིགས་མཐུན་སེམས་ལས་སྐྱེས་མི་དགོས་པར་རིགས་མི་མཐུན་པ་སེམས་མེད་ཀྱི་འབྱུང་བ་ལས་སྐྱེས་ཏེ། དཔེར་ན། ཆང་ལས་མྱོས་མཐུ་དང་མེ་ཤེལ་ལས་མེ་སོགས་རྒྱུ་ལས་འབྲས་བུ་མི་མཐུན་པ་འབྱུང་བ་ལྟར་བསམ་པ་དང༌། དེ་བཞིན་དུ་རྟོག་གེ་བ་འགའ་ཞིག་གིས་སྲན་མ་ཟླུམ་པོ་དང༌། ཚེར་མ་རྣོ་བ་དང༌། རྨ་བྱའི་མདོངས་བཀྲ་བ་སོགས་ལ་བྱེད་པོ་མེད་པ་དང༌། སེར་སྣ་ཅན་སྦྱིན་པ་མི་བཏང་བ་ཕྱུག་པོར་གྱུར་པ་དང༌། སྲོག་གཅོད་མཁན་ཚེ་རིང་བ་སོགས་མཐོང་བས་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་རྒྱུ་འབྲས་མེད་པར་སྨྲ་བ་དང༌། ཡང་སྙོམས་འཇུག་པ་འགའ་ཞིག་གིས་མངོན་ཤེས་ཀྱིས་བརྟགས་ནས་ཚེ་སྔ་མར་སེར་སྣ་ཅན་ཚོ་ཚེ་ཕྱི་མར་འབྱོར་ལྡན་གྱི་ཁྱིམ་དུ་སྐྱེས་པར་མཐོང་བས། སྐྱེ་བ་སྔ་ཕྱི་ཡོད་ཀྱང་ལས་འབྲས་མེད་པར་སྨྲ་བ་དང༌། ཡང་འགའ་ཤས་ཏིང་ངེ་འཛིན་ལ་བརྟེན་ནས་བསམ་གཟུགས་ཐོབ་པ་ན་ཐར་པའི་འདུ་ཤེས་སྐྱེས། དེ་ལས་ཉམས་པའི་ཚེ་སླར་སྐྱེ་བ་ལེན་དགོས་པར་མཐོང་བ་ན་ཐར་པ་མེད་དོ་སྙམ་ཞིང་དེ་ལྟར་སྨྲ་བ་སོགས་སྣ་ཚོགས་ཡོད་ཀྱང༌། སྐྱེ་བ་སྔ་ཕྱི་ངེས་པར་ཡོད་དེ། དེའི་རྒྱུ་མཚན་ཡང༌། ལོ་སྔོན་མ་དང་དེའི་ཡང་སྔོན་མ་སོགས་སྔར་བྱིས་པའི་གནས་སྐབས་ཚུན་གྱི་བསམ་ཚུལ་རྣམས་ད་ལྟའང་དྲན་དུ་ཡོད་པ་འདིས་ད་ལྟ་ལོ་ན་སོན་པའི་གནས་སྐབས་ཀྱི་རིག་པ་འདིའི་རྒྱུན་སྔ་མར་རིག་པ་ཞིག་ཡོད་པ་མངོན་སུམ་གྱིས་གྲུབ་པ་ལྟར། ཚེ་འདིའི་རིག་པའི་ནང་གི་ཐོག་མ་དེའང་རྒྱུ་མེད་ལས་མི་སྐྱེ་ཞིང༌། རྟག་པ་ལས་ཀྱང་མི་སྐྱེ། ཉེར་ལེན་རིགས་མི་མཐུན་པའི་སེམས་མེད་བེམ་པོ་ལས་ཀྱང་མི་སྐྱེ་བས་ཉེར་ལེན་གྱི་རྒྱུ་རིགས་མཐུན་པ་ཞིག་ལས་ངེས་པར་སྐྱེ་དགོས། དེ་འདྲའི་རིགས་མཐུན་ཚུལ་ནི། སེམས་དེ་ཉིད་ཡིད་བློ་གསལ་རིག་གི་ཆ་ཞིག་ཡིན་པས་དེ་དང་འདྲ་བའི་གསལ་རིག་གི་ཆ་ཞིག་སྔོན་དུ་སོང་བ་ཡིན། དེ་འདྲའི་རིག་པ་སྔ་མ་དེ་སྐྱ
ེ་བ་སྔ་མའི་རྟེན་ལ་སྐྱེ་བ་ལས་འོས་མེད། དེ་མིན་འབྱུང་ལུས་ཁོ་ནས་སེམས་ཀྱི་ཉེར་ལེན་བྱེད་ན། ཤི་བའི་ལུས་ལ་སེམས་ཡོད་པར་འགྱུར་བ་དང༌། ལུས་འཕེལ་འགྲིབ་བྱེད་པ་ན། ཤེས་རིག་ངེས་ཅན་དུ་འཕེལ་འགྲིབ་བྱེད་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད།
སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཞེས་པ་སེམས་ཀྱི་ངོ་བོར་འགྱུར་རུང་ཞིག་ལ་ཟེར་བ་སྟེ། འབྱུང་བའི་ལུས་ཀྱིས་སེམས་ཀྱི་འཕེལ་འགྲིབ་ཕྲ་མོའི་ལྷན་ཅིག་བྱེད་པའི་རྐྱེན་ཙམ་བྱེད་པ་ཡོད་ཀྱང༌། དེས་ཉེར་ལེན་གཏན་ནས་བྱེད་མི་སྲིད། དེས་ན། སེམས་མ་ཡིན་པ་ཞིག་སེམས་སུ་འགྱུར་བ་དང༌། སེམས་སེམས་མ་ཡིན་པར་འགྱུར་བ་ནི་གཏན་ནས་མེད། །དེ་ལ་འགའ་ཞིག་གིས་དེ་འགྱུར་བ་ཡོད་པའི་རྒྱུ་མཚན་དུ། ཕྱི་རོལ་གྱི་དངོས་པོའི་འགྱུར་ལྡོག་འགའ་ཞིག་དཔེར་བཀོད་སྲིད་ཀྱང༌། གཟུགས་མེད་པའི་སེམས་ཀྱི་འགྱུར་ལྡོག་བྱེད་ཚུལ་དང༌། གཟུགས་ཅན་གྱི་དངོས་པོའི་འགྱུར་ལྡོག་མི་འདྲ་ཞིང༌། གཟུགས་མེད་ཡིད་བློ་འདི་ནི་དཔེར་ན། ནམ་མཁའ་མ་ཡིན་པ་ཞིག་ནམ་མཁའི་ངོ་བོར་སོང་བ་དང༌། ནམ་མཁའ་ཉིད་ནམ་མཁའ་མ་ཡིན་པའི་ངོ་བོར་འགྱུར་རྒྱུ་མེད་པ་ལྟ་བུ་ཞིག་རེད། དེས་ན་ད་ལྟའི་གཟུགས་ཅན་ལུས་དང༌། གཟུགས་མེད་སེམས་གཉིས་ཀྱི་ནང་ནས་ལུས་ཀྱི་ཉེར་ལེན་ཕ་མའི་ཁུ་ཁྲག་གིས་བྱས་ནས་གྲུབ་པ་ཡིན་ཡང༌། སེམས་ཀྱི་ཉེར་ལེན་ཕ་མའི་སེམས་དེས་ནམ་ཡང་བྱེད་ཐབས་མེད་པ་ནི། དཔེར་ན། ཕ་མ་ཤེས་རབ་ཅན་ཤེས་བྱ་རིག་གནས་ལ་ཇི་ལྟར་མཁས་ཀྱང་བུ་གླེན་ལྐུགས་སྐྱེ་སྲིད་པ་འདི་ཚོས་ཤེས་ཐུབ་པ་ལྟར་ཡིན་པས་ཕ་མའི་ལུས་སེམས་ཀྱི་ཆ་གང་ཡང་བུའི་ཚེ་འདིའི་སེམས་ཀྱི་ངོ་བོར་འགྱུར་བ་མེད། དེས་ན་གནས་ཚུལ་དངོས་ནི། སྐྱེ་བ་སྔ་མ་ནས་ཡོང་བའི་སེམས་དེས་སེམས་ཀྱི་ཉེར་ལེན་དང༌། ད་ལྟའི་ཕ་མའི་ཁུ་ཁྲག་གིས་ལུས་ཀྱི་ཉེར་ལེན་བྱས། དེ་གཉིས་ཀྱི་འབྲེལ་བ་དེ་ཚེ་རབས་སྔ་མའི་ལས་ཤིག་གིས་བསྒྲུབས་ནས་ཚེ་འདིའི་ལུས་སེམས་ཀྱི་འབྲེལ་བ་གྲུབ་པ་རེད། དེའི་དབང་གིས་བྱིས་པ་སྐྱེས་མ་ཐག་པ་དང༌། བེའུ་ལ་སོགས་པ་རྣམས་ཀྱང་སྔར་སྐྱེ་བ་གཞན་དུ་ཟས་ཟ་བ་དང༌། ཆགས་སྡང་སོགས་ལ་གོམས་པའི་སྟོབས་ཀྱིས་སྐྱེས་མ་ཐག་པ་ནས་ཟས་ཟ་བ་དང༌། མའི་ནུ་ཞོ་འཐུང་བ་སོགས་བསླབ་མི་དགོས་པར་དེ་དག་ལ་འཇུག་པའང་ཡིད་ཀྱི་སྟེང་དུ་ སྔ་མའི་བག་ཆགས་ཤིག་ཡོད་པའི་རྐྱེན་གྱིས་ཡིན། སློབ་དཔོན་མ་ཏི་ཙི་ཏྲས། །

བློ་ཡི་མཐུ་སྟོབས་བསལ་བ་མེད་པ་དང༌། །
དབང་པོ་རྣམས་ཀྱང་བླུན་པའི་རང་བཞིན་ཅན། །
བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར། །
ཁ་ཟས་ཟ་བར་རྩོལ་བར་བྱེད་པ་དང༌། །
ནུ་ཟོ་འཐུང་བར་རྩོལ་བར་བྱེད་པ་ཡང༌། །
དེ་དག་ཚེ་རབས་གཞན་ལ་གོམས་པའི་མཐུས། །

ཞེས་གསུངས། སྐྱེ་བ་སྔ་ཕྱི་མངོན་སུམ་གྱིས་མ་མཐོང་བས་མེད་བསམ་པའང་མི་རུང་སྟེ། རང་གིས་མ་མཐོང་བ་ཙམ་གྱིས་མེད་པ་ཡིན་པར་འཇོག་མི་ནུས་ཏེ། དུས་རབས་སྔོན་མའི་མེས་པོ་དག་གིས་མཐོང་ཐོས་མ་བྱུང་བའི་རིག་གསར་གྱི་རྫས་འཕྲུལ་གྱིས་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་གསར་དུ་མཐོང་ཐོས་འབྱུང་བཞིན་པ་འདིས་ཤེས་ཐུབ། དེ་བཞིན་དུ་སྐྱེ་བ་སྔ་ཕྱི་ཡང་ཆོས་ཀྱི་སྟེང་ནས་སྒོམ་སྟོབས་ཀྱིས་ཏིང་ངེ་འཛིན་ གྱི་ཚད་མཐོན་པོར་སླེབས་པ་དང༌། དེ་མིན་ཡང་སྔ་མའི་བག་ཆགས་ཀྱིས་སྐྱེ་བ་སྔ་མའི་གནས་ཚུལ་དྲན་པའི་མི་མང་པོ་ཡོད། སྔར་རྒྱ་གར་དུ་ནང་པའི་མཁས་པ་ཞིག་གིས། རྒྱང་འཕེན་པ་ལ་རྩོད་ཅིང་དེ་ལ་སྐྱེ་བ་སྔ་ཕྱི་ཡོད་པ་མངོན་སུམ་དུ་ཤེས་ཆེད་རྒྱལ་པོ་སོགས་དཔང་དུ་བཙུགས་ནས་གྲོངས་པའི་སྐྱེ་བ་སློབ་དཔོན་ཙ་གོ་མི་ཡིན་པའི་ལོ་རྒྱུས་དང༌། བོད་ལ་ཡང་རང་གི་སྐྱེ་བ་སྔོན་མ་དྲན་ནས་དེའི་དུས་ཀྱི་མི་དང་ཡོ་བྱད་སོགས་ངོ་ཤེས་པ། སྔོན་མའི་གནས་ཚུལ་བརྗོད་པ་སོགས་དུ་མ་བྱུང་བ་རེད། དེས་ན་རང་རེ་ལ་སྐྱེ་བ་ཕྱི་མ་ངེས་པར་ཡོད་པས་དེའི་དོན་ཞིག་ངེས་པར་བསྒྲུབ་དགོས། དེ་སྒྲུབ་ཚུལ་ནི། བློ་བཟང་པོའི་རྒྱུན་གོམས་ནས་སྐྱོན་ཀུན་ཟད་དང༌། ཡོན་ཏན་ཀུན་ལྡན་ཞིག་འབྱུང་བའི་ཐབས་ལ་འབད་དགོས། དེ་འབྱུང་བའི་ཐབས་དེའང་སྐྱེ་བ་སྔ་ཕྱི་རྒྱུན་བསྟུད་ནས་ལམ་བཟང་པོ་ལ་གོམས་པར་བྱེད་པའམ། ཡང་ན་ཐབས་ཟབ་མོ་ཞིག་ལ་བརྟེན་ནས་ཚེ་འདི་རང་ལའང་འཁོར་བར་སྐྱེ་འཆི་བྱེད་མི་དགོས་པའི་འཁོར་བའི་རྒྱུན་གཅོད་ནུས་པ་ཞིག་བྱ་དགོས་སོ། །


༢) གཞི་བདེན་པ་གཉིས་ཀྱི་ངོས་འཛིན།

༈ དེ་ལའང༌། གཞི་བདེན་པ་གཉིས་གཏན་ལ་འབེབས། ལམ་ཐབས་ཤེས་གཉིས་ཉམས་སུ་ལེན། དེ་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཐོབ་ཚུལ་གྱི་རྣམ་གཞག་ཤེས་དགོས། དེ་ལ་དང་པོ་གཏན་ལ་དབབ་བྱའི་གཞི་བདེན་གཉིས་ཀྱི་རྣམ་གཞག་དེ་ཇི་འདྲ་ཡིན་ཞེ་ན། ཡབ་སྲས་མཇལ་བའི་མདོ་ལས། —

འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །
བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །
གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །
བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །

ཞེས་དང༌། དེ་བཞིན་ནཱ་གཱརྫུ་ནའི་བསུང་མཱུ་ལ་པྲཛྙཱ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས། དབྱེ་གཞི་ཤེས་བྱ་ལ་བྱས་ཏེ། དེར་དབྱེ་ན་ཀུན་རྫོབ་བདེན་པ་དང༌། དོན་དམ་པའི་བདེན་པ་གཉིས་ཡོད་ཅིང༌། གཞི་དེ་དོན་དམ་བདེན་པ་ཡིན་པར་ཡོངས་སུ་གྲུབ་ན། ཀུན་རྫོབ་བདེན་པ་ཡིན་པ་རྣམ་བཅད་ལ་ཁེགས་པ་དང༌། དེ་བཞིན་དུ་ཀུན་རྫོབ་ལ་སྦྱར་ནའང་དེ་ལྟར་ཡིན་པས་བདེན་པ་གཉིས་པོ་དེ་ཕན་ཚུན་སྤངས་པའི་འགལ་བ་ཡིན། བདེན་གཉིས་གང་རུང་གཅིག་མེད་ནའང་ཤེས་བྱ་ཐམས་ཅད་དེར་མི་འདུ་ཞིང༌། དེ་གཉིས་གང་ཡང་མ་ཡིན་པའི་བདེན་པ་གསུམ་པ་སོགས་ཀྱང་མེད་པས་གྲངས་ངེས་ཚུལ་དེ་ཕུང་པོ་གསུམ་པ་སེལ་བའི་གྲངས་ངེས་ཡིན། བདེན་པ་གཉིས་པོ་དེ་ངོ་བོ་ཙམ་ཡང་མི་གཅིག་པའི་ཐ་དད་ཡིན་ན་སྐྱོན་བཞི་ཡོད་དེ། གཟུགས་བདེན་པར་མེད་པ་གཟུགས་ཀྱི་གནས་ལུགས་མིན་པར་འགྱུར་བའི་སྐྱོན། གཟུགས་བདེན་པ་མིན་པ་རྟོགས་ཀྱང་དེའི་མཚན་འཛིན་ཟིལ་གྱིས་མི་གནོན་པར་འགྱུར་བའི་སྐྱོན། རྣལ་འབྱོར་པས་ལམ་གོང་མ་སྒོམ་པ་དོན་མེད་པར་འགྱུར་བའི་སྐྱོན། སངས་རྒྱས་ཀྱིས་ཀྱང་མཚན་འཛིན་གྱི་འཆིང་བ་དང་གནས་ངན་ལེན་གྱི་དྲི་མ་མཐའ་དག་མ་སྤངས་པར་འགྱུར་བའི་སྐྱོན་བཅས་ཡོད། དེ་གཉིས་ལྡོག་པ་ཙམ་ཡང་སོ་སོར་འབྱེད་རྒྱུ་མེད་པའི་གཅིག་ཡིན་ན། ཀུན་རྫོབ་འཁྲུལ་བའི་རང་བཞིན་ལས་ཉོན་གཉིས་སྤོང་བ་བཞིན་དུ་དོན་དམ་ཆོས་ཉིད་ཀྱང་སྤོང་བར་འགྱུར་བའི་སྐྱོན་དང༌། ཀུན་རྫོབ་ལྟར་དོན་དམ་ལའང་མི་འདྲ་བའི་རྣམ་པ་དུ་མ་ཡོད་པར་འགྱུར་བའི་སྐྱོན་དང་།་སོ་སོ་སྐྱེ་བོས་ཀྱང་དོན་དམ་པ་མངོན་སུམ་དུ་རྟོགས་ནུས་པར་འགྱུར་བའི་སྐྱོན། སོ་སྐྱེ་ཡིན་བཞིན་དུ་སྒྲིབ་པ་ཐམས་ཅད་སྤངས་པ་དང༌། སངས་རྒྱས་པར་ཐལ་བའི་སྐྱོན་བཅས་ཡོད་པས་བདེན་པ་གཉིས་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན། དོན་དམ་ལ་དཔྱོད་པའི་རིགས་ཤེས་ཀྱི་བློའི་དངོས་ཀྱི་རྙེད་དོན་ནི་དོན་དམ་བདེན་པ་དང༌། འཇིག་རྟེན་པའི་བརྡའམ་ཐ་སྙད་པ་ལ་འཇུག་པའི་བློ་ནི་ཐ་སྙད་པའི་བློའམ་བློ་ཐ་སྙད་པ་ཡིན་ལ། དོན་དམ་པ་ཞེས་པ་སཾསྐྲྀ་ཏའི་སྐད་ལ་པཱ་ར་མཱརྠ་སཏྱ་ཞེས་ཡོད། པཱ་རམ་ནི་དམ་པ་དང༌། མཆོག་སོགས་ལ་འཇུག། ཨརྠ་ཞེས་པ་དོན་ལ་འཇུག། སཏྱ་ཞེས་པ་བདེན་པ་དང་རྟག་པ་སོགས་ལ་འཇུག་པ་ལས་སྐབས་འདིར་དོན་ཞེས་པ་རང་དོན་གཞན་དོན་ཟེར་བ་ལྟ་བུའི་དགོས་དོན་ལ་མི་བྱེད་པར་ཡེ་ཤེས་དམ་པའི་བློས་ཤེས་པར་བྱ་བའི་དོན་དང༌། བརྟག་པར་བྱ་བའི་དོན་དང༌། རྙེད་པའི་དོན་ཡིན་པས་དོན་དང༌། དེ་འདྲའི་དོན་ཡང་ཡིན་ལ་དོན་གྱི་མཆོག་དང་དམ་པ་ཡང་ཡིན་པས་ན་དོན་དམ་པ་དང༌། ཀུན་རྫོབ་རྫུན་པ་ལྟར་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་མ་ཡིན་པར་སྣང་ཚུལ་དང་གནས་ཚུལ་མཐུན་པར་གནས་པས་ན་བདེན་པ་སྟེ་དོན་དམ་པའི་བདེན་པ་ཞེས་ཟེར་བ་ཡིན།

དོན་དམ་བདེན་པ་ལ་དབྱེ་ན། སློབ་དཔོན་ཙནྡྲ་ཀཱི་རྟིས། —

བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །
ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །
དེ་ཕྱིར་སྟོན་པས་སླར་ཡང་འདི་ཉིད་ནི། །
གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུངས། །

སྤྲོས་དང་བཅས་པར་སྟོང་པ་ཉིད། །
བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །
སླར་ཡང་བཞིར་བཤད་དེ་དག་ནི། །
ཐེག་ཆེན་དུ་ཡང་བཞེད་པ་ཡིན། །

ཞེས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་དང༌། དེ་དག་ལ་ཡང་རྒྱས་པར་ཕྱེ་ན་དངོས་པོ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་དེ་སྟོང་ཉིད་བཞི་དང༌། ནང་སྟོང་པ་ཉིད་སོགས་བཅུ་དྲུག་དང༌། སྟོང་པ་ཉིད་བཅོ་བརྒྱད་དང༌། སྟོང་པ་ཉིད་ཉི་ཤུ་སོགས་ཡོད། ཀུན་རྫོབ་ཀྱི་བདེན་པ་ནི་སྟོང་པ་ཉིད་མ་ཡིན་པའི་ཇི་སྙེད་པའི་ཆོས་མཐའ་དག་ལ་ཟེར་བ་ཡིན། དེ་ལ་ཡང་དབྱེ་བ་རྒྱས་པར་ཕྱེ་ན། བ་སུ་བནྡྷུས་མཛད་པའི་ཨབྷི་དྷརྨ་ཀོཥ་ལས། —

སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །
ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །

ཞེས་ཕུང་པོ་ལྔ༌དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་སོགས་ཡོད་ལ། ཕུང་པོ་ལྔའི་ནང་གི་དང་པོ་གཟུགས་ཕུང་ལ། མིག་དབང་སོགས་ནང་གི་དབང་པོ་གཟུགས་ཅན་པ་ལྔ་དང་། ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་བཅུ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ནི་གཟུགས་ཀྱི་ཕུང་པོ་ཡིན། གཉིས་པ་ཚོར་བའི་ཕུང་པོ་ནི། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ། གསུམ་པ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་བཅས་དང་རྟོག་མེད་ཀྱི་འདུ་ཤེས་གཉིས། དེ་རེ་རེ་ལའང་ཆུང་ངུ་དང༌། རྒྱ་ཆེན་པོ་དང༌། ཚད་མེད་པ་དང་གསུམ་རེ་ཡོད། བཞི་པ་འདུ་བྱེད་ཀྱི་ཕུང་པོ་ལ། མཚུངས་ལྡན་འདུ་བྱེད་ཀྱི་ཕུང་པོ་ནི། ཚོར་བ་དང་འདུ་ཤེས་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང༌། མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་ནི་ལྡན་མིན་འདུ་བྱེད་བཅུ་བཞི་ལ་སོགས་པ་ཡིན། ལྔ་པ་རྣམ་ཤེས་ཀྱི་ཕུང་པོ་ནི། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་ལ་བྱེད།

གཉིས་པ་སྐྱེ་མཆེད་བཅུ་གཉིས་ལ་ནང་གི་སྐྱེ་མཆེད་དྲུག་ནི། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ་དང་དྲུག ཕྱིའི་སྐྱེ་མཆེད་དྲུག་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་དང་དྲུག་ཡིན། མིག་གི་དབང་པོ་དང་མིག་གི་སྐྱེ་མཆེད་དོན་གཅིག གཟུགས་ཕུང་དང་གཟུགས་གཉིས་དོན་གཅིག་ཀྱང༌། གཟུགས་ཀྱི་སྐྱེ་མཆེད་དང་གཟུགས་གཉིས་དོན་མི་གཅིག གཟུགས་ཀྱི་སྐྱེ་མཆེད་ནི། མིག་ཤེས་ཀྱི་བཟུང་བྱ་ཁོ་ན་སྟེ་ཁ་དོག་དང་དབྱིབས་ལྟ་བུ། སྒྲ་དང་སྒྲའི་སྐྱེ་མཆེད་དང༌། རྣ་ཤེས་ཀྱི་མཉན་བྱ་གསུམ་དོན་གཅིག་ཡིན་ལ། དེ་བཞིན་དྲི་དང༌། རོ་དང༌། རེག་བྱ་ལ་ཡང་འདྲ། ཕྱི་ནང་གི་སྐྱེ་མཆེད་དང་པོ་ལྔ་ནི་སྐྱེ་མཆེད་གཟུགས་ཅན་པ་ཡིན། སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་པས་མིག་གི་རྣམ་པར་ཤེས་པ་སོགས་གཙོ་སེམས་གང་ཡིན་ཐམས་ཅད་ཡིད་ཀྱི་སྐྱེ་མཆེད་ཡིིན། ནམ་མཁའ་དང་སྟོང་ཉིད་སོགས་འདུས་མ་བྱས་ཀྱི་ཆོས་རྣམས་ཆོས་ཀྱི་སྐྱེ་མཆེད་ཡིན།

ཁམས་བཅོ་བརྒྱད་ནི་མིག་སོགས་རྟེན་དབང་པོའི་ཁམས་དྲུག མིག་གི་རྣམ་པར་ཤེས་པ་སོགས་བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག གཟུགས་སྒྲ་སོགས་དམིགས་པ་ཡུལ་གྱི་ཁམས་དྲུག་དང་བཅོ་བརྒྱད་ཡོད། མདོར་ན་འདས་བྱས་ཐམས་ཅད་ཕུང་པོ་ལྔའི་ནང་དུ་འདུས། ཤེས་བྱ་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་ཀྱི་ནང་དུ་འདུ་ཤིང་། ཁམས་བཅོ་བརྒྱད་ཀྱི་ནང་དུ་ཡང་འདུ་བས་བདེན་གཉིས་ཀྱི་ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱི་ནང་དུ་འདུ། ཁམས་ཀྱི་དབྱེ་བ་རྒྱས་པར་ཕྱེ་ན་དྲུག་ཅུ་རེ་གཉིས་སོགས་ཡོད། མདོར་ན་དེ་དག་གི་ངོ་བོ་དང༌། བྱེད་ལས། དབྱེ་བ་དང༌། སྤང་བྱ་ཡིན་མིན་སོགས་ཀྱི་ཁྱད་པར་རྣམས་ཤེས་པར་བྱ་དགོས་པས་དེ་ལྟ་བུའི་མཁས་བྱའི་དངོས་པོ་དྲུག་ལ་མཁས་པར་བྱས་ནས་བླང་དོར་གྱི་གནས་རྣམས་ཤེས་པར་བྱས་ཏེ་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་བྲལ་བའི་ཐར་པའི་བདེ་བ་ཐོབ་པར་བྱེད་དགོས།


༣) སངས་རྒྱས་ཀྱི་གསུང་རབ་རྣམས་སྡེ་སྣོད་གསུམ་དུ་འདུ་ཚུལ་དང་སྡེ་སྣོད་གསུམ་འཇོག་པའི་རྒྱུ་མཚན།

དེ་ཡང་རང་རྒྱུད་ལ་ཡོད་པའི་སེམས་དང༌། སེམས་བྱུང་རྣམས་ཉོན་མོངས་པའི་དབང་དུ་སོང་བ་ལ་བརྟེན་ནས་འཁོར་བར་སྡུག་བསྔལ་གྱི་འཁོར་ལོ་རྒྱུན་མི་ཆད་དུ་མྱོང་ཞིང་འཁོར་བ་དང༌། དེ་སྤངས་ན་ཐར་པ་ཐོབ་པ་ཡིན་པས་གཙོ་བོ་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་པ་འདུལ་དགོས། དེ་འདུལ་བའི་ཐབས་སུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད།

དེ་དག་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་དག་ཀྱང་མདོར་བསྡུས་ན་སྡེ་སྣོད་གསུམ་ཞེས་མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་གྱི་ནང་དུ་འདུ། དེ་ལྟར་སྡེ་སྣོད་གསུམ་འཇོག་པའི་རྒྱུ་མཚན་ལའང༌། ཨཱརྱ་མཻ་ཏྲིས་མཛད་པའི་སཱུ་ཏྲ་ཨཱལཾ་ཀཱ་ར་ལས། —

སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །
བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །

ཞེས་སྤང་བྱ་ལ་བལྟོས་པའི་རྒྱུ་མཚན་གསུམ། བསླབ་པ་ལ་བལྟོས་པའི་རྒྱུ་མཚན་གསུམ། ཤེས་བྱ་ལ་བལྟོས་པའི་རྒྱུ་མཚན་གསུམ་སྟེ་དགུ་ཡོད། དེའི་དང་པོ་གསུམ་ནི་ཐེ་ཚོམ་ཉེ་བའི་ཉོན་མོངས་པ་དང་གཉིས། རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན། དང་པོའི་གཉེན་པོར་མདོ་སྡེའི་སྡེ་སྣོད། གཉིས་པའི་གཉེན་པོར་འདུལ་བའི་སྡེ་སྣོད། གསུམ་པའི་གཉེན་པོར་མངོན་པའི་སྡེ་སྣོད་གསུམ་གསུངས་པ། དེ་ཡང་མདོ་སྡེའི་སྡེ་སྣོད་ཀྱི་སྐབས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་འབྲེལ་དང༌། བདེན་པ་བཞི་དང་ས་དང་ཕ་རོལ་ཏུ་ཕྱིན་པ་སོགས་གཙོ་བོ་ཏིང་ངེ་འཛིན་གྱི་བསླབ་པའི་སྐོར་ལེགས་པར་གཏན་ལ་ཕབ་སྟེ་རང་དང་སྤྱིའི་མཚན་ཉིད་ཀྱི་ཤེས་བྱའི་གནས་དེ་དག་ལ་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་སེལ་བར་བྱེད་པས་མདོ་སྡེའི་སྡེ་སྣོད་དེ་ཐེ་ཚོམ་ཉེ་བའི་ཉོན་མོངས་ཀྱི་གཉེན་པོར་གསུངས། འདུལ་བའི་སྡེ་སྣོད་སྐབས་མི་ཚངས་པར་སྤྱོད་པ་སོགས་དང༌། ཟས་གོས་གནས་མལ་བཟང་པོ་སོགས་ཕྱི་དང་ནང་གི་འདོད་པ་ལ་ཆགས་པ་སོགས་ཁ་ན་མ་ཐོ་བའི་ཉེས་སྐྱོན་ཐམས་ཅད་ལ་འཇུག་པ་བཀག་པས་འདོད་པ་བསོད་སྙོམས་ཀྱི་མཐའ་དང།

ཡང་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་ཅིང་རྙེད་པ་སོགས་དཀའ་ཚེགས་དག་འབད་རྩོལ་གྱིས་བསྒྲུབ་མི་དགོས་པ་དང༌། དེ་ལ་ལོངས་སྤྱོད་པའི་ཚེ་ཆགས་ཞེན་དྲག་པོ་འགོག་ནུས་པའི་གཉེན་པོ་དང་ལྡན་པ་རྣམས་ལ་གོས་དང། ཁ་ཟས་དང༌། ཁང་པ་སོགས་ཤིན་ཏུ་བཟང་པོར་ཡང་ལོངས་སྤྱོད་པར་གནང་བས་ན། བདག་ཉིད་ངལ་ཞིང་དུབ་པ་ལ་སྦྱོར་བའི་མཐའ་གཉིས་ཀྱི་གཉེན་པོ་བསྟན་པས་འདུལ་བའི་སྡེ་སྣོད་དེ་སྤྱོད་ཕྱོགས་ཀྱི་མཐའ་གཉིས་ལ་སྦྱོར་བའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་གསུངས་ལ། དེའི་དོན་དྲིལ་ན། ཟས་གོས་གནས་མལ་བཟང་པོ་ལ་ལོངས་སུ་སྤྱད་ཀྱང་ཆགས་པ་དང༌། རྒྱགས་པ་སོགས་ཉོན་མོངས་པ་མི་སྐྱེད་ན་ཁ་ན་མ་ཐོ་བ་མེད་པར་སྤྱོད་པ་ཡིན་པས་སངས་རྒྱས་ཀྱིས་གནང་བ་ཡིན་ལ། གལ་ཏེ་ཟས་ངན་ངོན་དང་གོས་ཕྱག་དར་ཁྲོད་པ་ལྟ་བུ་ལོངས་སྤྱད་ཀྱང༌། དེ་ལ་ཆགས་པ་སོགས་འཕེལ་ན་ཁ་ན་མ་ཐོ་མ་དང་བཅས་པར་སྤྱོད་པ་ཡིན་པས་དེ་ལྟ་བུ་སངས་རྒྱས་ཀྱི་གནང་བ་མེད་པས་བཀག་གི་གཙོ་བོ་འདོད་ཆགས་སོགས་ནང་གི་ཉོན་མོངས་འཕེལ་མི་འཕེལ་ཙམ་ལས་ཕྱིའི་དངོས་པོ་གཙོ་ཆེ་བ་མ་ཡིན། མངོན་པའི་སྡེ་སྣོད་ཀྱི་སྐབས། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང༌། མི་རྟག་པ་དང༌། སྡུག་བསྔལ་དང༌། བདག་མེད་སོགས་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གསལ་བར་གཏན་ལ་ཕབ་པ་དེ་ལ་ཐོས་བསམ་གྱིས་ཞུགས་ན་གཙང་བདེ་རྟག་བདག་ཏུ་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་བཤད་པ་ཡིན།

རྒྱུ་མཚན་བར་པ་གསུམ་ནི། བསླབ་པ་གསུམ་བརྗོད་བྱར་བྱས་པའི་ཆ་ནས་མདོ་སྡེའི་སྡེ་སྣོད། ཚུལ་ཁྲིམས་དང་གཏིང་ངེ་འཛིན་གྱི་བསླབ་པ་གཉིས་བསྒྲུབ་པའི་ཕྱིར་དུ་མངོན་པའི་སྡེ་སྣོད་དེ་རྒྱུ་མཚན་དེ་གསུམ་ལ་བརྟེན་ནས་སྡེ་སྣོད་གསུམ་བཞག
དེ་ཡང་མདོ་སྡེའི་སྡེ་སྣོད་ཀྱིས་བསླབ་པ་གསུམ་བརྗོད་བྱར་བྱེད་ཚུལ་ནི། དེས་ཐེག་དམན་གྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་སོ་སོར་ཐར་པའི་སྡོམ་པས་རྒྱུད་བསྡམས་པ་དང༌། སྤྱོད་ཡུལ་དང་ཆོ་ག་ཡོངས་སུ་དག་པ་དང༌། ཁ་ན་མ་ཐོ་བ་ཕྲ་མོ་ཙམ་ལའང་འཇིགས་པར་བལྟ་བའི་ཚུལ་ཁྲིམས་དང༌། ཐེག་དམན་གྱི་དབང་དུ་བྱས་པའི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གི་ཏིང་ངེ་འཛིན་དང༌། ཐེག་དམན་གྱི་དབང་དུ་བྱས་པའི་བདེན་བཞི་ཇི་ལྟ་བ་བཞིན་དུ་ཤེས་པའི་ལྷག་མཐོང་ཤེས་རབ་ཀྱི་བསླབ་པ་རྣམས་དང༌། ཐེག་ཆེན་གྱི་དབང་དུ་བྱས་པའི་ཉེས་སྤྱོད་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་དང༌། ནམ་མཁའ་མཛོད་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང༌། དོན་དམ་པའི་གནས་ལུགས་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་བསླབ་པ་སྟེ་ཐེག་པ་གོང་འོག་གི་བསླབ་པ་གསུམ་ག་བརྗོད་བྱར་བྱས་ཏེ་བཤད། འདུལ་བའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་བསླབ་པ་གཉིས་སྒྲུབ་ཚུལ་ནི། དེས་བླང་དོར་འཇུག་ལྡོག་གི་གནས་ཕྱི་ཅི་མ་ལོག་པར་སྟོན་པས་དངོས་སུ་ཚུལ་ཁྲིམས་དག་པར་བྱེད་ཅིང༌། དེ་ལྟར་ཚུལ་ཁྲིམས་དག་ན་སེམས་ལ་གདུང་བ་དང་འགྱོད་པ་མེད་པར་འགྱུར་ལ། དེ་མེད་ན་ལུས་བག་ཡངས་པའམ་ཤིན་ཏུ་སྦྱངས་པ་ཐོབ་ལ། དེ་ལ་བརྟེན་ནས་སེམས་ཀྱི་དགའ་བདེ་འཕེལ་ཞིང༌། དེའི་མཐུས་སེམས་རྩེ་གཅིག་ཏུ་གནས་པར་འགྱུར་བས་ན་འདུལ་བའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གཉིས་སྒྲུབ་པར་བྱེད། མངོན་པའི་སྡེ་སྣོད་ཀྱིས་ཤེས་རབ་ཀྱི་བསླབ་པ་སྒྲུབ་ཚུལ་ནི། དེས་ཆོས་རྣམས་ཀྱི་མཚན་ཉིད་ལེགས་པར་ཕྱེ་ནས་གཏན་ལ་ཕབ་པའི་མཐུས། དེ་ལ་ཐོས་པ་བྱས་པས་ཆོས་རྣམས་ཀྱི་མཚན་ཉིད་མ་ནོར་བ་རིག་པའི་ཤེས་རབ་སྐྱེད་པར་བྱེད་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྒྲུབ་པར་བྱེད་ཅིང་མངོན་སུམ་དུ་འཐོབ་པར་བྱེད་པ་ཡིན།

རྒྱུ་མཚན་ཐ་མ་གསུམ་ནི། ཆོས་དང་དོན་བཤད་པའི་ཕྱིར་དུ་མདོ་སྡེ་དང༌། ཆོས་དང་དོན་སྒྲུབ་པར་བྱེད་པའི་ཆ་ནས་འདུལ་བ་དང༌། ཆོས་དང་དོན་འབྲེལ་བའི་གཏམ་ལ་མཁས་པར་བྱེད་པའི་ཕྱིར་མངོན་པ་སྟེ། དེ་ཡང་མདོ་སྡེས་ཆོས་དང་དོན་བཤད་ཚུལ་ནི། མིང་ཚིག་ཡི་གེའི་ཆོས་དང༌། དེའི་བརྗོད་བྱ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་དོན་དང༌། ཡང་ན་ཕུང་ཁམས་ལ་སོགས་པའི་ཆོས་དང༌། དགོངས་ལྡེམ་དགོངས་བརྒྱད་ཀྱི་དོན་དང༌། ཡང་ན་མཐོ་རིས་འཐོབ་པར་བྱེད་པའི་ལམ་དགེ་བ་བཅུའི་ཆོས་དང༌། ངེས་ལེགས་ཀྱི་ཡོན་ཏན་འཐོབ་པར་བྱེད་པའི་ལམ་བྱང་ཕྱོགས་སོ་བདུན་གྱི་དོན་རྣམས་རྒྱས་པར་འཆད་པའི་སྒོ་ནས་ཚིག་དོན་ལ་འབྱོང་བར་བྱེད།

འདུལ་བའི་སྡེ་སྣོད་ཀྱིས་ཆོས་དང་དོན་སྒྲུབ་ཚུལ་ནི། ཚུལ་ཁྲིམས་རྣམ་པར་དག་པ་ལ་སྦྱོར་བ་དང༌། མི་གཙང་བ་སྒོམ་པ་ལ་སོགས་པ་བསྟན་པའི་སྒོ་ནས་ཉོན་མོངས་པ་འདུལ་ཞིང་དེའི་མཐུ་ལས་སྔར་སྨོས་པའི་ཆོས་དང་དོན་རྣམས་ཤེས་པ་དང༌། རྒྱུད་ལ་མངོན་དུ་གྱུར་པའི་སྒོ་ནས་རྟོགས་པར་འགྱུར་བས་ན་ཆོས་དང་དོན་སྒྲུབ་པར་བྱེད། མངོན་པའི་སྡེ་སྣོད་ཀྱིས་ཆོས་དང་དོན་འབྲེལ་བའི་གཏམ་ལ་མཁས་པར་འགྱུར་བ་ཡིན།

དེ་འདྲ་བའི་རྒྱུ་མཚན་དགུའི་སྒོ་ནས་ཐེག་པ་གསུམ་གྱི་ཉམས་ལེན་ཐབས་ཤེས་ཀྱི་གནད་སྟོན་པའི་རྒྱལ་བའི་གསུང་རབ་ཐམས་ཅད་སྡེ་སྣོད་གསུམ་དུ་བསྡུས་པ་ཡིན། སྡེ་སྣོད་གསུམ་གྱི་བརྗོད་བྱ་ཐམས་ཅད་ཚུར་བསྡུས་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་དང༌། ཤེས་རབ་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་དངོས་དང་ཡན་ལག་ཅི་རིགས་པར་འདུ་ཞིང༌། དེ་ཡང་སངས་རྒྱས་ཀྱིས་གསུངས་པའི་ཚུལ་ཁྲིམས་ཀྱིས་དངོས་བརྒྱུད་གཉིས་ནས་རང་གཞན་ཐམས་ཅད་ལ་ཕན་པར་འགྱུར་བས་ལྷག་ཅིང༌། བསྟན་པ་འདི་ལས་གཞན་མུ་སྟེགས་པ་སོགས་ཀྱིས་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་དང༌། ཚུལ་ཁྲིམས་ཀྱིས་ནི་དངོས་དང་བརྒྱུད་ནས་རང་དང་གཞན་གདུང་བར་འགྱུར་བས་དམན་ལ། དེ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པའི་ཏིང་ངེ་འཛིན་ནི་ཉོན་མོངས་པ་དང༌། རྣམ་རྟོག་གི་གཉེན་པོར་འགྲོ་བས་མཐོང་བའི་ཆོས་ལ་བདེ་བ་ཙམ་དུ་མ་ཟད་ཚེ་རབས་གཞན་དང་གཞན་དུའང་བདེ་བར་བྱེད་ཅིང༌། ཐར་པའི་བདེ་བ་ལ་ཡང་འཐོབ་པར་བྱེད་པས་ལྷག་ལ། ཕྱི་རོལ་པ་སོགས་ཀྱི་ཏིང་ངེ་འཛིན་ནི་སེམས་ཕྱི་རོལ་དུ་གཡེངས་པ་ལས་ལྡོག་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། འབྲས་བུ་ཇི་ཙམ་བཟང་ཡང་གཟུགས་དང་གཟུགས་མེད་ཀྱི་ལྷའི་གནས་སུ་སྐྱེ་བར་བྱེད་ནུས་པ་ཙམ་ལས་མེད་ཅིང༌། ཉོན་མོངས་དང་རྣམ་རྟོག་གི་གཉེན་པོར་མི་འགྲོ་བས་དམན་པ་དང༌། སངས་རྒྱས་ཀྱི་གསུང་རབ་ནས་བཤད་པའི་ཤེས་རབ་ཀྱིས་ནི་དངོས་སམ་བརྒྱུད་པས་བདག་གཉིས་སུ་འཛིན་པའི་སྒྲིབ་པ་མཐའ་དག་སེལ་བར་བྱེད་ནུས་པས་ལྷག་ལ། ཕྱི་རོལ་པ་སོགས་ཀྱིས་བཤད་པའི་ཤེས་རབ་ཀྱིས་ནི་གནས་ལུགས་མཐོང་བའི་སྒོ་ནས་འཁོར་བའི་རྩ་བ་གཅོད་མི་ནུས་པས་དམན་པ་སྟེ། རྒྱུ་མཚན་དེ་དག་ལ་བརྟེན་ནས་སངས་རྒྱས་ཀྱིས་གསུངས་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ནི་གཞན་ལས་ལྷག་པ་ཡིན་པས་ལྷག་པའི་བསླབ་པ་གསུམ་ཞེས་ཟེར་བ་ཡིན་ནོ།།


༤) སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་གྱི་དང་པོ་ཚུལ་ལ་ཁྲིམས་ཀྱི་བསླབ་པའི་སྐོར།

འོ་ན་ལྷག་པའི་བསླབ་པ་གསུམ་པོ་དེ་ཇི་འདྲ་ཞིག་ཡིན་སྙམ་ན། དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཞིང་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་གྱི་སྙིང་པོ་བསྡུས་པ་ཞིག་ཡིན། ནཱ་གཱརྫུ་ནས་མཛད་པའི་སུ་ཧྲི་ད་ལེ་ཁ་ལས། —–

ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །
ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །

ཞེས་གསུངས། དེ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གཞིར་བྱས་པའི་ཚུལ་ཁྲིམས་ཀྱི་རྣམ་གྲངས་མང་པོ་ཡོད་པ་བསྡུ་ན། སོ་ཐར་གྱི་ཚུལ་ཁྲིམས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། གསང་སྔགས་ཀྱི་ཚུལ་ཁྲིམས་གསུམ་གྱི་ནང་དུ་འདུས་པ་རེད། དེ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་པ་ནི་མི་དགེ་བ་བཅུ་སྤོང་བའི་ཁྲིམས་ཤིག་ལ་ཟེར་ཞིང༌། ཨཱཙཱརྱ་བ་སུབ་ནྔྷུས་མཛད་པའི་ཨབྷིདྷརྨ་ཀོ་ཥ་ལས། —–

དེ་ལས་ཆེ་ལོང་བསྡུས་ནས་ནི། །
དགེ་དང་མི་དགེ་ཅི་རིགས་པར། །
ལས་ཀྱི་ལམ་ནི་བཅུར་གསུངས་སོ། །

ཞེས་གསུངས། མི་དགེ་བ་བཅུ་ནི། ལུས་ཀྱི་སྒོ་ནས་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ། ངག་གི་སྒོ་ནས་རྫུནསྤྱ ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་བཅས་སྒོ་གསུམ་གྱི་ལམ་ནས་བྱས་ཤིང་བསགས་པའི་ལས་ལམ་བཅུ་ཡོད། །

སྲོག་གཅོད་ནི། ཡན་ལག་ལྔ་དང་ལྡན་པ་སྟེ་གཞི་རང་ལས་རྒྱུད་ཐ་དད་པའི་སེམས་ཅན། བསམ་པ་དེར་འདུ་ཤེས་ཤིང་མ་འཁྲུལ་བ། སྦྱོར་བ་དུག་མཚོན་རིག་སྔགས་སོགས་ཀྱིས་རང་གིས་གསོད་པའམ་གཞན་ལ་གསོད་དུ་འཇུག་པ། ཉོན་མོངས་ནི་འདོད་ཆགས། ཞེ་སྡང༌། གཏི་མུག་གསུམ་སྤྱི་དང༌། ཁྱད་པར་ཞེ་སྡང༌། མཐར་ཐུག་ནི་གསད་བྱ་དེ་རང་ཉིད་མ་ཤི་བའི་སྔོན་དུ་ཤི་བ། དེ་ལྔས་ནི་སྲོག་གཅོད་ཀྱི་ལས་ལམ་རྫོགས་ལ། ཡན་ལག་ཅི་རིགས་མ་ཚང་ན་ཉེས་པ་འབྱུང་ཡང་ལས་ལམ་མ་རྫོགས་པ་སྟེ་འདི་ཉིད་འོག་མ་རྣམས་ལའང་ཤེས་དགོས། འདི་ལ་དབྱེ་ན། ཤ་ལ་སྲེད་པ་ལྟ་བུ་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། འཁོན་ཞུགས་པ་ལྟ་བུ་ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང༌། ཕྱུགས་ཀྱི་མཆོད་སྦྱིན་ལྟ་བུ་གཏི་མུག་གི་སྒོ་ནས་སྲོག་གཅོད་པ་སྟེ་གསུམ། སྲོག་གཅོད་ཀྱི་ནང་ནས་ཀྱང་དགྲ་བཅོམ་པ་དང༌། རང་གི་བླ་མ་དང༌། ཕ་མ། དགེ་སྦྱོང༌། བྲམ་ཟེ་སོགས་ཀྱི་སྲོག་གཅོད་པ་ལྟ་བུ་སྡིག་པ་ཤིན་ཏུ་ཆེ། །

མ་བྱིན་ལེན་ནི། གཞི་གཞན་གྱིས་བདག་གིར་བཟུང་བའི་རྫས་དང༌། དཀོན་མཆོག་ལ་བསྔོས་པའི་ཡོ་བྱད་སོགས་དང༌། བསམ་པ་གཡོ་སྒྱུའི་སེམས་དང་མཐུ་དང་འཇབ་བུས་ལེན་པར་འདོད་པའི་ཀུན་སློང༌། སྦྱོར་བ་རང་ངམ་གཞན་ལ་བྱེད་དུ་འཇུག་པ། ཉོན་མོངས་དུག་གསུམ་སྤྱི་དང༌། ཁྱད་པར་འདོད་ཆགས། མཐར་ཐུག་ནི་རྫས་དེ་དག་གནས་ནས་སྤོས་སམ་མ་སྤོས་ཀྱང་རང་ལ་ཐོབ་བློ་སྐྱེས་པ། འདི་ལ་དབྱེ་ན་ཉེས་མེད་བཙན་འཕྲོག་ལྟ་བུ་མཐུའི་སྒོ་ནས་བརྐུས་པ། ཁང་པ་འབུགས་པ་ལྟ་བུ་འཇབ་བུའི་སྒོ་ནས་བརྐུས་པ། བྲེ་སྲང་ལོག་པ་འཛུགས་པ་ལྟ་བུ་གཡོ་སྒྱུའི་སྒོ་ནས་མ་བྱིན་པར་ལེན་པ་སྟེ་གསུམ་ཡོད། མ་བྱིན་ལེན་གྱི་ནང་ནས་དཀོན་མཆོག་གི་རྫས་རྐུ་བ་སྡིག་པ་ཤིན་ཏུ་ཆེ། །

ལོག་གཡེམ་ནི། གཞི་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང༌། བདུན་བརྒྱུད་ཚུན་གྱི་ཉེ་དུ། ཚུལ་ཁྲིམས་སྲུང་བའི་དགེ་སློང་མ་སོགས་བགྲོད་བྱ་མ་ཡིན་པ། རང་གི་ཆུང་མ་ཡིན་ཡང་དཀོན་མཆོག་གི་རྟེན་དྲུང་སོགས་གནས་མ་ཡིན་པ། མངལ་སྒོ་མ་གཏོགས་པའི་ལམ་གཞན་ཏེ་ལམ་མ་ཡིན་པ། གསོ་སྦྱོང་ལ་གནས་པ་དང༌། སྦྲུམ་མ་ཟླ་མཚན་ལྡན་དུས་དང༌། ཉིན་མོ་སོགས་དུས་མ་ཡིན་པ་རྣམས་དང༌། བསམ་པ་བགྲོད་འདོད་ཀྱི་ཀུན་སློང༌། སྦྱོར་བ་ལས་དེ་རྩོམ་པ། ཉོན་མོངས་དུག་གསུམ་དང་ཁྱད་པར་འདོད་ཆགས། མཐར་ཐུག་ནི་དབང་པོ་གཉིས་རེག་པ་ལས་བྱུང་བའི་ཚོར་བདེ་ཉམས་སུ་མྱོང་བ་ལ་སྲེད་པས་བདག་གིར་བྱས་པ། འདི་ལ་དབྱེ་ན། མ་སྲིང་ལྟ་བུ་རིགས་ཀྱིས་སྲུང་བ་ལ་ལོག་པར་གཡེམ་པ། གཞན་གྱི་ཆུང་མ་ལྟ་བུ་བདག་པོས་སྲུང་བ་ལ་ལོག་པར་གཡེམ་པ། དགེ་སློང་མ་ལྟ་བུ་ཆོས་ཀྱིས་སྲུང་བ་ལ་ལོག་པར་གཡེམ་པ་སྟེ་གསུམ། འདོད་ལོག་གི་ནང་ནས་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ཞིག་ལ་ལོག་པར་སྤྱོད་པ་ལྟ་བུ་སྡིག་པ་ཤིན་ཏུ་ཆེ། །

རྫུན་སྨྲ་བ་ནི། གཞི་རང་ལས་ཐ་དད་པའི་གང་ཟག བསམ་པ་གཞན་སླུ་སེམས་ཀྱིས་མ་མཐོང་བ་ལ་མཐོང་ཞེས་པ་ལྟ་བུ་སྨྲ་འདོད་ཀྱི་ཀུན་སློང༌། སྦྱོར་བ་ནི་ལས་དེ་ལུས་ངག་གང་རུང་གི་རིག་བྱེད་དུ་ཐོན་པ། ཉོན་མོངས་ནི་དུག་གསུམ་སོགས་ཕ་རོལ་པོས་དོན་གོ་བ། འདིའི་སྦྱོར་བ་ངག་གི་རིག་བྱེད་དམ་ངག་གི་རྗོད་པ་ཁོ་ནར་མ་ངེས་ཏེ། ལུས་ཀྱི་བརྡ་ལས་རྫུན་དུ་འགྱུར་བ་ཡང་ཡོད། འདེ་ལ་དབྱེ་ན། མིའི་ཆོས་བླ་མ་སྟེ་ཡོན་ཏན་གོང་མ་མ་ཐོབ་པ་ཐོབ་ཚུལ་ལྟ་བུ་ཕམ་པའི་རྫུན། བདག་གཞན་ལ་ཕན་གནོད་སྐྱེལ་བའི་རྫུན་ཆེན་པོ། ཕན་གནོད་མེད་པའི་རྫུན་ཕྲ་མོ་སྟེ་གསུམ། རྫུན་གྱི་ནང་ནས་སངས་རྒྱས་ལ་སྐུར་བ་བཏབ་པ་དང༌། བླ་མ་དང༌། ཕ་མ་སོགས་དབུ་གཡོག་པ་སྡིག་ཤིན་ཏུ་ཆེ། །

ཕྲ་མ་ནི། གཞི་ཕ་རོལ་པོ་མཐུན་པ། བསམ་པ་དབྱེ་བར་འདོད་པ། སྦྱོར་བ་ལས་དེ་རྩོམ་པ། ཉོན་མོངས་གསུམ་དང་ཁྱད་པར་ཞེ་སྡང༌། མཐར་ཐུག་ཕ་རོལ་པོས་དོན་གོ་བ། མི་མཐུན་པ་སྡུམ་པར་རྩོམ་པ་སླར་མི་བསྡུམ་པའིབསམ་སྦྱོར་བྱེད་པའང་འདིའི་ཁོངས་གཏོགས་ཡིན། འདི་ལ་དབྱེ་ན། མཛའ་བ་དངོས་སུ་འབྱེད་པ་ལྟ་བུའི་བཙན་ཕྲ། གཞོགས་སྤོང་བྱེད་པས་དབྱེ་བ་ལྟ་བུ་གཞོགས་ཕྲ། ལྐོག་ཏུ་དབྱེན་བྱེད་པ་ལྟ་བུའི་ལྐོག་ཕྲ་སྟེ་གསུམ། ཕྲ་མའི་ནང་ནས་བླ་སློབ་དང་དགེ་འདུན་གྱི་དབྱེན་བྱེད་པ་སྡིག་ཤིན་ཏུ་ཆེ། །

ཚིག་རྩུབ་ནི། གཞི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། བསམ་པ་མི་སྙན་པ་བརྗོད་འདོད་ཀྱི་ཀུན་སློང༌། སྦྱོར་བ་དེར་བརྩོན་པ། མཐར་ཐུག་ངག་གི་རྣམ་པར་རིག་བྱེད་དུ་ཐོན་པ། ཉོན་མོངས་གསུམ་དང་ཁྱད་པར་ཞེ་སྡང༌། འདི་ལ་དབྱེ་ན། གཞན་ལ་དངོས་སུ་ངན་མཚང་སྨྲ་བ་ལྟ་བུ་ངོར་རྩུབ་པ། ཀྱལ་ཀ་དང་བསྲེས་ནས་གཞན་ལ་ཚིག་ངན་སྨྲ་བ་ལྟ་བུ་གཞོགས་ཏེ་རྩུབ་པ། གཞན་གྱི་དེའི་མཛའ་བོ་སོགས་ལ་ངན་མཚང་སྨྲ་བ་ལྟ་བུ་བརྒྱུད་ནས་རྩུབ་པ་དང་གསུམ། ཚིག་རྩུབ་ཀྱི་ནང་ནས་ཕ་མའམ་འཕགས་པ་ལ་ཚིག་རྩུབ་སྨྲ་བ་སྡིག་པ་ཤིན་ཏུ་ཆེ། །

ངག་འཁྱལ་བ་ནི། གཞི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། བསམ་པ་བག་མེད་པས་ཅལ་ཅོལ་མང་པོ་སྨྲ་འདོད་ཀྱི་ཀུན་སློང༌། སྦྱོར་བ་ནི་ཁ་གསག་དང་གླུ་སོགས་བརྗོད་པར་རྩོམ་པ། མཐར་ཐུག་ངག་གི་རིག་བྱེད་དུ་ཐོན་པ། ཉོན་མོངས་ནི་དུག་གསུམ་དང་ཁྱད་པར་གཏི་མུག འདི་ལ་དབྱེ་ན། མུ་སྟེགས་པའི་བཟླས་རྗོད་ལྟ་བུ་ལོག་པའི་ངག་ཀྱལ། བྲེ་མོའི་གཏམ་ལྟ་བུའི་འཇིག་རྟེན་པའི་ངག་ཀྱལ། སྣོད་མིན་ལ་ཆོས་འཆད་པ་ལྟ་བུ་བདེན་པའི་ངག་ཀྱལ་ཏེ་གསུམ། ངག་ཀྱལ་གྱི་ནང་ནས་ཆོས་ཁོ་ན་དོན་དུ་གཉེར་བ་རྣམས་གཡེང་བར་བྱེད་པ་སྡིག་པ་ཆེ། །

བརྣབ་སེམས་ནི། གཞི་ཕ་རོལ་པོའི་ཕྱི་ནང་གི་རྫསསྤྱ བསམ་པ་གཞན་གྱི་ཕུན་ཚོགས་དང་ཡོ་བྱད་ལ་རེ་བ་དང་སྨོན་པའི་ཀུན་སློང༌། སྦྱོར་བ་དེ་ཡང་ཡང་སེམས་པ། ཉོན་མོངས་གསུམ་དང་ཁྱད་པར་འདོད་ཆགས། མཐར་ཐུག་ནི་ལས་དེ་ཡང་དང་ཡང་དུ་བྱེད་ཅིང་ཁྲེལ་དང་ངོ་ཚ་དོར་ནས་གཉེན་པོ་མ་བསྟེན་པ། འདི་ལ་དབྱེ་ན། རང་གི་ཆོ་རིགས་ལ་ཞེན་པ་ལྟ་བུ་བདག་གི་བ་ལ་བརྣབ་སེམས་པ། ཕ་རོལ་པོའི་ཕུན་ཚོགས་ལ་ཆགས་པ་ལྟ་བུ་གཞན་གྱི་ལ་བརྣབ་སེམས་པ། ས་འོག་གི་གཏེར་ལ་སྨོན་པ་ལྟ་བུ་གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་པ་སྟེ་གསུམ་ཡོད། བརྣབ་སེམས་ཀྱི་ནང་ནས་སྤོང་བ་པའི་རྙེད་པ་ལ་བརྣབ་སེམས་པ་སྡིག་པ་ཆེ། །

གནོད་སེམས་ནི། གཞི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ། བསམ་པ་གསོད་བརྡེག་སོགས་གནོད་པར་བྱེད་འདོད་ཀྱི་ཀུན་སློང༌། སྦྱོར་བ་དེར་སེམས་བཞིན་པའི་གནས་སྐབས། ཉོན་མོངས་གསུམ་དང་ཁྱད་པར་ཞེ་སྡང༌། མཐར་ཐུག་དེ་ལ་ཡོན་ཏན་དུ་བལྟ་ཞིང་གཉེན་པོ་བསྟེན་འདོད་མེད་པ། འདི་ལ་དབྱེ་ན། གཡུལ་ངོ་སོགས་སུ་གཞན་གསོད་སེམས་ལྟ་བུ་ཞེ་སྡང་གི་ཆ་ལས་བྱུང་བའི་གནོད་སེམས། འགྲན་ཟླ་སོགས་ལ་གནོད་སེམས་ལྟ་བུ་ཕྲག་དོག་གི་ཆ་ལས་བྱུང་བའི་གནོད་སེམས། གནོད་བྱེད་སླར་འདུད་ཀྱང་མནར་སེམས་པ་ལྟ་བུ་ཁོན་འཛིན་གྱི་ཆ་ལས་བྱུང་བའི་གནོད་སེམས་ཏེ་གསུམ་ཡོད། གནོད་སེམས་ཀྱི་ནང་ནས་མཚམས་མེད་པའི་ཀུན་སློང་གནོད་སེམས་ལྟ་བུ་སྡིག་པ་ཤིན་ཏུ་ཆེ། །

ལོག་ལྟ་ནི། གཞི་དགེ་མི་དགེའི་ཆོས་སོགས། བསམ་པ་ནི་དགེ་སྡིག་མེད་པར་ལྟ་བ་དང༌། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ལྟ་བ་སོགས་ཀྱི་ཀུན་སློང༌། སྦྱོར་བ་དེར་ཡང་ཡང་སེམས་པའི་གནས་སྐབས། ཉོན་མོངས་གསུམ་དང་ཁྱད་པར་གཏི་མུག མཐར་ཐུག་དེར་ཐག་བཅད་ཅིང་གཉེན་པོ་མེད་པ། འདི་ལ་དབྱེ་ན། དགེ་སྡིག་བདེ་སྡུག་གི་རྒྱུར་མི་འདོད་པ་ལྟ་བུ་ལས་འབྲས་ལ་ལོག་ལྟ། ལམ་བདེན་ཉམས་སུ་བླངས་ཀྱང་འགོག་བདེན་ཐོབ་པར་མི་འདོད་པ་ལྟ་བུ་བདེན་པ་ལ་ལོག་ལྟ། དཀོན་མཆོག་ལ་སྐུར་འདེབས་ལྟ་བུ་དཀོན་མཆོག་ལ་ལོག་ལྟ་སྟེ་གསུམ་ཡོད། ལོག་ལྟ་ནི་ཡིད་ཀྱི་མི་དགེ་བའི་ནང་ནས་ལྕི་ཤོས་ཡིན། དེ་འདྲ་བའི་མི་དགེ་བ་བཅུ་སྤངས་པ་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཟེར། །

སོ་སོར་ཐར་པའི་ཚུལ་ཁྲིམས་ཞེས་པ་ནི། གང་ཟག་སོ་སོ་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པས་ན་སོ་སོ་ཐར་པ་ཞེས་བརྗོད་པ་རེད། དེའི་ངོ་བོ་ནི་རང་ཉིད་ཞི་བ་དོན་གཉེར་གྱི་བློས་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་མ་ཡིན་པར་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་ནོད་པའི་ཚུལ་ཁྲིམས། གཞན་གནོད་གཞི་དང་བཅས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ཞིག་ལ་ཟེར། སོ་སོར་ཐར་པའི་ཚུལ་ཁྲིམས་ལ་རྟེན་གྱི་སྒོ་ནས་དབྱེ་ན། བ་སུ་བནྔྷུས། །

སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །
རྫས་སུ་རྣམ་པ་བཞི་ཡིན་ནོ། །

ཞེས་བསྙེན་གནས། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས་བཅས་ཀྱི་སྡོམ་པ་སྟེ་སོ་ཐར་གྱི་སྡོམ་པ་རིགས་བརྒྱད་ཡོད། །བསྙེན་གནས་ཀྱི་སྡོམ་པའི་བསྲུང་བྱ་བརྒྱད་དང༌། དགེ་བསྙེན་ཕ་མ་ལ་བསྲུང་བྱ་ལྔ་རེ། དགེ་ཚུལ་ལ་བསྲུང་བྱ་བླངས་འདས་སོ་དྲུག ཕྱོགས་མཐུན་དང་བསྡམ་བྱའི་ཉེས་བྱས་སོགས་ཡོད། དགེ་སློབ་མ་ལ་དགེ་ཚུལ་གྱི་བསྲུང་བྱ་རྣམས་ཀྱི་སྟེང་དུ་རྩ་བའི་ཆོས་དྲུག་དང༌། རྗེས་མཐུན་གྱི་ཆོས་དྲུག་བཅས་བཅུ་གཉིས་བསྲུང་དགོས། དགེ་སློང་ཕ་ལ་བསྲུང་བྱ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་བསྲུང་དགོས། དགེ་སློང་མ་ལ་བསྲུང་བྱ་ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག །ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ཁྲིམས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པ་བསྲུང་དགོས། །

སོ་ཐར་རིགས་བརྒྱད་ཀྱི་ནང་ནས་དང་པོ་བསྙེན་གནས་ནི། ཉིན་ཞག་གཅིག་གི་མཐའ་ཅན་ཡིན་པས་ཉིན་གཅིག་བསྲུང་ན་འགྲིག་ཅིང༌། དགེ་བསྙེན་ཕ་མ་སོགས་ལྷག་མ་བདུན་ནི་ཇི་སྲིད་འཚོའི་མཐའ་ཅན་ཡིན་པས་མ་ཤི་བར་དུ་བསྲུང་དགོས། །

དེ་འདྲའི་སྡོམ་པ་ནོད་པ་པོ་ཡང༌། མཚམས་མེད་ཀྱི་ལས་བྱས་པ་སོགས་སྡོམ་པ་སྐྱེ་བའི་བར་ཆད། རྒྱལ་པོདང་ཕ་མས་མ་གནང་བ་སོགས་གནས་པའི་བར་ཆད། བྱ་རོག་སྐྲོད་མི་ནུས་པ་སོགས་ཁྱད་པར་དུ་འགྱུར་བའི་བར་ཆད། སྐྲ་སེར་ཅན་དང་རྣ་རྡུམ་སོགས་མཛེས་པའི་བར་ཆད་དེ། བར་ཆད་དེ་དག་བྲལ་བ་ཞིག་དགོས་པ་མ་གཏོགས་རིགས་བཟང་ངན་དང༌། དབུལ་ཕྱུག་གི་ཐ་སྙད་མེད་པར་རང་གི་བློ་ནུས་དང་བསྟུན་པའི་ལག་ལེན་ཐུབ་ན་སྡོམ་པ་ནོད་ཆོག་པ་རེད། །

སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པའི་ཆོ་ག་ལ་དཀའ་ཚེགས་ཆེན་པོ་མི་དགོས་པ་སྔོན་གྱི་ཆོ་ག་དང༌། དཀའ་ཚེགས་ཆེན་པོའི་སྒོ་ནས་བསྒྲུབ་དགོས་པ་ད་ལྟར་གྱི་ཆོ་ག་དང་གཉིས་ཡོད། ཐོབ་ཟིན་ནས་བསྲུང་བའི་ཚུལ་ལའང༌། གང་ཟག་གཞན་ལ་བསྟེན་ནས་བསྲུང་བ། བསམ་པ་དག་པའི་སྒོ་ནས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བ་དང་ལྔ་ཡོད་པ་ལས། །

དང་པོ་གང་ཟག་གཞན་ལ་བསྟེན་ནས་བསྲུང་བ་ནི། མང་དུ་ཐོས་པའི་མཁས་པ་རྣམས་ཀྱི་གདམས་ངག་དང༌། བཙུན་པའི་ཕྱག་ལེན་བཟང་པོའི་མིག་ལྟོས་ལ་བརྟེན་ནས་བསྲུང་ཞིང༌། ཁྱད་པར་བསྙེན་པར་རྫོགས་ནས་མཚན་ཉིད་ཚང་བའི་གནས་ཀྱི་སློབ་དཔོན་ལ་བརྟེན་དགོས་པ་ཡིན། །

གཉིས་པ་རང་གི་བློའམ་བསམ་པ་དག་པས་བསྲུང་བ་ནི། བླང་དོར་གྱི་གནས་ལ་སྤྲོ་བའི་བརྩོན་འགྲུས། འཇུག་ལྡོག་གི་གནས་ལ་གཟབ་པའི་བག་ཡོད། རང་གི་རྒྱུད་ལ་བརྟག་ཅིང་དཔྱད་པའི་དྲན་པ་དང་ཤེས་བཞིན། གཞན་ལ་ལྟོས་ནས་ངོ་ཚ་ཤེས་ཤིང་རང་ལ་ལྟོས་ནས་ཁྲེལ་ཡོད་པ་དང་མ་བྲལ་བའི་སྒོ་ནས་བསྲུང་བ་དང༌། །

གསུམ་པ་མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་ནི། སྡོམ་པ་གཏོང་བའི་རྒྱུ། ཉམས་པའི་རྒྱུ། གནས་པའི་རྐྱེན། སེམས་རབ་ཏུ་དྭངས་པ་ལ་གེགས་བྱེད་པའི་རྒྱུ་རྣམས་ངོ་ཤེས་ནས་མདོར་ན་འདུལ་བའི་གཞུང་ལུགས་ལ་སློབ་ཅིང་ཐོས་བསམ་བྱ་བའི་སྒོ་ནས་བསྲུང་བ་དང༌། །

བཞི་པ་བསླབ་པ་ཡོངས་སུ་སྦྱོང་བས་བསྲུང་བ་ནི། གསོ་སྦྱོང་དང༌། དབྱར་གནས། དགག་དབྱེ་བཅས་གཞི་གསུམ་གྱི་ཕྱག་ལེན་ལ་བརྩོན་པ་ཡིན། །

ལྔ་པ་བདེ་བར་གནས་པའི་རྐྱེན་བསྟེན་པས་བསྲུང་བ་ནི། གོས་ལ་བརྟེན་པའི་ལྟུང་བ། དེ་བཞིན་དུ་ཟས་ལ་བརྟེན་པ་དང༌། སྣོད་སྤྱད་ལ་བརྟེན་པ། གནས་ལ་བརྟེན་པ་རྣམས་སྤངས་ཤིང་བསྲུང་དགོས་པ་ཡིན། །

ཉེས་པ་འབྱུང་བའི་རྒྱུའི་གཙོ་བོ་ནི། ལྟུང་བ་འབྱུང་བའི་སྒོ་བཞི་ཞེས་པ། མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་བཅས་ཀྱི་གཉེན་པོར་འདིར་བཤད་པའི་བསླབ་པ་བསྲུང་བའི་ཐབས་ལྔ་པོ་བསྟེན་ནས་ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་བསྲུང་བ་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་ལྟར་སོ་ཐར་གྱི་སྡོམ་པ་ནི། ཐེག་པ་ཆེ་ཆུང་གི་ཐུན་མོང་གི་ཚུལ་ཁྲིམས་ཡིན་ཞིང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། གསང་སྔགས་ཀྱི་སྡོམ་པ་ནི་ཐེག་པ་ཆེན་པོའི་ཚུལ་ཁྲིམས་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་ནས་བསྲུང་བྱ་ནི། རྩ་ལྟུང་བཅོ་བརྒྱད་དང༌། ཉེས་བྱས་བཞི་བཅུ་ཞེ་དྲུག་ཡོད། གསང་སྔགས་ཀྱི་སྡོམ་པ་ནོད་ནས་བསྲུང་བྱ་ལ། རྩ་ལྟུང་བཅུ་བཞི་དང༌། སྦོམ་པོ་བརྒྱད་སོགས་རིགས་ལྔ་སྤྱི་དང༌། སོ་སོའི་དམ་ཚིག་སྡོམ་པའི་རྣམ་གྲངས་མང་དུ་ཡོད། སྡོམ་པ་དེ་གཉིས་ཀྱི་བསྲུང་བྱའི་དབྱེ་བ་སོ་སོའི་ངོས་འཛིན་དང༌། བསྲུང་ཚུལ་སོགས་ཆེས་ཤིན་ཏུ་རྒྱ་ཆེ་བས་འདིར་མ་བཀོད། །


༥) གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པའི་སྐོར།

ལྷག་པའི་བསླབ་པ་གསུམ་གྱི་ནང་ནས་གཉིས་ཏིང་ངེ་འཛིན་གྱི་བསླབ་པ་ནི། སེམས་དགེ་བའི་དམིགས་པ་གང་རུང་ལ་མི་གཡེང་བར་རྩེ་གཅིག་ཏུ་གནས་པ་དེ་ལ་ཏིང་ངེ་འཛིན་ཟེར་བ་ཡིན། དེ་ཉིད་གོམས་པ་ལ་བརྟེན་ནས་བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་ཐོབ་ཅིང༌། མཐར་གོམས་པ་ཡོངས་སུ་རྫོགས་པ་ན་བསམ་གཏན་གྱི་ཕར་ཕྱིན་ཏུ་འགྱུར་བ་ཡིན། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འཇིག་རྟེན་པའི་ཏིང་ངེ་འཛིན་དང༌། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གཉིས་ཡོད། དེ་དག་འགྲུབ་པ་ལ། རྒྱལ་སྲས་ཤཱནྟི་དེ་ཝས་མཛད་པའི་ཙརྱཱ་ཨ་བ་ཏཱ་ར་ལས།

ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །
ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །
ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །
འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །

ཅེས་ཐོག་མར་ཞི་གནས་རྒྱུད་ལ་སྐྱེས། དེ་ནས་ལྷག་མཐོང་རྒྱུད་ལ་སྐྱེས། དེ་ནས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་དགོས། དེ་ཡང་ཐོག་མར་ཞི་གནས་སྒོམ་པའི་རྒྱུ་མཚན་ནི། ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་སམ་རྗེས་མཐུན་པའི་དཔྱད་འཇོག་གི་སྒོམ་གང་ཡང་རུང་བའི་འབྲས་བུ་ཡིན། ཞི་གནས་གྲུབ་ན་དཔྱད་སྒོམ་བྱེད་པ་ཐམས་ཅད་ཀྱང༌། རང་རང་སོ་སོའི་དམིགས་པ་གང་ཡིན་ལ་སེམས་གཞན་ལ་མི་གཡེང་བར་འཇུག་པ་ཡིན་པས་དགེ་སྦྱོར་གང་བྱས་ཀྱང་སྟོབས་ཆེ། ཞི་གནས་སྒོམ་པ་ལ། ཨཱརྱ་མཻ་ཏྲིས་མཛད་པའི་མདྷྱཱནྟ་བི་བྷག་ལས། —

ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །
བསྟེན་པའི་རྒྱུ་ལས་བྱུང་བ་འོ། །

ཞེས་ཉེས་པའི་སྐྱོན་ལྔ་སྤོང་ཞིང༌། གཉེན་པོ་འདུ་བྱེད་བརྒྱད་བསྟེན་དགོས། ཉེས་པ་ལྔ་ནི། དེ་ཉིད་ལས། —

ལེ་ལོ་དང་ནི་གདམས་ངག་རྣམས། །
བརྗེད་དང་བྱིང་དང་རྒོད་པ་དང༌། །
འདུ་མི་བྱེད་དང་འདུ་བྱེད་དེ། །
འདི་དག་ཉེས་པ་ལྔར་འདོད་དོ། །

ཞེས་ཏིང་ངེ་འཛིན་སྒོམ་པ་སྤྲོ་བ་མེད་པའི་ལེ་ལོ་དང་གཅིག གང་ལ་དམིགས་པའི་རྟེན་དེ་ཉིད་དྲན་ཡུལ་ནས་སྟོར་བའི་བརྗེད་པ་དང་གཉིས། དམིགས་རྟེན་མ་བརྗེད་ཀྱང་སེམས་བྱིང་རྒོད་གང་རུང་གི་དབང་དུ་ཤོར་བ་དང་གསུམ། དེའི་དབང་དུ་ཤོར་བ་ངོས་འཛིན་ཀྱང་དེ་སྤོང་བའི་གཉེན་པོ་མི་བསྟེན་ཞིང་འདུ་མི་བྱེད་པ་དང་བཞི། བྱིང་རྒོད་ཀྱི་སྐྱོན་མེད་ཀྱང་ད་དུང་དམིགས་པ་ལ་གནད་དུ་མ་བསྣུན་པར་བྱིང་རྒོད་ཀྱི་གཉེན་པོ་བསྟེན་ཞིང་འདུ་བྱེད་པ་སྟེ་ཉེས་པ་ལྔ་པོ་འདི་དག་སྤངས་ནས་བསྒོམ་དགོས། དེ་དག་སྤོང་བྱེད་ཀྱི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་ཚུལ་ནི། དེ་ཉིད་ལས། —

གནས་དང་དེ་ལ་གནས་པ་དང༌། །
རྒྱུ་དང་འབྲས་བུ་ཉིད་དུ་འོ། །
དམིགས་པ་བརྗེད་པར་མ་གྱུར་དང༌། །
བྱིང་དང་རྒོད་པ་རྟོགས་པ་དང༌། །

དེ་སྤོང་མངོན་པར་འདུ་བྱེད་དང༌། །
ཞི་ཚེ་རྣལ་དུ་འཇུག་པ་འོ། །

ཞེས་གསུངས། ཉེས་པ་ལྔའི་དང་པོ་ལེ་ལོའི་གཉེན་པོར་བཞི་དང༌། དེ་མིན་རྣམས་ལ་རེ་རེ་ཡོད། དང་པོ་ལེ་ལོའི་གཉེན་པོ་བཞི་ནི། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་སྦྱངས་བཞི་ཡིན། གཉིས་པ་བརྗེད་ངས་ཀྱི་གཉེན་པོར་དྲན་པ་དང༌། གསུམ་པ་བྱིང་རྒོད་ཀྱི་གཉེན་པོར་ཤེས་བཞིན་དང༌། བཞི་པ་འདུ་མི་བྱེད་ཀྱི་གཉེན་པོར་འདུ་བྱེད་སེམས་པ་དང༌། ལྔ་པ་འདུ་བྱེད་པའི་གཉེན་པོར་རྣལ་དུ་འཇོག་པའི་བཏང་སྙོམས་ཏེ་འདུ་བྱེད་བརྒྱད་བསྟེན་ནས་བསྒོམ་དགོས། དེ་དག་ཀྱང་སེམས་གནས་དགུར་ཕྱེ་བ་དང༌། དེ་རྣམས་སྟོབས་དྲུག་གིས་འགྲུབ་ལུགས་དང༌། ཡིད་བྱེད་བཞིས་སྡུད་ཚུལ་རྣམས་ཤེས་ནས་བསྒོམ་ན་ཏིང་ངེ་འཛིན་སྐྱོན་མེད་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཡིན། སེམས་གནས་དགུ་ནི།

ཨཱརྱ་མཻ་ཏྲིས་མཛད་པའི་སཱུ་ཏྲ་ཨཱལཾཀཱར་ལས། —

དམིགས་པ་ལ་ནི་སེམས་གཏད་ནས། །
དེའི་རྒྱུན་རྣམ་པར་གཡེང་མི་བྱ། །
རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །
དེ་ལ་སླར་ནི་གླན་པར་བྱ། །

བློ་ལྡན་གོང་ནས་གོང་དུ་ཡང༌། །
སེམས་ནི་ནང་དུ་བསྡུ་བར་བྱ། །
དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །
ཏིང་ངེ་འཛིན་ལ་སེམས་འདུལ་བ། །

རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །
དེ་ལ་མི་དགའ་ཞི་བར་བྱ། །
ཆགས་སོགས་ཡིད་མི་བདེ་ལ་སོགས། །
ལངས་པ་དེ་བཞིན་ཞི་བར་བྱ། །

དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །
སེམས་ལ་མངོན་པར་འདུ་བྱེད་བཅས། །
རང་གི་ངང་གིས་འབྱུང་བ་འཐོབ། །
དེ་གོམས་པ་ལས་འདུ་མི་བྱེད། །

ཅེས་སེམས་འཇོག་པ། རྒྱུན་དུ་འཇོག་པ། གླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་དང་དགུ།

སྟོབས་དྲུག་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲིས་པའི་སྟོབས་དང་དྲུག

ཡིད་བྱེད་བཞི་ནི། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད། ཆད་ཅིང་འཇུག་པའི་ཡིད་བྱེད། ཆད་མེད་དུ་འཇུག་པའི་ཡིད་བྱེད། རྩོལ་མེད་དུ་འཇུག་པའི་ཡིད་བྱེད་དང་བཞི་ཡིན།

དེ་ཡང་ཐོག་མར་སྟོབས་དང་པོ་སེམས་དམིགས་པ་ལ་འཇོག་ཚུལ་གྱི་གདམས་ངག་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས་སེམས་ཕྱི་རོལ་གྱི་ཡུལ་ལ་འཕྲོ་རུ་མ་བཅུག་པར་ནང་དུ་བསྡུས་ནས་དམིགས་པ་ལ་གཏོད་པ་སེམས་གནས་དང་པོ་སེམས་འཇོག་པ་ཞེས་པ་འབྱུང༌། དེའི་ཚེ་དམིགས་པ་ལ་སེམས་ཆེར་གནས་སུ་མི་བཏུབ་པར་རྣམ་རྟོག་རི་གཟར་གྱི་འབབ་ཆུ་བཞིན་གཅིག་རྗེས་གཅིག་མཐུད་ལྟ་བུར་འོངས་པས། རྣམ་རྟོག་མང་དུ་སོང་ངམ་སྙམ་པ་རྣམ་རྟོག་ངོས་ཟིན་པའི་ཉམས་ཤིག་འོང༌། འདི་ནི་སྔར་སེམས་ནང་དུ་མ་ཕྱོགས་པས་ངོས་མ་ཟིན་པ་ལ་འདི་དུས་དྲན་ཤེས་བསྟེན་པས་ལམ་ཆེན་གྱི་འགྲུལ་པ་ལ་རྟོག་དཔྱོད་ཞུགས་པ་ལྟ་བུ་ཡིན་པས་སྐྱོན་མིན།

དེ་ནས་རིམ་གྱིས་བསྒོམས་པས་སྟོབས་གཉིས་པ་བསམ་པའི་སྟོབས་ཀྱིས་སེམས་དམིགས་པ་ལ་བཞག་པ་དེའི་རྒྱུན་ཡང་ཡང་བསམས་ནས་བསྐྱངས་པ་ལས་རྒྱུན་ཅུང་ཟད་མཐུད་ནུས་པ་སེམས་གནས་གཉིས་པ་རྒྱུན་དུ་འཇོག་པ་ཞེས་པ་འབྱུང༌། དེའི་ཚེ་སྐབས་རེར་རྣམ་རྟོག་ཞི་ཞིང༌། སྐབས་རེར་རྣམ་རྟོག་ཐོལ་ལེར་སྐྱེ་བའི་རྣམ་རྟོག་ངལ་གསོ་བའི་ཉམས་ཤིག་འོང༌། སེམས་གནས་འདི་གཉིས་བྱིང་རྒོད་ཧ་ཅང་མང་ཞིང་ཏིང་ངེ་འཛིན་ཉུང་ངུ་ལས་མི་འོང་ལ་སེམས་དམིགས་པར་གཏོད་པ་ལ་འབད་པས་སྒྲིམ་དགོས་པས་ཡིད་བྱེད་བཞིའི་ནང་ཚན་དང་པོ་བསྒྲིམས་ཏེ་འཇུག་པའི་སྐབས་ཡིན།

དེ་ནས་སྟོབས་གསུམ་པ་དྲན་པའི་སྟོབས་ཀྱིས་རིམ་པ་བཞིན་སེམས་དམིགས་པ་ལས་གཞན་དུ་གཡེང་སོང་ན་འཕྲལ་དུ་ཤེས་ནས་སྔར་གྱི་དམིགས་པ་ལ་འཇོག་པ་སེམས་གནས་གསུམ་པ་གླན་ཏེ་འཇོག་པ་ཞེས་པ་འབྱུང༌།

དེ་རྗེས་དང་པོ་ནས་དྲན་པའི་ཤུགས་བསྐྱེད་དེ་དམིགས་པ་ལས་ཡིད་གཡེང་བར་མི་བྱེད་ཅིང༌། སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང་དུ་འཇོག་པའི་སེམས་གནས་བཞི་པ་ཉེ་བར་འཇོག་པ་ཞེས་པ་འབྱུང༌།
དེ་ནས་སྟོབས་བཞི་པ་ཤེས་བཞིན་གྱི་སྟོབས་ཀྱིས་རྣམ་རྟོག་དང་ཉེ་ཉོན་གྱི་མཚན་མ་ལ་འཕྲོ་བའི་ཉེས་དམིགས་ཤེས་བཞིན་གྱིས་རིག་ནས། དེ་གཉིས་ལ་འཕྲོར་མི་སྟེར་ཞིང་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་དེ་ལ་དགའ་བ་སེམས་གནས་ལྔ་པ་དུལ་བར་བྱེད་པ་ཞེས་པ་དང༌། རྣམ་གཡེང་གི་ཉེས་དམིགས་ཤེས་བཞིན་གྱིས་རིག་ནས་ཏིང་ངེ་འཛིན་ལ་མི་དགའ་བ་འགོག་པ་སེམས་གནས་དྲུག་པ་ཞི་བར་བྱེད་པ་ཞེས་པ་འབྱུང༌།

དེ་ནས་སྟོབས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཆགས་སེམས་དང༌། འཕྲོ་བ་དང༌། བྱིང་རྨུགས་སོགས་ཕྲ་མོའང་སྐྱེས་མ་ཐག་དང་དུ་མི་ལེན་པར་རྩོལ་བས་སྤང་བར་བྱེད་པ་སེམས་གནས་བདུན་པ་རྣམ་པར་ཞི་བར་བྱེད་པ་ཞེས་པ་འབྱུང༌། སེམས་གནས་གསུམ་པ་ནས་བདུན་པའི་བར་ལྔ་པོ་དེ་ཏིང་ངེ་འཛིན་ལ་གནས་པ་ཤས་ཆེ་ཡང་བྱིང་རྒོད་ཀྱིས་བར་དུ་གཅོད་པས་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན།

དེ་ནས་ཡང་བརྩོན་འགྲུས་ཀྱི་སྟོབས་ཀྱིས་དྲན་ཤེས་བསྟེན་ན་བྱིང་རྒོད་སོགས་མི་མཐུན་ཕྱོགས་ཀྱིས་ཏིང་ངེ་འཛིན་ལ་བར་དུ་གཅོད་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བ་སེམས་གནས་བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ཞེས་པ་འབྱུང༌། འདིའི་སྐབས་སུ་རྩོལ་བ་རྒྱུན་པར་བསྟེན་ན་བྱིང་རྒོད་ཀྱིས་བར་གཅོད་མི་ནུས་པར་ཐུན་རིང་པོར་སྐྱོང་ཐུབ་པས་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན།

དེ་ནས་རིམ་གྱིས་བསྒོམས་པས་སྟོབས་དྲུག་པ་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་དྲན་ཤེས་བསྟེན་པའི་རྩོལ་བ་མི་དགོས་པར་དམིགས་པ་ལ་རང་ཤུགས་ཀྱིས་འཇུག་པ་སེམས་གནས་དགུ་པ་མཉམ་པར་འཇོག་པ་ཞེས་པ་འབྱུང༌། འདི་དུས་དཔེར་ན། དཔེ་ཆ་སོགས་འདོན་པ་ཤིན་ཏུ་གོམས་པའི་ཚེ་དང་པོར་འདོན་པའི་ཀུན་སློང་བྱུང་ནས་འགོ་བརྩམས་པ་ན་བར་སྐབས་སུ་སེམས་གཡེངས་ཀྱང་འདོན་པ་དེ་མི་ཆད་པར་རྩོལ་མེད་དུ་འོང་བ་ལྟར་དང་པོར་སེམས་དམིགས་པ་ལ་གཏོད་པའི་དྲན་པས་ལན་གཅིག་མཉམ་པར་བཞག་ན་དེ་རྗེས་དྲན་ཤེས་བསྟེན་མི་དགོས་པར་རང་ཤུགས་ཀྱིས་ཏིང་ངེ་འཛིན་དེ་རྒྱུན་མི་ཆད་པར་ཡུན་རིང་པོའི་བར་དུ་འཁྱོངས་པ་འབྱུང་བས་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན། དེ་ལྟ་བུའི་འབད་རྩོལ་མེད་པར་སེམས་ཏིང་ངེ་འཛིན་གྱི་ངང་དུ་ཧྲིལ་ཧྲིལ་འགྲོ་བའི་སེམས་གནས་དགུ་པ་དེ་ཞི་གནས་རྗེས་མཐུན་པ་ཡིན།

སྔར་ནས་ཤིན་སྦྱངས་ཀྱི་ཆ་ཕྲ་མོ་ཡོད་པ་རིམ་གྱིས་གོང་དུ་འཕེལ་བ་ལ་བརྟེན་ནས་སེམས་དགེ་བ་ལ་གང་འདོད་དུ་བཀོལ་དུ་མི་རུང་བའི་གནས་ངན་ལེན་ཞི་ནས་སེམས་ཤིན་སྦྱངས་སྐྱེ། དེའི་མཐུས་ལུས་ཀྱི་གནས་ངན་ལེན་དང་བྲལ་ནས་རེག་བྱ་ཆེས་ཡིད་དུ་འོང་བའི་རང་བཞིན་གྱི་ལུས་ཤིན་སྦྱངས་སྐྱེས་པའི་ཚེ་ལུས་ལ་བདེ་ཉམས་ཆེན་པོ་དང༌། དེ་ལ་བརྟེན་ནས་སེམས་ལའང་དགའ་བདེའི་ཉམས་ཕུལ་དུ་བྱུང་བ་འབྱུང༌། དེའི་དུས་སེམས་དགའ་ཡལ་ཡལ་དེ་ཡང་རིམ་གྱིས་ཆུང་དུ་སོང་ནས་སེམས་དམིགས་པ་ལ་བརྟན་པར་གནས་པའི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཤིན་སྦྱངས་མི་གཡོ་བ་ཐོབ་པ་དང་དུས་མཉམ་དུ་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་གྲུབ་པ་ཡིན།

དེ་ལྟར་ཞི་གནས་མཚན་ཉིད་པ་གྲུབ་ནས་རིམ་གྱིས་བློ་གོམས་པ་ལས། ཁམས་གསུམ་ས་དགུའི་༼ཁམས་གསུམ་ནི། འདོད་པའི་ཁམས། གཟུགས་ཀྱི་ཁམས། གཟུགས་མེད་ཀྱི་ཁམས་དང་གསུམ། ས་དགུ་ནི། འདོད་པའི་ས། བསམ་གཏན་དང་དང་པོའི་ས། བསམ་གཏན་གཉིས་པའི་ས། བསམ་གཏན་གསུམ་པའི་ས། བསམ་གཏན་བཞི་པའི་ས། གཟུགས་མེད་ནམ་མཁའ་མཐའ་ཡས་ཀྱི་ས། རྣམ་ཤེས་མཐའ་ཡས་ཀྱི་ས། ཅི་ཡང་མེད་པའི་ས། སྲིད་རྩེའི་ས་བཅས་དགུ་ཡིན།༽ ནང་ནས་འོག་མ་ལ་ཆགས་པ་དང་བྲལ་བའི་ཚེ་ས་གོང་མའི་དངོས་གཞི་ཐོབ་ཅིང༌། དེ་འདྲ་བའི་རྒྱུ་སྙོམས་འཇུག་བསྒོམ་པ་ལ་བརྟེན་ནས་འབྲས་བུ་གཟུགས་གཟུགས་མེད་ཀྱི་ལྷར་སྐྱེ་བར་འགྱུར་བ་ཡིན་ཞིང༌། དེ་ལ་ཐོག་མར་རྒྱུ་སྙོམས་འཇུག་གི་བསམ་གཏན་སྒོམ་ཚུལ་ནི།

ཨཱཙཱརྱ་ཨསངྒས་མཛད་པའི་ཨ་བྷི་དྷརྨ་སམུ་ཙ་ཡ་ལས། —

ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐའ་དང༌། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ།།

ཞེས་བསམ་གཏན་དང་པོའི་ཉེར་བསྡོགས་ལ་མཚན་ཉིད་སོ་སོ་རིག་པ་ཡིད་བྱེད། མོས་པ་ཡིད་བྱེད། རབ་ཏུ་དབེན་པ་ཡིད་བྱེད། དགའ་བ་སྡུད་པ་ཡིད་བྱེད། དཔྱོད་པ་ཡིད་བྱེད། སྦྱོར་བའི་མཐའ་ཡི་ཡིད་བྱེད་དང་དྲུག་ཡོད། དང་པོ་མཚན་ཉིད་སོ་སོ་རིག་པ་ཡིད་ལ་བྱེད་པ་ཞེས་པ་ནི་ཁམས་འོག་མ་འདོད་པ་ལ་སྐྱོན་ཅན་དང༌། གོང་མ་བསམ་གཏན་དང་པོ་ལ་ཡོན་ཏན་ཅན་དུ་ཐོས་བསམ་འདྲེས་མའི་སྒོ་ནས་རྩིང་པོར་རྟོག་ཅིང་ཞིབ་མོར་དཔྱོད་པ་དང༌། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཞེས་པ་ནི་དེ་ཉིད་སྒོམ་བྱུང་གི་ངོ་བོར་སྐྱེས་པ་དང༌། དབེན་པ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཞེས་པ་ནི་འདོད་ཉོན་མངོན་གྱུར་བ་ཆེན་པོ་སྐོར་གསུམ་༼འདོད་ཉོན་སྐོར་དགུ་ནི། འདོད་ཉོན་ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང༌། ཆེན་པོའི་ཆུང་ངུ་གསུམ་ནི་ཆེན་པོ་སྐོར་གསུམ། དེ་བཞིན་དུ་འབྲིང་གི་ཆེན་པོ། འབྲིང་གི་འབྲིང༌། འབྲིང་གི་ཆུང་ངུ་སྟེ་འབྲིང་སྐོར་གསུམ། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང༌། ཆུང་ངུའི་ཆུང་ངུ་གསུམ་ནི་ཆུང་ངུ་སྐོར་གསུམ་སྟེ་འདོད་ཉོན་སྐོར་དགུ་ཡོད།༽ གྱིས་དབེན་པ་སྟེ་སྤངས་པ་དང༌། དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ཞེས་པ་ནི། འདོད་ཉོན་མངོན་གྱུར་བ་འབྲིང་གསུམ་ཡང་སྤངས་པ་དང༌། དཔྱོད་པ་ཡིད་ལ་མངོན་གྱུར་བ་འབྲིང་གསུམ་ཡང་སྤངས་པ་དང༌། དཔྱོད་པ་ཡིད་ལ་བྱེད་པ་ཞེས་པ་འདོད་ཉོན་ཆུང་ངུ་སྐོར་གསུམ་གྱིས་ཀྱང་རྒྱུད་ལ་གོས་མ་གོས་རྟོག་ཅིང་དཔྱོད་པ་དང༌། སྦྱོར་བའི་མཐའ་ཡིད་ལ་བྱེད་པ་ཞེས་པ་ནི་དེ་ལྟར་དཔྱོད་པ་ལ་བརྟེན་ནས་འདོད་ཉོན་ཕྲ་ཞིང་ཕྲ་བ་ཆུང་ངུ་སྐོར་གསུམ་ཡང་གཉེན་པོའི་སྟོབས་ཀྱིས་སྤངས་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་དྲུག་གིས་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བསམ་གཏན་དང་པོའི་དངོས་གཞི་འགྲུབ་སྟེ། དེ་དག་ནི་ས་འོག་མ་ལ་སྐྱོན་ཅན་དང་རགས་པར་བལྟ་ཞིང༌། ས་གོང་མ་ལ་སྐྱོན་མེད་པ་དང་ཞི་བར་བལྟ་བའི་ཞི་རགས་རྣམ་པ་ཅན་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ཐུན་མོང་བའི་མངོན་རྟོགས་ཡིན།

དེའང་རྟོག་དཔྱོད་གཉིས་གཉེན་པོའི་ཡན་ལག དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་སྟེ་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཡིན། དེ་ལ་རྟོག་དཔྱོད་གཉིས་ཀ་དང་ལྡན་པ་ནི་དངོས་གཞི་ཙམ་པོ་དང༌། རྟོག་པ་མེད་ཅིང་དཔྱོད་པ་དང་བཅས་པ་དངོས་གཞི་ཁྱད་པར་ཅན་དུ་བཞག བསམ་གཏན་དང་པོ་ལ་སྐྱོན་ཅན་དང༌། བསམ་གཏན་གཉིས་པ་ལ་སྐྱོན་མེད་ཡོན་ཏན་ཅན་དུ་མཚན་ཉིད་སོ་སོ་རིག་པ་ཡིད་བྱེད་སོགས་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་བརྟེན་ནས་བསམ་གཏན་གཉིས་པའི་དངོས་གཞི་ཐོབ་པ་ཡིན།

བསམ་གཏན་གཉིས་པའི་དངོས་གཞི་ནི་རབ་ཏུ་དང་བ་སོགས་ཡན་ལག་བཞི་དང་ལྡན་པ་སྟེ། དེའང་ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག ཏེང་ངེ་འཛིན་གནས་ཀྱི་ཡན་ལག་ཡིན། འདིའི་ནང་རབ་ཏུ་དང་བ་ནི་རང་སའི་དྲན་པ་ཤེས་བཞིན་བཏང་སྙོམས་གསུམ་ལ་བྱེད། དེ་ཡང་ནང་གི་རྟོག་པ་རབ་ཏུ་སྤངས་པས་ནང་རབ་ཏུ་དང་བ་ཞེས་ཟེར།

བསམ་གཏན་གཉིས་པ་ལ་སྐྱོན་ཅན་དང་གསུམ་པ་ལ་ཡོན་ཏན་ཅན་དུ་ཡིད་བྱེད་དྲུག་གིས་དཔྱོད་པའི་ཉེར་བསྡོགས་ལ་བརྟེན་ནས་བསམ་གཏན་གཉིས་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་གསུམ་པའི་དངོས་གཞི་འཐོབ། བསམ་གཏན་གསུམ་པའི་དངོས་གཞི་ཡན་ལག་ལྔ་ལྡན་ཏེ། དྲན་པ་ཤེས་བཞིན་བཏང་སྙོམས་གསུམ་གཉེན་པོའི་ཡན་ལག དགའ་བ་སྤངས་པའི་བདེ་བ་ཕན་ཡོན་གྱིན་ཡན་ལག ཏིང་ངེ་འཛིན་གནས་ཀྱི་ཡན་ལག་ཡིན། བསམ་གཏན་གསུམ་པ་ལ་སྐྱོན་ཅན་དང་བསམ་གཏན་བཞི་པ་ལ་ཡོན་ཏན་ཅན་དུ་ཡིད་བྱེད་དྲུག་གིས་དཔྱོད་པའི་ཉེར་བསྡོགས་ལ་བརྟེན་ནས་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་བཞི་པའི་དངོས་གཞི་ཐོབ། བསམ་གཏན་བཞི་པའི་དངོས་གཞི་ཡན་ལག་བཞི་དང་ལྡན་པ་སྟེ། དྲན་པ་ཡང་དག་དང་བཏང་སྙོམས་ཡང་དག་གཉིས་གཉེན་པོའི་ཡན་ལག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ།

འདིར་དྲན་པ་ཡང་དག་ཅེས་པ་བསམ་གཏན་གྱི་སྐྱོན་བརྒྱད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དེའང་བསམ་གཏན་དང་པོ་ལ་བལྟོས་པའི་རྟོག་དཔྱོད་མེ་ལྟ་བུ་གཉིས། གཉིས་པ་ལ་བལྟོས་པའི་དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་བདེ་སྡུག་གཉིས། གསུམ་པ་ལ་བལྟོས་པའི་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཡིད་བདེ་མི་བདེ་གཉིས། བཞི་པ་ལ་བལྟོས་པའི་དབུགས་དབྱུང་རྔུབ་གཉིས་ཏེ་དེ་བརྒྱད་ཀྱིས་ཡོངས་སུ་དག་པ་ཡིན། བསམ་གཏན་གྱི་ཡན་ལག་དེ་དག་ཀྱང་མིང་གི་སྒོ་ནས་བཅོ་བརྒྱད་དང༌། རྫས་ཀྱི་སྒོ་ནས་བཅུ་གཅིག་ཡོད།

ཨཱཙཱརྱ་བ་སུ་བནྡྷུས་མཛད་པའི་ཨ་བྷི་དྷརྨ་ཀོ་ཥ་ལས། —

དང་པོ་ལ་ལྔ་རྟོག་དཔྱོད་དང༌། །
དགའ་དང་བདེ་དང་ཏིང་འཛིན་རྣམས། །
གཉིས་པ་ལ་ནི་ཡན་ལག་བཞི། །
རབ་དང་དང་ནི་དགའ་བ་སོགས། །

གསུམ་པ་ལ་ལྔ་བཏང་སྙོམས་དང༌། །
དྲན་དང་ཤེས་བཞིན་བདེ་དང་གནས། །
མཐའ་ན་བཞི་དྲན་བཏང་སྙོམས་དང༌། །
རྫས་སུ་བཅུ་གཅིག

ཅེས་གསུངས། བསམ་གཏན་གྱི་སྙོམས་འཇུག་དེ་དག་གི་འབྲས་བུ་སྐྱེ་བའི་བསམ་གཏན་ནི་བསམ་གཏན་དང་པོའི་དངོས་གཞི་ཆུང་འབྲིང་ཆེ་གསུམ་བསྒོམས་པ་ལས་བསམ་གཏན་དང་པོའི་གནས་ཚངས་རིས་སོགས་སུ་སྐྱེ་བ་ནས། བསམ་གཏན་བཞི་པའི་དངོས་གཞི་ཆུང་འབྲིང་ཆེ་གསུམ་བསྒོམས་པ་ལས་བསམ་གཏན་བཞི་པའི་གནས་སྤྲིན་མེད་སོགས་སུ་སྐྱེ་བའི་བར་བསམ་གཏན་སོ་སོའི་དངོས་གཞི་ཆུང་འབྲིང་ཆེན་པོ་མཐར་ཕྱིན་པ་ལས། སོ་སོའི་གནས་ལ་རྣམ་སྨིན་གྱི་འབྲས་བུ་སོགས་མྱོང་སྟེ། དེའང་གནས་དེ་དང་དེར་སྐྱེས་པའི་གཟུགས་སུ་སྣང་བ་ནི་རྣམ་སྨིན་གྱི་འབྲས་བུ། སྙོམས་འཇུག་གི་སེམས་རྣམས་རྒྱུ་མཐུན་གྱི་འབྲས་བུ། ཡུལ་གྱི་ལོངས་སྤྱོད་དུ་སྣང་བ་ནི་བདག་པོའི་འབྲས་བུ་ཡིན། དེ་བཞིན་དུ་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ་སྟེ་གཟུགས་མེད་སྐྱེ་མཆེད་མུ་བཞིར་ཡོད་པ་ལས། བསམ་གཏན་བཞི་པའི་སེམས་ཐོབ་ལ་མ་ཉམས་པའི་སྟེང་དུ་གཟུགས་ལ་རེག་མཐོང་སྣང་གསུམ་བཀག་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་སྒོམ་པ་ཡོངས་སུ་རྫོགས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་དང༌། དེའི་སྟེང་དུ་ནམ་མཁའ་མཐའ་ཡས་པ་དེ་ལྟར་རྣམ་པར་ཤེས་པ་ཡང་མཐའ་ཡས་སོ་སྙམ་དུ་སྒོམ་པ་ཡོངས་སུ་རྫོགས་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་དང༌། དེ་གཉིས་ཀའང་མཚན་མ་དང་བཅས་པར་མཐོང་ནས་གཟུང་བར་བྱ་བ་ཅི་ཡང་མེད་དོ་སྙམ་དུ་སྒོམ་པ་ཡོངས་སུ་རྫོགས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་འཇུག་དང༌། དེ་གསུམ་གའང་མཚན་མ་དང་བཅས་པར་མཐོང་ནས་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་མེད་པ་མིན་ནོ་སྙམ་སྒོམ་པ་ཡོངས་སུ་རྫོགས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྙོམས་འཇུག་གམ་སྲིད་རྩེའི་སྙོམས་འཇུག་ཡིན། གཟུགས་མེད་པའི་སྙོམས་འཇུག་དེ་དག་གི་འབྲས་བུ་ནི། གཟུགས་མེད་ཁམས་ལ་གཟུགས་རགས་པས་ཕྱེ་བའི་གནས་ཐ་དད་པ་མེད་ཀྱང་མཆོག་དམན་དང་ཚེ་རིང་ཐུང་དང༌། གོང་འོག་ལ་སོགས་པའི་སྒོ་ནས་ཐ་དད་དུ་ཡོད་ཅིང༌། གོང་ནས་གོང་དུ་ཏིང་ངེ་འཛིན་རྒྱ་ཆེ་ཞིང་ཇེ་བརྟན་དུ་གྱུར་པ་དང༌། ཚེ་རིང་བ་སོགས་ཀྱི་སྒོ་ནས་མངོན་མཐོའི་བདེ་འབྲས་ཁྱད་པར་དུ་འཕགས་པ་ཡིན།

བསམ་གཏན་བཞིའི་དངོས་གཞི་རྣམས་ལ་བརྟེན་ནས་བྱམས་སོགས་ཚད་མེད་བཞི་དང༌། འཇིག་རྟེན་པའི་མངོན་པར་ཤེས་པ་ལྷའི་མིག་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་སྔོན་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་ལྔ་ནི་ཁམས་གོང་མ་གཉིས་ཀྱི་ཡོན་ཏན་གྱི་ཁྱད་པར་ཡིན། ཐེག་པ་གསུམ་གྱི་ལམ་ལ་ཞུགས་པ་རྣམས་ཀྱིས་ཀྱང་ཐོག་མར་ཏིང་ངེ་འཛིན་དེ་དག་དང༌། ཡོན་ཏན་དེ་དག་བསྐྱེད་ནས། སླར་གོང་མའི་ཁྱད་པར་བསྒྲུབ་དགོས་པས་མངོན་ཤེས་ལ་སོགས་པ་ཡོན་ཏན་ཀུན་གྱི་གཞིར་གྱུར་པ་དང༌། ཁྱད་པར་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་འདུ་ཤེས་མེད་པའི་སྙོམས་འཇུག་དང༌། སྲིད་རྩེའི་དངོས་གཞིའི་སེམས་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་སོགས་ཐོབ་པས། ཕྱི་རོལ་པ་དང་ནང་པ་གཉིས་ཀས་དོན་དུ་གཉེར་བྱ་དང་བསྒྲུབ་བྱ་ཡིན་ལ། རྒྱལ་བའི་བསྟན་པ་རིམ་པར་འཇུག་པ་རྣམས་ཀྱི་སྔོན་འགྲོའི་ཆོས་ཀྱང་ཡིན་པས་དེ་ལྟར་ཤེས་ནས་གོམས་པའི་སྦྱོར་བ་ལ་བསླབ་དགོས།


༦) གསུམ་པ་ཤེས་རབ་ཀྱི་བསླབ་པའི་སྐོར།

ལྷག་པའི་བསླབ་པ་གསུམ་གྱི་ནང་ནས་གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། བརྟགས་ཤིང་དཔྱད་པའི་སྒོ་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་དང༌། དེའི་གོམས་པ་རྫོགས་པ་ན་ཤེས་རབ་ཀྱི་ཕར་ཕྱིན་དུ་འགྱུར་བ་ཡིན། དབྱེ་ན་གསུམ་ལས། དོན་དམ་རྟོགས་པའི་ཤེས་རབ་ནི། བདག་མེད་པའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པའམ་མངོན་སུམ་དུ་རྟོགས་པ་དང༌། ཀུན་རྫོབ་རྟོགས་པའི་ཤེས་རབ་ནི། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་དང༌། སེམས་ཅན་དོན་བྱ་བ་རྟོགས་པའི་ཤེས་ནི། སེམས་ཅན་རྣམས་ཀྱི་འདི་དང་ཕྱི་མའི་དོན་ཁ་ན་མ་ཐོ་བ་མེད་པར་སྒྲུབ་ཚུལ་ཤེས་པ་ལ་བྱེད།

དེ་དག་གི་ནང་ནས་གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་བསྒྲུབ་དགོས། བདག་མེད་པའི་དོན་འཇོག་ཚུལ་ལ་ནང་པ་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་རྣམས་ཀྱིས་འདོད་ཚུལ་སྣ་ཚོགས་ཡོད་ཅིང༌། དེ་ཐམས་ཅད་མཐར་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་པའི་ཐབས་སུ་འགྱུར་བ་ཤ་སྟག་ཡིན་ཞིང༌། སྐབས་འདིར་གཙོ་བོ་དབུ་མ་ཐལ་འགྱུར་བའི་ལུགས་གཞིར་བཞག་ནས་བཤད་ན།

ཙནྡྲ་ཀཱིརྟིས། —

ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །
ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཏེ། །
བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །
རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །

ཅེས་སྲིད་ཞིའི་རྒུད་པ་མ་ལུས་པའི་རྩ་བ་བདེན་པར་འཛིན་པའི་བདེན་འཛིན་མ་རིག་པ་བག་ཆགས་དང་བཅས་པ་ཡིན་ལ། དེ་དྲུངས་ནས་འབྱིན་བྱེད་ནི་དེ་དང་འཛིན་སྟངས་དངོས་སུ་འགལ་བ་བདག་མེད་རྟོགས་པའི་ཡེ་ཤེས་ཁོ་ན་མ་གཏོགས་གཞན་མེད། དེས་ན་ལྷག་མཐོང་ཁྱད་པར་ཅན་བདག་མེད་པའི་དོན་རྟོགས་པའི་ཐབས་ལ་འབད་བརྩོན་བྱ་དགོས།

བདག་མེད་ལ་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་ཡོད། དེའི་དང་པོ་གང་ཟག་གི་བདག་མེད་ལེགས་པར་ངེས་ན། ཆོས་ཀྱི་བདག་མེད་ངེས་སླ་བས་ཐོག་མར་གང་ཟག་གི་བདག་མེད་གཏན་ལ་འབེབས་དགོས། དེ་ཡང་ཨཱ་ཙཱརྱ་ཤཱནྟི་རཀྵི་ཏས་མཛད་པའི་མདྷྱ་མཀ་ཨཱལཾ་ཀཱ་ར་ལས། —

བདག་དང་གཞན་སྨྲས་དངོས་འདི་དག །
ཡང་དག་པར་ནི་གཅིག་པ་དང༌། །
དུ་མའི་དངོས་དང་བྲལ་བའི་ཕྱིར། །
རང་བཞིན་མེད་དེ་གཟུགས་བརྙན་བཞིན། །

ཞེས་གནད་བཞི་ཚང་བའི་གཅིག་དང་དུ་བྲལ་གྱི་གཏན་ཚིགས་བརྟེན་པ་གལ་ཆེ། གནད་བཞི་ནི། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། གཅིག་བྲལ་ངེས་པའི་གནད། དུ་བྲལ་ངེས་པའི་གནད་དང་བཞི་ཡིན། ཨཱ་ཙཱརྱ་ཤཱནྟི་དེ་ཝས། —

བརྟགས་པའི་དངོས་ལ་མ་རེག་པར། །
དེ་ཡི་དངོས་མེད་འཛིན་མ་ཡིན། །

ཞེས་གསུངས། དེ་ཡང་བདག་མེད་པའི་དོན་བཙལ་བ་ལ་བློ་བདེན་འཛིན་གྱི་འཛིན་ཚུལ་ལྟར་གྱི་དགག་བྱ་ངོས་ཟིན་པ་ཤིན་ཏུ་གལ་ཆེ། དགག་བྱ་རགས་པ་ཙམ་ལས་ཕྲ་མོ་ངོས་མ་ཟིན་ན་དགག་བྱ་རགས་པ་ཙམ་ཁེགས་པ་མ་གཏོགས་དགག་བྱའི་ལྷག་འཕྲོ་ལུས་པའི་དབང་གིས་བདེན་འཛིན་ལ་གནོད་མི་ཐུབ་པར་སྒྲོ་འདོགས་ཀྱི་མཐར་ལྷུང་ལ། དགག་བྱ་ཐལ་ཆེས་ཏེ་རྣམ་ཤེས་ཚོགས་དྲུག་གི་ཡུལ་དུ་གང་ཤར་ཐམས་ཅད་དགག་བྱར་བཟུང་ན་ཐ་སྙད་ཀྱི་རྣམ་གཞག་ལ་སྐུར་བ་འདེབས་པའི་མཐར་ལྷུང་བས་ཆད་ལྟའི་ཉེན་ཤིན་ཏུ་ཆེ། དེས་ན་ངར་འཛིན་ལྷན་སྐྱེས་ཀྱིས་ང་རང་བཞིན་གྱིས་གྲུབ་པར་འཛིན་ཚུལ་ཇི་འདྲ་ཞིག་ཡིན་སྙམ་དུ་ཞིབ་པར་བརྟགས་པས་ཕུང་པོའི་སྟེང་ནས་ང་ཞེས་ཚུགས་ཐུབ་ཏུ་གྲུབ་པར་སྣང་བ་ནི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ཡིན་ལ། དེ་འཕྱུགས་མེད་དུ་ངོས་ཟིན་པ་ནི་གནད་དང་པོ་དགག་བྱ་ངེས་པའི་གནད་ཡིན།

ང་དེ་རང་བཞིན་གྱིས་གྲུབ་ན་རང་གི་གདགས་གཞིའི་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པ་མ་གཏོགས། དེ་གཉིས་གང་རུང་མ་ཡིན་པའི་གྲུབ་ལུགས་མེད་པར་ཐག་ཆོད་པ་ནི་གནད་གཉིས་པ་ཁྱབ་པ་ངེས་པའི་གནད་ཡིན།

བདག་དང་ཕུང་པོ་གཉིས་བདེན་པའམ་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཅིག་ཡིན་ན་དབྱེ་བ་གཏན་ནས་མེད་པའི་གཅིག་ཡིན་དགོས། དེ་གང་ཡིན་ཞེ་ན། ངོ་བོ་གཅིག་ཏུ་གནས་ཀྱང་ལྡོག་པའམ་དབྱེ་བ་ཐ་དད་པར་སྣང་བའི་གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་ནི་ཀུན་རྫོབ་ཀྱི་རྫུན་ཚུལ་ཡིན་པས་བདེན་པར་གྲུབ་ན། སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་དེ་འདྲ་ཡོང་མི་སྲིད་ཅིང་བདེན་གྲུབ་སྣང་བའི་བློ་དེ་ལ་ཡུལ་གྱི་གནས་ཚུལ་ཇི་ལྟ་བ་མཐོང་སྣང་དགོས་པའི་དབང་གིས་རེད། དེས་ན་བདག་དང་ཕུང་པོ་གཉིས་བདེན་པའི་གཅིག་ཏུ་སོང་ན། གང་ཟག་གཅིག་ལའང་ཕུང་པོ་དུ་མ་ཡོད་པ་བཞིན་དུ་བདག་ཀྱང་མང་པོ་ཡོད་པར་འགྱུར་བའི་སྐྱོན་དང༌། བདག་གཅིག་ལས་མེད་པ་བཞིན་དུ་ཕུང་པོ་རྣམས་ཀྱང་གཅིག་ཏུ་འགྱུར་བ་དང༌། ཕུང་པོ་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་བའི་སྐྱོན་ཡོད། དེ་ལྟར་རིགས་པ་དུ་མའི་སྒོ་ནས་དཔྱད་པས་བདག་ཕུང་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་ཏུ་མེད་པར་རྟོགས་པ་ན་གནད་གསུམ་པ་གཅིག་བྲལ་ངེས་པའི་གནད་ཡིན།

བདག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན་རིགས་པས་དཔྱད་བཟོད་ཀྱི་ཐ་དད་ཡིན་དགོས་ལ། དེ་ལྟར་ན་ངོ་བོ་དང་རྫས་སོགས་རྣམ་པ་ཐམས་ཅད་དུ་ཐ་དད་པའི་འབྲེལ་མེད་དོན་གཞན་ཞིག་ཡིན་དགོས། གང་ཡིན་ཞེ་ན་ལྡོག་པའི་སྒོ་ནས་ཐ་དད་ཀྱང་ངོ་བོའི་སྒོ་ནས་ཐ་མི་དད་པ་ནི་རྫུན་པའི་རྣམ་གཞག་ཡིན་པས་རང་བཞིན་གྱིས་གྲུབ་ན་དེ་མི་འཐད། དེ་ལྟར་འབྲེལ་མེད་ཀྱང་ཐ་དད་ཡིན་ན། ཕུང་པོ་ན་བ་དང་རྒས་པ་དང་དོར་བ་སོགས་བྱུང་བའི་ཚེ་བདག་ན་བ་དང༌། རྒ་བ་སོགས་སུ་མི་འགྱུར་བས་བདག་ལ་ཕུང་པོའི་མཚན་ཉིད་སྐྱེ་འཇིག་སོགས་མེད་པར་འགྱུར་བ་དང༌། ཕུང་པོ་ལྔ་པོ་སོ་སོར་བསལ་བའི་ཤུལ་དུ་བདག་ལོགས་སུ་སྟོན་རྒྱུ་ཡོད་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས། བདག་ཕུང་པོ་དང་རང་བཞིན་གྱིས་གྲུབ་པའི་ཐ་དད་མེད་པར་ཐག་ཆོད་པ་ནི་གནད་བཞི་པ་དུ་བྲལ་ངེས་པའི་གནད་ཡིན།

དེ་ལྟར་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་དུའང་མ་གྲུབ་པར་རྟོགས་པ་དེ་བསྒྲུབ་བྱ་རང་བཞིན་གྱིས་མེད་པར་སྒྲུབ་པའི་སྒྲུབ་བྱེད་གཏན་ཚིགས་རྟོགས་པའི་བློ་ཡིན་ལ། དེ་ལས་བསྒྲུབ་བྱ་བདག་རང་བཞིན་མེད་པ་རྟོགས་ཚུལ་ནི། དཔེར་ན། འགྲོ་ས་ལུང་པ་གཉིས་ལས་མེད་པ་ཞིག་ཏུ་བ་ལང་བོར་བ་བཙལ་བས་ལུང་པ་གཉིས་ཀྱི་ཕུ་མདའ་བར་གསུམ་གང་དུའང་མེད་པ་མཐོང་ཙམ་ནས་བཙལ་རྒྱུའི་བ་ཡིད་ལ་བཞག་པ་དེ་མི་འདུག་གོ་སྙམ་པ་ལྷང་གིས་སྐྱེ་བ་བཞིན། བདེན་འཛིན་ལ་དགག་བྱའི་སྣང་ཚུལ་དེ་སྔར་ནས་ངོས་བཟུང་སྟེ་ཞེ་ལ་བཞག་བཞིན་པར་གཅིག་དང་དུ་བྲལ་གྱིས་དཔྱད་པའི་ཚེ་དུ་བྲལ་རྟོགས་ཟིན་མ་ཐག་ཡིད་ངོར་འཇགས་པའི་དགག་བྱའི་བདག་དེ་མི་འདུག་སྙམ་དུ་སྟོང་ཆམ་གྱིས་སོང་བ་ན་གང་ཟག་གི་བདག་མེད་རྟོགས་ཏེ་དབུ་མའི་ལྟ་བ་རྙེད་པ་རེད།

ཆོས་ཀྱི་བདག་མེད་ནི། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། —

ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །
ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །
ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །
ཡོངས་སུ་དག་པ་ནམ་མཁའ་ལྟ་བུ་ཡིན། །

ཞེས་གསུངས། སྔར་གང་ཟག་ལ་བཤད་པ་དང་མཚུངས་པར་གཞི་བུམ་པ་ལྟ་བུ་ལ་མཚོན་ན། ཉེར་ལེན་གྱི་རྒྱུ་རྡུལ་རྫས་ཕྲ་མོ་དུ་མ་འདུས་པའི་ཚོགས་པ་དང༌། ལྷན་ཅིག་བྱེད་རྐྱེན་བཟོ་བོའི་ལག་གི་འདུ་བྱེད་སོགས་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཙམ་མ་གཏོགས། དེ་དག་གང་ལའང་མི་ལྟོས་པའི་བུམ་པ་ཞིག་རང་བྱུང་རང་དབང་གི་ཚུལ་དུ་གྲུབ་པ་མེད། དེ་བཞིན་དུ་ཆོས་གང་དང་གང་ཡང་རྒྱུ་རྐྱེན་དང༌། ཆ་ཤས་སོགས་རྟེན་འབྲེལ་ལྟོས་གྲུབ་ཙམ་ལས་གཞན་པའི་རང་བཞིན་གྱིས་གྲུབ་པ་མེད། དེ་ལྟར་མེད་བཞིན་དུ་ཡོད་པར་སྣང་ཞིང༌། སྣང་བ་ལྟར་འཛིན་ཚུལ་དེ་ཆོས་ཀྱི་བདག་འཛིན་ཡིན། དེ་འདྲའི་བློའི་འཛིན་ཚུལ་དེ་ངོས་ཟིན་པར་བྱས་ནས་གོང་དུ་སྨོས་པ་ལྟར་གྱི་དགག་བྱ་ངེས་པའི་གནད་སོགས་གནད་བཞིའི་སྒོ་ནས་དཔྱད་པའི་མཐར་དེ་འདྲའི་བློའི་འཛིན་སྟངས་ཀྱི་ཡུལ་དེ་ཉིད་སྟོང་ཆམ་གྱིས་ཞིག་ནས་རྟེན་འབྲེལ་ཚོགས་ཙམ་གྱི་མིང་རྐྱང་བཏགས་ཡོད་ཙམ་ཞིག་ཏུ་བློ་ལ་ནམ་འཆར་བ་ན་ཆོས་ཀྱི་བདག་མེད་རྟོགས་པ་ཡིན། དེ་ལྟར་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་ངེས་པའི་སྟོབས་ཀྱིས་བརྟེན་ནས་བཏགས་པ་ཙམ་གྱི་རྒྱུ་འབྲས་བྱ་བྱེད་ཀྱི་རྣམ་གཞག་ལ་ངེས་པ་ལྷག་པར་འདྲེན་པ་དང༌། མིང་གིས་བཏགས་ཙམ་གྱི་རྟེན་འབྲེལ་ངེས་པ་ལ་བརྟེན་ནས་རང་ངོས་ནས་སྟོང་པ་ལ་ངེས་པ་ཚབས་ཆེ་བ་བྱུུང་ན་སྟོང་པ་རྟེན་འབྲེལ་གྱི་དོན་དང་རྟེན་འབྲེལ་སྟོང་པའི་དོན་དུ་ཤར་བ་ཞེས་སངས་རྒྱས་ཀྱི་དགོངས་པ་བླ་ན་མེད་པའི་ལྟ་བ་ཡང་དག་པ་དེ་ཇི་ལྟ་བ་བཞིན་རྟོགས་པ་ཡིན།

ཡང་དེ་འདྲ་བའི་སྟོང་ཉིད་རྟོགས་པར་བྱེད་པའི་ཐབས་ལ་ད་ལྟ་བཤད་མ་ཐག་པའི་གཅིག་དང་དུ་བྲལ་གྱི་རིགས་པ་དེ་ཙམ་དུ་མ་ཟད། རིགས་པའི་རྣམ་གྲངས་ལ་རྡོ་རྗེ་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། མུ་བཞི་སྐྱེ་འགོག་གི་གཏན་ཚིགས། རྟེན་འབྲེལ་གྱི་གཏན་ཚིགས་སོགས་ཤིན་ཏུ་མང་པོ་ཡོད། དེ་ལྟར་རིགས་པ་དུ་མའི་སྒོ་ནས་བདག་མེད་པའི་དོན་ཟབ་མོ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་ངེས་པ་ན། དེ་ལ་དཔྱད་འཇོག་གི་ཉམས་ལེན་གོང་ནས་གོང་མཐོར་སྐྱོང་བ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་སུ་ལེན་ཚུལ་ཡིན།


༧) བསློབ་པ་གསུམ་ལ་བརྟེན་ནས་ཉན་རང་གི་ལམ་བགྲོད་ཚུལ།

དེ་ལྟ་བུའི་ལྷག་པའི་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་འགའ་ཞིག་གིས་ཐེག་དམན་གྱི་ལམ་ལ་བགྲོད་དེ་ཐར་པ་དམ་པ་ཉན་རང་དགྲ་བཅོམ་པའི་གོ་འཕང་འཐོབ་པར་བྱེད། འགའ་ཞིག་གིས་ནི་ཐེག་པ་ཆེན་པོའི་ལམ་ལ་བགྲོད་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ཡིན། ཐེག་དམན་ཉན་རང་གི་ལམ་གཉིས་ཀྱི་དང་པོ་ཉན་ཐོས་ཀྱི་ལམ་ལ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ལྔ་དང༌། དེ་དག་ལ་ཇི་ལྟར་བགྲོད་ཚུལ་ནི།

ཤྲཱི་ཙནྡྲ་ཀཱརྟིས་མཛད་པའི་སྐྱབས་འགྲོ་བདུན་ཅུ་པར། —

དེ་ཕྱིར་ཐར་པའི་ཆ་ནས་ནི། །
བརྩམས་ཏེ་རྟག་ཏུ་དགེ་བ་ལ། །
ཉན་ཐོས་ཉིད་ཕྱིར་འབད་ན་ནི། །
རིམ་གྱིས་ཉམ་ཐོས་ཉིད་དུ་འགྱུར། །

ཞེས་༼འཁོར་བ་ཞེས་པ་ལས་ཉོན་གཉིས་ཀྱིས་དབང་གིས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་ལུས་བླངས་ནས་རང་དབང་མེད་པར་འཁོར་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་རྒྱུན་གྱི་ཆ་ཞིག་ལ་ཟེར།༽ འཁོར་བ་ན་སྡུག་བསྔལ་གསུམ་གྱིས་མནར་ཚུལ་ཇི་ལྟ་བ་བཞིན་རྟོགས་ནས་དེ་ལས་ཡིད་འབྱུང་སྟེ་རང་གི་དོན་དུ་གཉེར་བྱའི་ཐར་པ་ལ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ནས་མྱོང་བ་ཐོན་པ་ན་ཉན་ཐོས་ཀྱི་ཚོགས་ལམ་དུ་ཞུགས་པ་ཡིན།

ཉན་ཐོས་ཚོགས་ལམ་ལ་ཆུང་འབྲིང་ཆེན་པོ་གསུམ་ཡོད་ཅིང༌། དེ་དག་གི་སྐབས་དེར་མི་སྡུག་པ་སྒོམ་པ་དང༌། དབུགས་འབྱུང་རྔུབ་དྲན་པའི་ཏིང་ངེ་འཛིན་དང༌། དྲན་པ་ཉེར་གཞག་དང༌། ཡང་དག་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་སོགས་སྒོམ་པའི་སྟོབས་ཀྱིས། སྡུག་བསྔལ་གཙང་བ་བདེ་བ་རྟག་པ་བདག་ཏུ་འཛིན་པའི་འཛིན་པ་ཕྱིན་ཅི་ལོག་དང༌། ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ཟིལ་གྱིས་མནན་པས། སྲིད་པ་འཁོར་བའི་དཔལ་འབྱོར་ལོངས་སྤྱོད་སོགས་གང་ལའང་ཡིད་སྨོན་མི་སྐྱེ་བར་རྣམ་བྱང་ཐར་པའི་ཕྱོགས་ལ་རྗེས་སུ་གཞོལ་བའི་ཡོན་ཏན་དང༌། སྤྲུལ་པ་སོགས་གང་འདོད་དུ་བྱེད་ནུས་པ་དང༌། མངོན་ཤེས་ལྔ་ཡང་ཅི་རིགས་པར་ཡོད།

>དེ་རྗེས་སྦྱོར་ལམ་གྱི་དུས་སུ་ཚོགས་ལམ་གྱི་ཡོན་ཏན་གྱི་རིགས་ཐམས་ཅད་སྔར་ལས་ལྷག་པ་ཡོད་པ་མ་ཟད། སྦྱོར་ལམ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ཡོད་པ་དེ་དག་སོ་སོའི་སྐབས་སུ་བདེན་པ་བཞིའི་དེ་ཁོ་ན་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཁྱད་པར་ཅན་རིམ་བཞིན་འཐོབ་པས། མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་སོགས་པའི་རྣམ་པའི་དོན་སྤྱི་ལ་གསལ་སྣང་ཁྱད་པར་ཅན་འབྱུང་བ་དང༌། དབང་པོ་ལྔ་དང་སྟོབས་ལྔ་ཐོབ་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད།
སྦྱོར་ལམ་ཆོས་མཆོག་ནས་མཐོང་ལམ་དུ་འཕོས་པ་ན་བདེན་བཞིའི་རྣམ་པ་བཅུ་དྲུག་གིས་བསྡུས་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་སྟོབས་ཀྱིས་ཁམས་གསུམ་གྱི་མཐོང་སྤང་ཉོན་མོངས་བརྒྱ་དང་བཅུ་གཉིས་ཐམས་ཅད་ཀྱི་ས་བོན་དྲུངས་ནས་ཕྱུང་བས་འཕགས་པའི་ཁྱད་ཆོས་རྣམས་ཐོབ་པའི་རྒྱུ་མཚན་གྱིས་དོན་དམ་པའི་དགེ་འདུན་དཀོན་མཆོག་ཏུ་གྱུར་པ་རེད།

>མཐོང་ལམ་ཐོབ་ཟིན་ནས་ཉོན་མོངས་ལྷན་སྐྱེས་ཀྱི་ས་བོན་གཞོམ་པའི་ཆེད་དུ་འཕགས་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ཡིན།

དེ་དག་གི་ངོ་བོ་དང་བྱེད་ལས་ནི། ཡང་དག་པའི་ལྟ་བ་ནི། མཉམ་བཞག་ཏུ་བདེན་བཞིའི་ཆོས་ཉིད་འདི་ལྟར་རྟོགས་ཞེས་རྗེས་ཐོབ་ཏུ་དཔྱོད་པས་ཡོངས་གཅོད་ཀྱི་སྒོ་ནས་ངེས་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་ནི། ཟབ་དོན་ཇི་ལྟར་རྟོགས་པ་དེ་རྟགས་དང་གཏན་ཚིགས་ཀྱི་སྒོ་ནས་བརྟག་ཅིང༌། དེ་དག་མདོའི་དོན་ཇི་ལྟར་འགྲོ་བ་གཞན་ལ་མཚོན་པའི་ཚུལ་གཏན་ལ་འབེབས་ཤིང་གོ་བར་བྱེད་པ་དང༌། ཡང་དག་པའི་ངག་ནི། ཆོས་ཉིད་སྤྲོས་བྲལ་དེའི་རང་བཞིན་ཐ་སྙད་ཙམ་དུ་ཚིག་གིས་མཚོན་པས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལ་སྟོན་པས་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་ཅིང༌། རྫུན་སོགས་དག་པའི་ངག་རྣམ་དག་དང༌། ཡང་དག་པའི་ལས་ཀྱི་མཐའ་ནི། སྤྱོད་ལམ་ཐམས་ཅད་ཆོས་དང་མི་མཐུན་པ་མེད་ཅིང་ཆོས་དང་མཐུན་པའི་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ལུས་ཀྱི་ལས་དག་པ་དང༌། ཡང་དག་པའི་འཚོ་བ་ནི། སྡིག་ཟས་ལོག་འཚོ་དང་མ་འདྲེས་ཤིང༌། ལུས་ཀྱི་ཚུལ་འཆོས་དང༌། ངག་གི་ཁ་གསག་སོགས་དག་པས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པ་དང༌། ཡང་དག་པའི་རྩོལ་བ་ནི། མཐོང་ཟིན་ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་སྒོམ་པར་བྱེད་པས་སྒོམ་སྤང་ཉོན་མོངས་ཀྱི་གཉེན་པོ་བྱེད། ཡང་དག་པའི་དྲན་པ་ནི། ཞི་ལྷག་གི་དམིགས་རྣམ་མི་བརྗེད་པར་འཛིན་པས་ཉེ་བའི་ཉོན་མོངས་པ་བརྗེད་ངས་ཀྱི་གཉེན་པོ་བྱེད། ཡང་དག་པའི་ཏིང་ངེ་འཛིན་ནི། བྱིང་རྒོད་ལ་སོགས་པའི་སྐྱོན་མེད་པའི་ཏིང་ངེ་འཛིན་བསྒྲུབས་ཤིང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ནས་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བྱེད་པ་ཡིན།

དེ་དག་ཀྱང་བསྡུ་ན་བཞིར་འདུ་སྟེ། ཨཱརྱ་མཻ་ཏྲིས་མཛད་པའི་མདྷྱནྟ་བི་བྷག་ལས། —

ཡོངས་སུ་གཅོད་དང་གོ་བྱེད་དང༌། །
རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །
མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །
ལམ་གྱི་ཡན་ལག་དེ་བརྒྱད་དོ། །

ཞེས་གསུངས། ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་བྱེད། ཡང་དག་པའི་རྟོག་པ་ནི་གོ་བྱེད་དང༌། ཡང་དག་པའི་ངག ལས་མཐའ། འཚོ་བ་གསུམ་གཞན་ཡིད་ཆེས་པའི་ཡན་ལག་དང༌། ལྷག་མ་གསུམ་གཉེན་པོའི་ཡན་ལག་ཡིན།

དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ཟིན་སྒོམ་པར་བྱེད་པ་ལ་བརྟེན་ནས་སྒོམ་སྤང་ཉོན་མོངས་ཆེན་པོའི་དངོས་ཀྱི་གཉེན་པོ་སྐྱེས་པ་ན་སྒོམ་ལམ་ཐོབ། དེ་ལ་སྤང་བྱ་རིམ་གྱིམས་སྤོང་བ་དང༌། ཅིག་ཅར་དུ་སྤོང་བ་གཉིས་ཡོད། སྤང་བྱ་རིམ་གྱིས་སྤོང་བའི་དབང་དུ་བྱས་ན་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་སྐོར་དགུ་ཆེ་རིམ་གྱིས་སྤོང་བ་ནས། སྲིད་རྩེའི་སྒོམ་སྤང་སྐོར་དགུ་རིམ་བཞིན་སྤོང་བའི་བར་སྒོམ་སྤང་བརྒྱད་ཅུ་གྱ་གཅིག་གི་དངོས་གཉེན་རྣམས་ཆུང་རིམ་ནས་རིམ་གྱིས་སྐྱེས་པའི་ཐ་མ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དྲངས་པའི་རྣམ་གྲོལ་ལམ་ཐོབ་པ་ན་ཉན་ཐོས་མི་སློབ་ལམ་མམ་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད།

སྤང་བྱ་ཅིག་ཅར་བ་རྣམས་ཁམས་གསུམ་ས་དགུའི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་དུས་མཉམ་དུ་སྤོང་ཞིང༌། དེ་བཞིན་དུ་ཆེན་པོའི་འབྲིང་དགུ་མཉམ་དུ་སྤོང་བ་ནས། ཆུང་ངུའི་ཆུང་ངུ་དགུ་མཉམ་དུ་སྤོང་བའི་བར་གྱི་ལམ་བགྲོད་དེ་དགྲ་བཅོམ་པའི་གོ་འཕང་འཐོབ་པར་བྱེད་པ་ཡིན། ཐེག་དམན་རང་རྒྱལ་གྱི་ལམ་ལ་ཡང༌། ཙནྡྲ་ཀཱིརྟིས་མཛད་པའི་སྐྱབས་འགྲོ་བདུན་ཅུ་པར། —

གང་ཞིག་རང་བྱུང་ཡེ་ཤེས་འདོད། །
རང་རྒྱལ་བྱང་ཆུབ་དོན་གཉེར་བས། །
བརྩོན་པ་དེ་ཡང་རང་རྒྱལ་གྱི། །
བྱང་ཆུབ་ཁོ་ན་དེས་འཐོབ་བོ། །

ཞེས་དོན་དུ་གཉེར་བྱའི་བྱང་ཆུབ་མི་འདྲ་བ་དང༌། བསོད་ནམས་བསྐལ་པ་དུ་མར་བསགས་མི་བསགས་ཀྱི་ཁྱད་པར་ལས་གཞན་ལམ་ལྔ་ཡོད་པ་སོགས་ཕལ་ཆེར་ཉན་ཐོས་དང་འདྲའོ།།


༨) ཐེག་པ་ཆེན་པོ་ལས་ཕར་ཕྱིན་ཐེག་པའི་སྐོར།

ཐེག་པ་ཆེན་པོ་ལ་ནང་གསེས་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཡོད་པའི་དང་པོ་ཕར་ཕྱིན་ཐེག་པའི་ལམ་ལའང༌། ཐེག་དམན་གྱི་ལམ་བཞིན་དུ། ཚོགས་ལམ་སོཌ་ལྔ་ཡོད་ཅིང༌། དེ་ཡང་སྡུག་བསྔལ་གྱིས་མནར་ཞིང་བདེ་བས་ཕོངས་པའི་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་སྒྲུབ་པའི་ཁུར་མཐའ་དག་རང་ཉིད་ཀྱིས་འཁྱེར་བའི་བྱམས་པ་དང༌། སྙིང་རྗེས་ཀུན་ནས་བསླངས་ཏེ་སངས་རྒྱས་ཀྱི་གོ་འཕང་དོན་གཉེར་གྱི་བསམ་པ་བཅོས་མིན་སྐྱེས་པ་ན། བྱང་ཆུབ་སེམས་དཔའ་རྒྱལ་སྲས་བདག་ཉིད་ཆེན་པོ་ཞེས་ལྷ་མིར་བཅས་པའི་འཇིག་རྟེན་ཐཾས་ཅད་ཀྱི་ཕྱག་བྱ་བའི་འོས་སུ་གྱུར་ཅིང་ཐེག་ཆེན་གྱི་ཚོཌ་ལམ་ཐོབ། །

སེམས་བསྐྱེད་མ་ཐག་ནས་སྡིག་ལྟུང་ཤིན་ཏུ་མང་བ་འདག་པ་དང༌། ཚོགས་རླབས་ཆེན་མྱུར་དུ་སྡུད་པ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་མངའ་ཞིང༌། ཚོགས་ལམ་ཆེན་པོའི་དུས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མངོན་ཤེས་བསྒྲུབས་པའི་སྒོ་ནས་ཕྱོགས་བཅུའི་ཞིང་ཁམས་སུ་བྱོན་ཏེ་སངས་རྒྱས་མང་པོ་ལ་བསྙེན་བཀུར་མཛད་ཅིང༌། ཆོས་རྒྱུན་གྱི་ཏིང་ངེ་འཛིན་འཐོབ་པའི་མཐུ་ལ་བརྟེན་ནས། སངས་རྒྱས་དེ་དག་ལས་ཟབ་རྒྱས་ཀྱི་གདམས་ངག་མཐའ་ཡས་པ་ཐོས་པའི་དོན་ཉམས་སུ་ལེན་པ་སོགས་འབྱུང༌། དེ་ནས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་ཉིད་ལ་དོན་སྤྱིའི་ཚུལ་གྱིས་དམིགས་པའི་ཞི་ལྷག་ཟུང་དུ་འབྲེལ་བའི་སྦྱོར་ལམ་ཐོབ་ཅིང༌། སྦྱོར་ལམ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ཡོད། དེ་དག་སོ་སོའི་སྐབས་བདེན་འཛིན་གྱི་གཉིས་སྣང་རགས་པ་རྣམས་ཇེ་ཕྲར་སོང་བས་སྟོང་པ་ཉིད་ཀྱི་དོན་སྤྱིར་གསལ་སྣང་ཁྱད་པར་ཅན་རིམ་བཞིན་འབྱུང་བའི་མཐུས་གཟུང་བ་དང་འཛིན་པའི་བདེན་ཞེན་གྱི་རྟོག་པ་ཉམས་སྨད་པར་བྱེད་པ་དང༌། ཉིན་མོར་ཐབས་ཤེས་ཀྱི་ཉམས་ལེན་རྒྱ་ཆེ་བའི་དབང་གིས་མཚན་མོ་རྨི་ལམ་དུའང་ཆོས་ཐམས་ཅད་རྨི་ལམ་ལྟར་རང་བཞིན་མེད་པར་བལྟ་བ་དང༌། ཐེག་པ་དམན་པའི་ཡིད་བྱེད་གཏན་ནས་མི་བསྐྱེད་པ་དང༌། སེམས་ཅན་རྣམས་ལ་ཆོས་སྟོན་པའི་སེམས་སྐྱེ་བ་སོགས་དང༌། འབྱུང་བཞིའི་གནོད་པ་དང༌། ནད་གདོན་སོགས་གནོད་འཚེའི་རིགས་ཞི་བར་བྱེད་ནུས་པའི་བདེན་ཚིག་གྲུབ་པ་ལ་སོགས་པ་རྩེ་སྦྱོར་ཐོབ་པའི་རྟགས་རྣམས་དང༌། བྱང་སེམས་དབང་རྣོན་སྦྱོར་ལམ་གྱི་སྐབས་སུ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་རྣམས་ལ་ངོ་མཚར་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ཡོད། དེ་ནས་སྟོང་ཉིད་མངོན་སུམ་དུ་གཟིགས་པའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་ཁམས་གསུམ་གྱི་ཉོན་སྒྲིབ་ཀུན་བརྟགས་བརྒྱ་དང་བཅུ་གཉིས་དང༌། ཤེས་སྒྲིབ་ཀུན་བརྟགས་བརྒྱ་དང་བརྒྱད་ཀྱི་ས་བོན་ཅིག་ཅར་དུ་སྤོང་བར་བྱེད་ལ། དེ་འདྲའི་མཐོང་ལམ་ཐོབ་པའི་ཚེ་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་སྤངས་པ་དང༌། ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས་དུག་དང་མཚོན་དང༌། མེ་ལ་སོགས་པ་ཉམ་ང་བའི་རྐྱེན་ཅི་འདྲ་དང་འཕྲད་ཀྱང་བདེ་བ་ཁོ་ན་མ་གཏོགས་སྡུག་བསྔལ་གཏན་ནས་མི་འབྱུང༌། དེ་ནས་སྒོམ་ལམ་གྱིས་བསྡུས་པའི་ས་དང་པོ་ནས་ས་བཅུ་པའི་བར་གྱིས་སྒོམ་སྤང་ཉོན་མོངས་བཅུ་དྲུག་དང༌། སྒོམ་སྤང་ཤེས་སྒྲིབ་བརྒྱ་དང་བརྒྱད་ཀྱི་ས་བོན་ཆེ་རིམ་ནས་རིམ་གྱིས་སྤོང་བར་བྱེད་པ་ལྟ་བུ་སྤང་བྱ་མི་མཐུན་ཕྱོགས་འཇོམས་པའི་ཡོན་ཏན་གོང་འཕེལ་དུ་སོང་བ་རེད། །

ས་བཅུ་ནི། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་ཡིན། ས་བཅུ་སོ་སོའི་གནས་སྐབས་སུ་བསྐལ་པ་མང་པོར་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་ལྷག་བསམ་རྒྱ་ཆེན་པོའི་སྒོ་ནས་བསྙེན་བཀུར་བྱེད་ཅིང་དམ་པའི་ཆོས་འཛིན་པ་དང༌། བསྡུ་བའི་དངོས་པོ་བཞིས་སེམས་ཅན་མཐའ་ཡས་པ་སྨིན་པར་བྱེད་པ་སོགས་ས་སོ་སོའི་ཡོངས་སྦྱོང་དང་རྟགས་ཀྱི་ཁྱད་པར་ལ་སོགས་ཡོན་ཏན་རྣམས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་མངའ་ཞིང༌། དེ་འདྲའི་ས་བཅུ་རིམ་གྱིས་བགྲོད་དེ་མཐར་ས་བཅུ་པའི་མཇུག་ཐོགས་སུ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་ཤེས་སྒྲིབ་ཕྲ་མོའི་རྒྱུན་བཅད་དེ། ཡོན་ཏན་མཐའ་ཡས་པའི་སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པར་འགྱུར་བ་ཡིན། །


༩) ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྐོར།

གཉིས་པ་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པ་ནི། ཨཱཙཱརྱ་ཀ་མ་ལ་ཤཱི་ལས་མཛད་པའི་ཏྲི་ཤཱིལ་དཱི་པཾ་ལས། —–

དོན་གཅིག་ན་ཡང་མ་རྨོངས་དང༌། །
ཐབས་མང་དཀའ་བ་མེད་པ་དང༌། །
དབང་པོ་རྣོན་པོའི་དབང་བྱས་པས། །
སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །

ཞེས་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་ཆེས་མཆོག་ཏུ་གྱུར་པ་ཡིན། འོན་ཀྱང་ཐེག་པ་འདི་དང་ཕར་ཕྱིན་ཐེག་པ་གཉིས་ཀྱི་ཐོབ་བྱ་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ལ་བཟང་ངན་དང་མཆོག་དམན་གྱི་ཁྱད་པར་གང་ཡང་མེད་ཅིང༌། ཐེག་པ་དེ་གཉིས་ཀྱི་ཁྱད་པར་ནི། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་རྒྱུའི་ཆ་ནས་ཁྱད་པར་འབྱེད་དགོས། དེ་ཡང་འབྲས་བུ་སངས་རྒྱས་ཀྱི་སྐུ་དེ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཡོད་པ་ལྟར། དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ལ་ཡང་གཉིས་ཡོད་དགོས་པས། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་དང་གཟུགས་སྐུའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་མདོ་སྔགས་གཉིས་ཀ་ལ་འདྲབ་ཡིན། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་རྒྱ་ཆེ་བའི་ཐབས་ཡོད་པ་ནི། གསང་སྔགས་རྡོ་རྗེ་ཐེག་པ་དང༌། དེ་མེད་ཅིང་སེམས་བསྐྱེད་དང་ཕྱིན་དྲུག་སོགས་ཀྱི་ཐབས་ཙམ་ཡོད་པ་ནི། ཕར་ཕྱིན་གྱི་ཐེག་པ་ཡིན། དེའི་གནད་ཀྱིས་ཕར་ཕྱིན་ཐེག་པའི་ལམ་ལ་བརྟེན་ནས་ཚེ་རབས་མང་པོ་བརྒྱུད་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་མ་གཏོགས། ཚེ་གཅིག་ལ་སངས་རྒྱས་གོ་འཕང་འཐོབ་མི་ནུས་ཤིང༌། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་དབང་པོ་རབ་ཀྱིས་ཚེ་གཅིག་དང༌། མི་ལོ་འགའ་ཞིག་ལའང་འཚང་རྒྱ་བ་ཡོད་པས་གསང་སྔགས་ཀྱི་མྱུར་ཁྱད་ཤིན་ཏུ་ཆེ། གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་དེ་གང་ཡིན་སྙམ་ན། འབྲས་བུ་གཟུགས་ཀྱི་སྐུའི་གནས་ལུས་སོགས་དང་རྣམ་པ་འདྲ་བའི་ལྷའི་རྣལ་འབྱོར་སྒོམ་པའི་ཐབས་བླ་ན་མེད་པ་ནི་ཕར་ཕྱིན་ཐེག་པ་ལ་མེད་པའི་རྒྱ་ཆེ་བའི་ཐབས་ཡིན། གསང་སྔགས་དེ་ལའང༌། རྡོ་རྗེ་གུར་གྱི་ལེའུ་བཅུ་གསུམ་པ་ལས། །

དམན་པ་རྣམས་ལ་བྱ་བའི་རྒྱུད། །
བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །
རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །
རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །

ཞེས་གདུལ་བྱའི་དབང་པོའི་རིམ་པ་དང་བསྟུན་པའི་རྩ་བའི་རྒྱུད་སྡེ་བཞི་དང༌། དེ་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བ་མང་པོ་དང༌། དེ་དག་གི་ལམ་གྱི་ངོ་བོ་མི་འདྲ་བ། རྣམ་གྲངས་མི་འདྲ་བ། རྒྱུད་སྡེ་ནས་གསུངས་ཚུལ་མི་འདྲ་བ། ལམ་ལ་མྱུར་བུལ་མི་འདྲ་བ་སོགས་ཤིན་ཏུ་མི་འདྲ་བ་ཡོད་ཀྱང༌། དེ་དག་གི་གནད་ཕྲ་ཞིང་ཞིབ་པ་ནི་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་གིས་རྒྱུད་སྨིན་པའི་སྣོད་ལྡན་གྱི་གདུལ་བྱ་ལ་གསང་བས་བསྟན་པར་འོས་པ་ལས། གང་བྱུང་ཁྲོམ་བསྒྲག་ཏུ་བྱ་བར་མི་རུང་ལ། སྐབས་སུ་མ་བབས་པས་འདིར་མ་སྨྲས་ཤིང༌། མདོར་ན་གསང་སྔགས་སྤྱིའི་ཉམས་ལེན་གྱི་སྡོམ་ལྟ་བུ་ནི། ལམ་ཐུན་མོང་བ་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་ཐོན་པའམ། དེ་ལྟ་བུ་མིན་ཡང་མྱོང་བ་སྣེ་ཟིན་ཙམ་སྔོན་དུ་སོང་བའི་གང་ཟག་གིས། ཐོག་མར་མཚན་ལྡན་གྱི་བླ་མའི་དྲུང་ནས་རྒྱུད་སྡེ་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་ནོད་དེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བ་གཞིར་བཟུང་བའི་ཐོག་ནས་སྣང་ཕྱོགས་ལྷའི་འཁོར་ལོ་ལ་རྩེ་གཅིག་ཏུ་དམིགས་ནས་འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་བསྒྲུབས་ཤིང༌། ནང་གི་རླུང་དང་རྩ་ཁམས་སོགས་ལ་གནད་དུ་བསྣུན་པའི་ཐབས་མཁས་ལ་བརྟེན་ནས་སེམས་སྤྲོས་བྲལ་འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ཞུགས་པའི་རྣལ་འབྱོར་ལ་གཞོལ་བས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་སྒྲུབ་པར་བྱེད་པ་ཡིན། །


༡༠) འབྲས་བུ་སངས་རྒྱས་ཀྱི་སྐུ་བཞི་དང་ཡོན་ཏན་འཕྲིན་ལས་ཀྱི་སྐོར།

དེ་ལྟར་གོང་དུ་བཤད་པའི་མདོ་སྔགས་ཀྱི་ལམ་དེ་རྣམས་ལ་བརྟེན་ནས་ཐོབ་པའི་སངས་རྒྱས་ཀྱི་སྐུ་དེ་ལ་ཡང༌། ཨཱརྱ་མེེ་ཏྲིས་མཛད་པའི་ཨབྷིསམཡཨཱལངཀཱར་ལས། —–

ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །
དེ་བཞིན་གཞན་པ་སྤྲུལ་པ་ནི། །
ཆོས་སྐུ་མཛད་པ་དང་བཅས་པ། །
རྣམ་པ་བཞིར་ནི་ཡང་དག་བརྗོད། །

ཅེས་བཞི་ཡོད་དེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ༑ སྤྲུལ་སྐུ་དང་བཞི་ཡོད། དང་པོ་ངོ་བོ་ཉིད་སྐུ་ནི། ས་བཅུའི་རྒྱུན་གྱི་ཐ་མ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཟད་པར་སྤོང་ཞིང༌། དེ་འདྲའི་བར་ཆད་མེད་ལམ་དེས་དྲངས་པའི་རྣམ་གྲོལ་ལམ་ཐོབ་པ་ན། སྒྲིབ་གཉིས་གློ་བུར་བའི་དྲི་མ་མཐའ་དག་སྤངས་པའི་སྤངས་པ་ངོ་བོ་ཉིད་སྐུ་འཐོབ་པ་ནི་གློ་བུར་རྣམ་དག་གི་ཆ་དང༌། སྔར་ཐ་མལ་པའི་གནས་སྐབས་སུ་རང་བཞིན་གནས་རིགས་སུ་འཇོག་པའི་སེམས་ཀྱི་སྟེང་གི་བདེན་སྟོང་དེ་ཉིད་གནས་འགྱུར་མཐར་ཕྱིན་པའི་ཚེ་སངས་རྒྱས་ཀྱི་ཐུགས་རྣམ་མཁྱེན་གྱི་སྟེང་གི་སྟོང་པ་ཉིད་དུ་སོང་བ་དེ་ནི་རང་བཞིན་རྣམ་དག་གི་ཆ་སྟེ་དེ་འདྲའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་ནི་ངོ་བོ་ཉིད་སྐུ་ཡིན། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དུས་འབའ་ཞིག་ལ་འབྱུང་ཡང་མི་རྟག་པ་མ་ཡིན་ཞིང༌། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང༌། རང་བཞིན་གཞན་དུ་འགྱུར་བ་མེད་པ་རྟག་པའི་རང་བཞིན་ཡིན། །

གཉིས་པ་ཡེ་ཤེས་ཆོས་སྐུ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་མཐའ་དག་རང་ཉིད་ཀྱི་མདུན་ན་ཡོད་པ་ལྟར་མངོན་སུམ་དུ་གཟིགས་པའི་ཀུན་མཁྱེན་ཡེ་ཤེས་དེ་ཡིན། དེ་ལའང་ལྡོག་ཆས་དབྱེ་ན། བྱང་ཕྱོགས་སོ་བདུན་གྱི་སྡེ་ཚན་ནས་རྣམ་མཁྱེན་གྱི་བར་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ཡོད་ཚུལ་སོགས་འོག་ཏུ་ཐུགས་ཀྱི་ཡོན་ཏན་འཆད་པའི་སྐབས་སུ་གསལ་ཞིང་དེ་འདྲའི་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་ནི། སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཙམ་ཞིག་ཡིན། །

གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། སློབ་པ་ལམ་གྱི་གནས་སྐབས་སུ་ཞིང་དག་སྦྱོར་བ་སྒོམ་པའི་སྟོབས་ཀྱིས་འགྲུབ་པའི་གནས་ཁྱད་པར་ཅན་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ཐོག་མར་གང་གི་ངོ་བོར་སངས་རྒྱས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་སྟེ་མཆོག་གི་སྤྲུལ་སྐུའི་སྤྲུལ་གཞི་དེ་ལ་ཟེར། དེ་འདྲའི་ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁོར་ནར་བཞུགས་པ། སྐུ་ངེས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་གསལ་ལ་རྫོགས་པས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ་མ་གཏོགས་སོ་སྐྱེ་རྣམས་དང༌། ཉན་རང་འཕགས་པ་རྣམས་ཀྱིས་མཇལ་བར་མི་ནུས་པ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ལས་ཐེག་དམན་གྱི་ཆོས་མི་གསུངས་པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་སྐྱེ་འཆིའི་རྣམ་པ་མི་སྟོན་པར་བཞུགས་པ་སྟེ། ངེས་པ་ལྔ་ཚང་བའི་གཟུགས་ཀྱི་སྐུ། བདེན་པ་མངོན་སུམ་དུ་མཐོང་བའི་ཐེག་ཆེན་འཕགས་པའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ལ་ལོངས་སྐུ་ཟེར། །

བཞི་པ་སྤྲུལ་སྐུ་ནི། གདུལ་བྱ་སོ་སྐྱེ་རྣམས་ཀྱིས་ཀྱང་མཇལ་བར་ནུས་ཤིང་ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་ཞིག་ཡིན། དེ་ལའང་མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ་དང་གསུམ། མཆོག་གི་སྤྲུལ་སྐུ་ནི་ལོངས་སྐུས་སྤྲུལ་གཞིར་བྱས་ནས་འཛམ་བུའི་གླིང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱའི་དོན་མཛད་པའི་སྤྲུལ་པའི་སྐུ་མཚན་དཔེས་བརྒྱན་པ་ཞིག་ལ་ངོས་འཛིན་དགོས། དཔེར་མཚོན་ན་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་ཡིན། །

མཛད་པ་བཅུ་གཉིས་ནི། སྟོན་པ་ཤཱཀྱ་ཐུབ་པར་མཚོན་ན༑ དགའ་ལྡན་གནས་ནས་འཕོ་བའི་མཛད་པ། ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ། ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས་པའི་མཛད་པ། བཟོའི་གནས་ལ་མཁས་ཤིང་གཞོན་ནུའི་རོལ་རྩེད་ཀྱི་མཛད་པ། བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་སྲིད་བཟུང་བའི་མཛད་པ། གྲོང་ཁྱེར་གྱི་སྒོ་བཞིར་ཕེབས་ནས་ཐུགས་སྐྱོ་བའི་ཚུལ་གྱིས་རབ་ཏུ་བྱུང་བའི་མཛད་པ། ཆུ་བོ་ནཻ་རཉྫ་ནར་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཛད་པ། བྱང་ཆུབ་ཤིང་དྲུང་དུ་གཤེགས་ཤིང་བཞུགས་པའི་མཛད་པ། བདུད་ཀྱི་སྡེ་མཐའ་དག་བཅོམ་པའི་མཛད་པ། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ། ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་བཞིའི་ཆོས་འཁོར་བསྐོར་བའི་མཛད་པ། གྲོང་ཁྱེར་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་མཛད་པ་སྟེ། མཛད་པ་བཅུ་གཉིས་པོ་དེ་རྣམས་ཀྱང་གདུལ་བྱ་ཐ་མལ་པ་རྣམས་ཀྱི་སྣང་ངོར་འགའ་ཞིག་བྱང་ཆུབ་སེམས་དཔའི་མཛད་པ་དང༌། འགའ་ཞིག་སངས་རྒྱས་ཀྱི་མཛད་པ་ལྟ་བུར་བསྟན་པ་ཡང༌། སངས་རྒྱས་རྣམས་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས་དེ་འདྲའི་ཚུལ་བསྟན་པ་ཙམ་མ་ གཏོགས། དོན་ལ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནས་བཟུང་མཛད་པ་བཅུ་གཉིས་མཐའ་དག་སངས་རྒྱས་ཀྱི་མཛད་པ་ཤ་སྟག་ཡིན། བཟོ་བོ་སྤྲུལ་སྐུ་ནི། སྟོན་པ་ཤཱཀྱ་ཐུབ་པས་དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་ཕྱིར་དུ། པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་པ་ལྟ་བུ། སྐྱེ་བ་སྤྲུལ་སྐུ་ནི། དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་ལྟ་བུ་ཡིན། སྐུ་བཞིའི་ནང་ནས་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས་གདུལ་བྱ་རྣམས་ཀྱིས་མཐོང་བར་མི་ནུས་ཤིང༌། ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་རྣམ་པ་གཉིས་པོ་ཅི་རིགས་གདུལ་བྱ་ལ་དངོས་སུ་སྣང་བའི་སྒོ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་ཡིན། སངས་རྒྱས་ཀྱི་སྐུའི་རྣམ་གྲངས་དབྱེ་ཚུལ་ལ་གོང་དུ་བཤད་པ་ལྟར་སྐུ་བཞིར་དབྱེ་བ་དང༌། ཡང་སྐུ་བཞི་དེ་ལས་ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས་ཆོས་སྐུ་ཞེས་གཅིག་ཏུ་བསྡུས་ནས་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་གསུམ་དུ་བྱེད་པ་དང༌། ཡང་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱང་གཟུགས་སྐུ་ཞེས་གཅིག་ཏུ་བསྡུས་ནས། ཆོས་གཟུགས་ཀྱི་སྐུ་གཉིས་སུ་བྱེད་པ་སོགས་ཀྱང་ཡོད། དེ་ལྟ་བུའི་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ལ་དབྱེ་སྒོ་མང་ཡང༌། སྐུ་གསུང་ཐུགས་འཕྲིན་ལས་བཞིའི་སྒོ་ནས་བཤད་ན། །

སྐུའི་ཡོན་ཏན་མཚན་དང་དཔེ་བྱད་ནི། ཕྱག་ཞབས་ཀྱི་མཐིལ་དུ་གསེར་གྱི་འཁོར་ལོ་རྒྱ་འབུར་གྱི་རི་མོ་བཞིན་ཆེས་གསལ་བར་བཀྲ་བ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། ཕྱག་ཞབས་ཀྱི་སེན་མོ་རྣམས་ཟངས་ཀྱི་མདོག་ལྟར་དམར་མདངས་ཆགས་པ་དང༌། མདོག་སྣུམ་པ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྒྱན་གྱིས་ཡོངས་སུ་སྤྲས་པའི་མཛེས་སྐུ་མཐོང་བ་ཙམ་གྱིས་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན་ནུས་པ། མཚན་དཔེ་རང་གི་ངོ་བོ་འང་རང་རེའི་ཟག་ཕུང་ལྟ་བུ་མིན་པར་ཀུན་མཁྱེན་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་མཚན་དཔེ་རེ་རེ་དང༌། དབུ་སྐྲའི་ཉག་མ་རེ་རེས་ཀྱང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ། མཐའ་ཀླས་པའི་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་འགའ་ཞིག་ཏུ་སྐུ་བལྟམས་པ་དང༌། འགའ་ཞིག་ཏུ་ཆོས་འཁོར་བསྐོར་པའི་ཚུལ་དང༌། ཁ་ཅིག་ཏུ་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ། ཁ་ཅིག་ཏུ་མྱ་ངན་ལས་འདས་ཚུལ་སྟོན་པ་སོགས་སྐུའི་བཀོད་པ་སྣ་ཚོགས་མིག་འཕྲུལ་བཞིན་དུས་ཅིག་ཅར་བསྟན་ནས་གང་ལ་གང་འདུལ་གྱི་མཛད་པའི་སྒོ་ནས་སེམས་ཅན་རྣམས་ལམ་བཟང་པོ་ལ་འགོད་པ་དང༌། སྐུའི་བ་སྤུའི་ཁུང་བུ་གཅིག་ཏུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཞིང་གི་བཀོད་པ་དང༌། སློབ་ལམ་གྱི་སྤྱོད་པ་མཐའ་དག་གསལ་བར་སྟོན་ནུས་པ་སོགས་སྐུའི་ཡོན་ཏན་དང༌། །

གསུང་གི་ཡོན་ཏན་ནི། གཞན་གྱི་ཁམས་དང་མོས་པ་དང་འཚམས་པར་སོ་སོའི་རྒྱུད་ལ་དགེ་རྩ་བསྐྱེད་ཅིང་འཕེལ་བར་བྱེད་པས་གསུང་མཉེན་པ་དང༌། ཐོས་པ་ཙམ་གྱིས་ཉན་པ་པོའི་ཡིད་བདེ་བར་བྱེད་པས་གསུང་འཇམ་པ་དང༌། བདེན་པ་གཉིས་དང་རྟེན་འབྲེལ་སོགས་དོན་བཟང་པོ་སྟོན་པས་ཡིད་དུ་འོང་བ་དང༌། ཚིག་འབྲུ་བཟང་བས་ཡིད་དུ་འཐད་པ་ལ་སོགས་པ་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་རྩ་བཞིའི་ཡོན་ཏན་རྣམས་གསུང་གི་ཆ་ཤས་གཅིག་ཙམ་ལའང་ཡོངས་སུ་རྫོགས་པར་ཚང་བ་དང༌། ཁྱད་པར་དེ་བཞིན་གཤེགས་པའི་གསུང་གཅིག་ཕྱུང་ནའང་དེར་འདུས་པའི་ལྷ་ཀླུ་མི་དང་བྱོལ་སོང་སོགས་འགྲོ་བ་སོ་སོའི་སྐད་དུ་གོ་ཞིང་རང་རང་གི་ཐེ་ཚོམ་སེལ་བར་མཛད་པ་སོགས་གསུང་གི་ཡོན་ཏན་ཡིན། །

ཐུགས་ཀྱི་ཡོན་ཏན་ལ་ཐུགས་མཁྱེན་པའི་ཡོན་ཏན་ནི། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད་པ་ལས། ཉན་རང་དང་ཐུན་མོང་བའི་སྡེ་ཚན་རྣམས་བཞག་ནས། སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡོན་ཏན་ལ། གནས་དང་གནས་མ་ཡིན་པ་མཁྱེན་པ་དང༌། ལས་དང་རྣམ་པར་སྨིན་པ་མཁྱེན་པ་དང༌། བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པར་མཁྱེན་པ་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་བཅོ་བརྒྱད་ཀྱི་རབ་དབྱེ་སོགས་མཁྱེན་པ་དང༌། སྲིད་ཞི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང༌། སྔོན་གནས་དྲན་པ་མཁྱེན་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པ། ཟག་པ་དང་ཟད་པ་མཁྱེན་པ་སྟེ་སྟོབས་བཅུའི་ཡོན་ཏན། །

གཞན་ཡང་རང་དོན་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཐོབ་པར་ དམ་བཅའ་བ་དང༌། སྒྲིབ་པ་མ་ལུས་པ་ཟད་པའི་སྤངས་པ་ཕུན་ཚོགས་ཐོབ་པར་དམ་བཅའ་བ་དང༌། གཞན་དོན་ཆགས་སོགས་ཐར་པའི་བར་ཆད་ཡིན་པར་དམ་བཅའ་བ་དང༌། བདེན་བཞིའི་གནས་ལུགས་རྟོགས་པའི་ལམ་ཐར་ལམ་ཡིན་པར་དམ་བཅའ་བ་ལ་ཆོས་མཐུན་གྱི་ རྒོལ་བ་སུས་ཀྱང་བརྫི་བ་མེད་པའི་མི་འཇིགས་པ་བཞི་དང༌། །

ཆོས་སྟོན་པ་ན་འཁོར་རྣམས་གུས་པས་ཉན་པ་ལ་ཆགས་པ་དང༌། མི་གུས་པ་ལ་ཁྲོ་བ་དང༌། དེ་གཉིས་འདྲེས་མར་གནས་པ་ལ་ཆགས་སྡང་གཉིས་ཀ་ཟད་པར་སྤངས་པའི་དྲན་པ་ཉེར་གཞག་གསུམ་དང༌། །

སྒོ་གསུམ་གྱི་སྐྱོན་གཞན་གྱིས་ཤེས་དོགས་ནས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བའི་བསྲུང་བ་མེད་པ་གསུམ་དང༌། གཞན་དོན་དུ་སྐུ་དང་གསུང་གི་འཕྲིན་ལས་འཇུག་པ་ལ་དུས་ཐམས་ཅད་དུ་དྲན་པ་ཉེ་བར་གནས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཡང་དག་པར་བཅོམ་པ་དང༌། སུ་ནི་གདུལ་བར་བྱ་སྙམ་དུ་སྐྱེ་བོ་ཐམས་ཅད་ལ་ཉིན་མཚན་དུས་དྲུག་ཏུ་རྒྱུན་མི་ཆད་པར་ཕན་བདེ་བསྒྲུབ་པར་དགོངས་པའི་ཐུགས་རྗེ་ཆེན་པོ་དང༌། །སངས་རྒྱས་ཀྱི་ཁྱད་ཆོས་ཉན་རང་སོགས་གཞན་དང་མ་འདྲེས་པའི་ཡོན་ཏན་ནི།

གྲོང་དང་གྲོང་ཁྱེར། འབྲོག་དགོན་པ་སོགས་སུ་གཤེགས་པའི་ཚེ་ཆོམ་རྐུན་དང་སྟག་ལ་སོགས་པས་འཇིགས་པ་ལྟ་བུའི་འཁྲུལ་བ་མི་མངའ་བ་དང༌། ལམ་ནོར་བས་སྒྲ་མཐོན་པོར་འདོན་པ་དང་བག་ཆགས་ཀྱི་དབང་གིས་གད་མོ་དགོད་པ་ལྟ་བུ་ཅ་ཅོ་མི་མངའ་བ་དང༌། བརྗེད་ནས་བྱ་བ་ཤོར་བ་དང་བྱ་བའི་དུས་ལས་ཡོལ་བ་ལྟ་བུ་དྲན་པ་ཉམས་པ་མི་མངའ་བ་དང༌། སྙོམས་པར་ཞུགས་རུང་མ་ཞུགས་རུང་དུས་ཐམས་ཅད་དུ་སྟོང་པ་ཉིད་ཀྱི་དོན་ལ་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འཁོར་བ་ལ་ལ་མི་མཐུན་པ་དང་མྱང་འདས་ལ་ཞི་བར་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང༌། སེམས་ཅན་འདུལ་བའི་དུས་ལ་སོགས་པ་སོ་སོར་མ་བརྟགས་པར་དེའི་དོན་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང༌། །

བྱམས་པ་དང་སྙིང་རྗེ་དང༌། སེམས་ཅན་གྱི་དོན་མཛད་པ་སོགས་ལ་རྒྱུན་མི་ཆད་པར་འདུན་པ་འབྱུང་བ་དང༌། སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་གནས་སུ་གཤེགས་པར་སྤྲོ་བའི་བརྩོན་འགྲུས་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་དེ་འདུལ་བའི་ཐབས་ལ་སོགས་པ་དུས་རྟག་ ཏུ་མི་བརྗེད་པའི་དྲན་པ་དང༌། ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་དང༌། གདུལ་བྱའི་ཉོན་མོངས་ཀྱི་སྤྱོད་པའི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཇི་ལྟར་འོས་པར་སྟོན་པ་མཁྱེན་པའི་ཤེས་རབ་དང༌། སྒྲིབ་པ་མཐའ་དག་ཟད་པར་སྤངས་པའི་རྣམ་གྲོལ་ལས་ཉམས་པ་མི་མངའ་བ་སྟེ་རྟོགས་པས་བསྡུས་པ་དྲུག་དང༌། །

འོད་འགྱེད་པ་དང་སྤྱོད་ལམ་བཞི་སོགས་སྐུའི་འཕྲིན་ལས་དང༌། སེམས་ཅན་གྱི་མོས་པ་དང་འཚམས་པར་སྟོན་པའི་གསུང་གི་འཕྲིན་ལས་དང༌། བྱམས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱི་འཕྲིན་ལས་ཏེ་འཕྲིན་ལས་ཀྱིས་བསྡུས་པ་གསུམ་དང༌། །

འདས་མ་འོངས་ད་ལྟ་བྱུང་བའི་ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་བཅས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་བླ་ན་མེད་པའི་ཡོན་ཏན་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་པ་མངའ། །

བརྩེ་བའི་ཡོན་ཏན་ནི། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྙིང་རྗེ་ཆེན་པོ་ཡང་ཡང་གོམས་པ་དེ་ཉིད་མཐར་ཕྱིན་པའི་དབང་གིས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་སྙིང་རྗེ་ཕུལ་དུ་བྱུང་བ་མི་སྐྱེ་བའི་གནས་མེད། དེ་ཡང་སྡུག་བསྔལ་གྱི་བྱེ་བྲག་དུ་མས་མནར་བའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པ་དུས་རྒྱུན་དུ་ཡོད་ཅིང༌། དེ་ཉིད་མི་མཁྱེན་པའི་སྐབས་ཀྱང་མི་སྲིད་པས་དེ་དག་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཡང་དུས་རྟག་ཏུ་རྒྱུན་ཆད་མེད་པར་འབྱུང་ལ། དེ་ལ་བརྟེན་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པ་དེའང་འབྱུང་བ་ཡིན། །

འཕྲིན་ལས་ཀྱི་ཡོན་ཏན་ལ་གཉིས་ལས། ལྷུན་གྱིས་གྲུབ་པ་ནི། མཚན་དཔེས་བརྒྱན་པའི་བཅོམ་ལྡན་འདས་ཀྱི་གཟུགས་སྐུ་སྤྱོད་ལམ་བཞི་དང་ཆོ་འཕྲུལ་སྣ་ཚོགས་པས་རོལ་པ་ལ་འབད་རྩོལ་གྱི་རྟོག་པ་མེད་ཀྱང༌། སྐལ་ལྡན་རྣམས་ཀྱིས་དེ་མཐོང་བ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིན་དྲུག་སོགས་བསྒྲུབས་པས་གཏན་བདེའི་གོ་འཕང་འཐོབ་པར་འགྱུར་བ་ནི་སྐུའི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་དང༌། སངས་རྒྱས་ལ་འདི་བསྟན་པར་བྱའོ་སྙམ་པའི་རྟོག་པ་མེད་ཀྱང་གདུལ་བྱའི་མོས་པ་དང་འཚམས་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་སྟོན་པ་ནི་གསུང་གི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་དང༌། རྒྱལ་བ་རྣམས་ཀྱི་བརྩེ་བ་ཆེན་པོའི་ཐུགས་རྗེ་ལས་ཀུན་སློང་གི་རྣམ་རྟོག་མེད་པར་འགྲོ་བའི་མངོན་མཐོ་དང་ངེས་ལེགས་སྒྲུབ་བྱེད་དམ་པའི་ཆོས་ཀྱི་གྲུ་ཆར་འབེབས་པ་ནི་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་ཚུལ་ཡིན། །

འཇིག་རྟེན་ཕལ་པ་རྣམས་ནི་སྒོ་གསུམ་གྱི་འབད་རྩོལ་མེད་པར་བྱ་བ་བྱེད་པ་གཏན་ནས་མི་སྲིད་ལ། ས་བརྒྱད་པ་ནས་ཆོས་སྟོན་པ་སོགས་ཀྱི་ཀུན་སློང་གི་རྩོལ་བ་རགས་པ་ཞི་བས་རང་ཤུགས་ཀྱིས་གཞན་དོན་འབྱུང་བ་ཡོད་ཀྱང༌། དེ་དུས་ལུས་ངག་གི་ལས་ཀུན་ནས་སློང་བའི་རྟོག་པ་ཕྲ་མོ་མ་སྤངས། །

>གཞན་དོན་ལྷུན་གྲུབ་ཏུ་འཇུག་པའི་འགལ་རྐྱེན་ཕྲ་བ་ནི། ཤེས་སྒྲིབ་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་ཟག་པ་མེད་པའི་ལས་ཞེས་པ་ལུས་ངག་གི་ལས་འདུ་བྱེད་པའི་ཀུན་སློང་གི་རྟོག་པ་ཕྲ་མོ་དེ་ཡིན་པས། དེ་ཉིད་ནམ་སྤངས་པ་ན་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན། །

འཕྲིན་ལས་རྒྱུན་མི་ཆད་པ་ནི། སྔར་ལམ་གྱི་དུས་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རིམ་པ་ལྟར་བགྲོད་དེ་ཚོགས་གཉིས་ཀྱིས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་སྐྱེ་བ་དང༌། གནས་པ་དང༌། གོང་ནས་གོང་དུ་འཕེལ་བའི་རྒྱུ་ཕུན་སུམ་ཚོགས་པ་སྔོན་དུ་སོང་བའི་རྒྱུ་མཚན་གྱིས་འཕྲིན་ལས་རྒྱུན་མི་ཆད་པ་དང༌། དེར་མ་ཟད་སེམས་ཅན་གྱི་ཁམས་རྣམས་རང་བཞིན་ལ་དྲི་མས་མ་བསླད་པའི་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་བྱེད་ཉོན་མོངས་བག་ཆགས་དང་བཅས་པའི་གློ་བུར་གྱི་དྲི་མ་རྣམས་འཇོམས་པའི་རྐྱེན་ཐུགས་རྗེ་ཆེན་པོས་དུས་ཀུན་ཏུ་དགོངས་ནས་དེའི་ཐབས་སྟོན་པས་སངས་རྒྱས་ཀྱི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་པ་དེ་བྱུང་བ་ཡིན། དེ་དག་ནི་གཞི་བདེན་པ་གཉིས་ཀྱི་རྣམ་བཞག་ངེས་པར་བྱས་ནས་ཐུབ་པའི་བཀའ་སྡེ་སྣོད་གསུམ་གྱི་བརྗོད་བྱ་ལམ་ཐབས་ཤེས་ཀྱི་ཉམས་ལེན་བསླབ་པ་གསུམ་ལ་བརྟེན་ནས་ཐེག་པ་ཆེ་ཆུང་གི་ལམ་བགྲོད་ཚུལ་དང༌། འབྲས་བུ་སངས་རྒྱས་ཀྱི་སྐུ་བཞི་འཕྲིན་ལས་དང་བཅས་པའི་གནད་དོན་མདོར་བསྡུས་ཤིག་བཀོད་པ་ཡིན་ཞིང༌། ཞིབ་ཅིང་རྒྱས་པ་ནི་འདིར་ཡི་གེའི་ལམ་དུ་འགོད་པར་མི་ལང་བས་མ་བཀོད། །

མཇུག་སྡོམ།


༡༡) བོད་དུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཁག་གི་གནས་ཚུལ་སྐོར།


 

ང་ཚོ་བོད་ལྗོངས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྲོལ་བཟང་འཛིན་པའི་གྲུབ་མཐའ་ཁག་ཚོའི་སྐོར་མདོར་བསྡུས་བརྗོད་ན། བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱིས་མ་ཁྱབ་པ་མེད་ཅིང༌། བསྟན་པ་ཉི་མ་ཤར་བ་བཞིན་དུ་དར་ཡོད་པ་ཡིན། དེ་ལ་ཡང་དུས་ཚོད་སྔ་ཕྱིའི་ཁྱད་པར་གྱིས་བསྟན་པ་སྔ་དར་དང༌། ཕྱི་དར་ཞེས་མིང་གི་ཐ་སྙད་གཉིས་བྱུང་བ་རེད། དེ་ཡང་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང༌། ལྷ་ས་དང་ཁྲ་འབྲུག་གི་གཙུག་ལག་ཁང་སོགས་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་དུ་མ་བརྩིགས། རང་གི་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བཏང་ནས་སྒྲ་དང་ཡི་གེ་བསླབས། རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེའི་གཟུགས་དང༌། བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་བརྩམས། རྒྱ་གར་ནས་སློབ་དཔོན་ཀུ་མཱར་དང༌། བྲམ་ཟེ་ཤང་ཀ་ར། བལ་པོའི་སློབ་དཔོན་ཤིའ་ལ་མཉྫུ་སོགས་གདན་དྲངས་ནས་སངས་རྒྱས་ཀྱི་གསུང་རབ་མདོ་དང༌། རྒྱུད་ཀྱི་ཆ་ལག་མང་རབ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། ཆོས་ཀྱི་འཆད་ཉན་མངོན་མཚན་ཆེན་པོས་རྒྱ་ཆེར་བྱེད་པ་མ་བྱུང་ཡང༌། རྒྱལ་པོ་རང་གིས་སྐལ་ལྡན་མང་པོ་ལ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གཙོ་གྱུར་གྱི་གདམས་པ་གནང༌། །

དེ་ནས་རྒྱལ་རབས་སོ་བདུན་པ་ཁྲི་སྲོང་ལྡེའུ་བཙན་བྱོན་ཏེ་དམ་པའི་ཆོས་དར་བར་མཛད་པའི་ཐུགས་བསྐྱེད་ཀྱིས་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་མཁན་པོ་ཤཱནྟི་རཀྵི་ཏ་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས། མཁན་སློབ་དེ་དག་དང༌། སློབ་དཔོན་བི་མ་ལ་མི་ཏྲ། ཤཱནྟི་གརྦྷ། དྷརྨ་ཀཱིརྟི། སངས་རྒྱས་གསང་བ། ཀ་མ་ལ་ཤཱི་ལ། བི་བུདྔྷ་གཞི་སིདྷ་སོགས་རྒྱ་གར་གྱི་པཎ་ཆེན་བརྒྱ་རྩ་བརྒྱད་དུ་གྲགས་པ་རྣམས་དང༌། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང༌། གཉགས་ཛྙཱན་ཀུ་མཱར། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་ལ་སོགས་པ་རྣམས་ཀྱིས་འདུལ་བ། མདོ་སྡེ། མངོན་པའི་སྐོར་གྱི་སངས་རྒྱས་ཀྱི་གསུང་མདོ་དང་རྒྱུད་སྡེ་སྣ་ཚོགས་དང༌། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་གཙོ་ཆེ་བ་རྣམས་བསྒྱུར་ཅིང་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་བཙུགས། །

རྒྱལ་རབས་བཞི་བཅུ་ཞེ་གཅིག་པ་ཁྲི་རལ་པ་ཅན་གྱིས་རབ་བྱུང་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང་། གཙུག་ལག་ཁང་སྟོང་རྩ་བཞེངས་ཤིང༌། དབུ་སྐྲ་ལ་དར་ཡུག་གཉིས་བཏགས་པའི་སྣེ་མོར་བླ་མཆོད་སྡེ་གཉིས་བཞུགས་སུ་གསོལ་ནས་མཆོད་ཅིང་བཀུར་བ་སོགས་རྒྱལ་བསྟན་རིན་པོ་ཆེ་བཀུར་བའི་མཛད་པ་མཐའ་ཡས། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཛིན་མི་ཏྲ། སུ་རེནྡྲ་བོདྷི། ཤིའ་ལེནྡྲ་བོདྷི། དཱ་ན་ཤཱི་ལ་སོགས་པཎྜི་ཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨ་ཏཱ་ཤཱི་ལ། ལོ་ཙཱ་བ་ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ་ལ་སོགས་པས་སྔོན་རྒྱལ་རབས་གོང་མའི་དུས་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བའི་ཚེ་བོད་སྐད་ལ་མ་གྲགས་པའི་མིང་བསྒྱུར་དུ་མ་བཏུབ་པ་དང༌། གོ་དཀའ་བ་རྣམས་བསལ་ནས་ཐེག་པ་ཆེ་ཆུང་གི་གཞུང་དང་མཐུན་པར་བསྒྱུར་བཅོས་གྱིས། ཞེས་རྒྱལ་པོའི་བཀའ་བཅད་ལྟར་ཡུམ་རྒྱས་པ་ལ་འགྱུར་བཅོས་ནས་དུམ་བུ་བཅུ་དྲུག་ཏུ་མཛད། དེས་མཚོན་སྔར་བསྒྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་གོང་ནས་གོང་འཕེལ་དུ་དར་ཞིང་རྒྱས་པ་དེ་ལ་བསྟན་པ་སྔ་དར་ཞེས་གྲགས་པ་ཡིན། །

རྒྱལ་རབས་ཞེ་གཉིས་པ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཤིང༌། དེའི་ཚེ་མཁན་ཆེན་ཞི་བ་འཚོའི་སློབ་རྒྱུད་དམར་ཤཱཀྱ། གཡོ་དགེ་འབྱུང༌། གཙང་རབ་གསལ་གསུམ་མདོ་སྨད་དུ་བྲོས་པ་ལས། བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་པར་རྫོགས་ཤིང༌། དེ་ནས་རིམ་གྱིས་བོད་དུ་རབ་བྱུང་གི་སྡེ་མང་པོ་འཕེལ། གཞན་ཡང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ། སཱདྷུ་པཱ་ལ་སོགས་མངའ་རིས་སྟོད་དུ་བྱོན་པ་ལས་བརྒྱུད་པ་དང༌། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲིའ་བོད་དུ་བྱོན་པ་ལས་བརྒྱུད་པ་སོགས་ཀྱིས་རབ་བྱུང་གི་སྡེ་ཆེས་ཆེར་འཕེལ། དེ་དག་གི་དུས་སྐབས་ནས་བཟུང་རྒྱ་གར་གྱི་པཎ་གྲུབ་དུ་མ་བོད་དུ་བྱོན་པ་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་དུ་མ་ཞིག་དཀའ་སྤྱད་དྲག་པོས་རྒྱ་བལ་གྱི་ཡུལ་དུ་བྱོན་ཏེ་པཎ་གྲུབ་དུ་མའི་ཞབས་ལ་གཏུགས་ནས་གསེར་གྱི་ཡོན་ཕུལ་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་བོད་དུ་བསྒྱུར་ཞིང་སྤེལ་བ་དང༌། དེ་དག་ལས་བརྒྱུད་པའི་མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱིས་ཐུབ་པའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་ཡང་གསོས་ཏེ། བོད་ལྗོངས་ཡོངས་རྫོགས་ཀྱི་ཁྱོན་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་དེ་ལ་བསྟན་པ་ཕྱི་དར་ཞེས་གྲགས་པ་རེད། །

བོད་དུ་ནང་པའི་ཆོས་ལུགས་ཀྱི་གྲུབ་མཐའི་དབྱེ་བ་མིང་མི་འདྲ་བ་སྣ་ཚོགས་ཡོད། དེ་ཡང་དཔེར་ན་རྙིང་མ་པ་ཞེས་པ་ལྟ་བུ་དུས་རབས་ཀྱི་སྒོ་ནས་མིང་བཏགས་པ་དང༌། ས་སྐྱ་པ། སྟག་ལུང་པ། འབྲི་གུང་པ། འབྲུག་པ། དགེ་ལྡན་པ་ཞེས་པ་ལྟ་བུ་ཆགས་ཡུལ་གྱི་ས་གནས་ཀྱི་སྒོ་ནས་མིང་བཏགས། ཀརྨ་བཀའ་བརྒྱུད། བུ་ལུགས་པ་ཞེས་པ་ལྟ་བུ་སློབ་དཔོན་གྱི་སྒོ་ནས་མིང་བཏགས། བཀའ་གདམས་པ། རྫོགས་ཆེན་པ། ཕྱག་ཆེན་པ། ཞི་བྱེད་པ་ཞེས་པ་ལྟ་བུ་གདམས་པའི་སྒོ་ནས་མིང་བཏགས་པ་རེད། །

དེ་འདྲའི་ཆོས་ལུགས་དེ་དག་ཚུར་བསྡུས་ན་རྙིང་མ་དང༌། གསར་མ་གཉིས་སུ་འདུས་པ་ཡིན། གསར་རྙིང་གི་ཁྱད་པར་གང་གི་སྒོ་ནས་ཡིན་ནམ་སྙམ་ན། དེ་ནི་བོད་དུ་དར་བའི་ཐེག་པ་ཆེན་པོའི་ཆོས་ལ་མདོ་དང༌། སྔགས་གཉིས་ཡོད་པའི་མདོ་ཕྱོགས་ལ་གསར་རྙིང་གི་རྣམ་གཞག་མི་འཇོག་ཅིང༌། གཙོ་བོར་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་དར་ཚུལ་གྱི་སྒོ་ནས་གསར་རྙིང་གཉིས་སུ་བཞག་པ་རེད། དེ་ཡང་གོང་དུ་སྨྲས་པའི་བསྟན་པ་སྔ་དར་གྱི་སྐབས་ནས་བཟུང༌། པཎྜི་ཏ་སྨྲྀ་ཏི་བོད་དུ་བྱོན་པ་ཡན་ཆོད་དུ་བསྒྱུར་བ་ལ་གསང་སྔགས་སྔ་འགྱུར་དང༌། དེའི་བཤད་སྒྲུབ་ཀྱི་རིང་ལུགས་འཛིན་པ་ལ་རྙིང་མ་པ་ཞེས་གྲགས་ཤིང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་ཚུན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔགས་གསར་མ་ཞེས་གྲགས་པ་ཡིན། །

གསང་སྔགས་གསར་མའི་འགྱུར་ནི། ལོ་ཙཱ་བ་རིན་བཟང་གིས་སྤྱི་ལོ་ ༩༧༨ ལོ་ནས་འགོ་ཚུགས། དེ་རྗེས་རིམ་བཞིན་འབྲོག་མི་དང༌། རྟ་ནག་འགོས་དང༌། ལྷོ་བྲག་མར་པ་ལ་སོགས་པ་རྣམས་ཀྱིས་ཀྱང་རྒྱུད་སྡེ་མང་པོ་བོད་དུབ་སྒྱུར་ཏེ་གསང་སྔགས་གསར་མའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ་རེད། དེང་སང་བོད་དུ་ཡོད་པའི་གྲུབ་མཐའ་དེ་རྣམས་ཀྱི་ནང་ནས་རྙིང་མའི་གྲུབ་མཐའ་དང༌། གསར་མ་བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ་བཅས་བཞི་པོ་འདི་རྣམས་དར་ཁྱབ་ཆེ་ཞིང་གཙོ་ཆེ་བ་ཡིན། །

དེ་ཡང་སྤྱི་ལོ་ ༨༡༠ ལོར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་བོད་དུ་བྱོན་ཏེ་བསམ་ཡས་མཆིམས་ཕུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་མང་དུ་བསྒྱུར། རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་འདུས་པའི་ཚོམ་བུར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བ་ལས་རིམ་གྱིས་བརྒྱུད་པ་ལ་གསང་སྔགས་རྙིང་མའི་གྲུབ་མཐའ་དང༌། །

སྤྱི་ལོ་ ༡༠༡༢ ལོར་འཁྲུངས་པའི་མར་སྟོན་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་བྱོན་ནས། པཎ་ཆེན་ནཱ་རོ་པ་དང༌། མེ་ཏྲི་པ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས། ཚད་ལྡན་གྱི་གཞུང་བཤད་བསྒྱུར་མཛད་དེ་རྗེ་བཙུན་མི་ལ་རས་པ་དང༌། མཉམ་མེད་དྭགས་པོ་ལྷ་རྗེ་སོགས་ནས་བརྒྱུད་པ་ལ་བཀའ་བརྒྱུད་པའི་གྲུབ་མཐའ་ཞེས་གྲགས་པ་དང༌། བཀའ་བརྒྱུད་པ་ལ་ནང་གསེས། ཀམ་ཚང་པ། འབྲི་ཁུང་པ། སྟག་ལུང་པ། འབྲུག་པ་སོགས་བཀའ་བརྒྱུད་ཆེ་བཞི། ཆུང་བརྒྱད་དུ་གྲགས་པ་ཡོད། །

སྤྱི་ལོ་ ༡༠༣༤ ལོར་འཁྲུངས་པའི་འཁོན་དཀོན་ཅོག་རྒྱལ་པོས་འབྲོག་མི་ལོ་ཙཱ་བའི་དྲུང་ནས་ན་ལེནྡྲའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་གྲུབ་པ་བརྙེས་པའི་མཚན་བི་རཱུ་པ་དང༌། པཎ་ཆེན་ག་ཡ་དྷ་ར་ནས་བརྒྱུད་པའི་ལམ་འབྲས་གསན་ཞིང་། ས་ཆེན་གོང་མ་རྣམ་ལྔ་སོགས་ནས་བརྒྱུད་པ་ལ་ས་སྐྱ་པའི་གྲུབ་མཐའ་དང༌། །

སྤྱི་ལོ་ ༡༠༣༩ ལོར་བི་ཀྲ་མ་ཤཱི་ལའི་མཁས་པ་ཆེན་པོ་དཱིཔཾ་ཀ་ར་ཤྲཱི་ཛྙཱ་ན་བོད་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་སྤེལ་ཞིང༌། ཁུ་རྔོག་འབྲོམ་གསུམ་སོགས་ནས་བརྒྱུད་པ་ལ་བཀའ་གདམས་པ་ཞེས་གྲགས་ཤིང༌། དེའི་གདམས་པའི་བརྒྱུད་འཛིན་སྤྱི་ལོ་ ༡༣༥༧ ལོར་འཁྲུངས་པའི་འཇམ་མགོན་ཙོང་ཁ་པ་ཆེན་པོས་བཅོམ་ལྡན་འདས་ཀྱི་བཀའ་དང༌། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་རྒྱ་གར་ནས་བོད་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་འཚལ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྒྲོ་འདོགས་བཅད་དེ། གསུང་རབ་ཀྱི་ཟབ་དོན་འཁྲུལ་པ་མེད་པར་ལེགས་པར་འདོམས་པའི་བཀའ་ཁྲོལ། རྒྱལ་ཚབ་དང་མཁས་གྲུབ་སོགས་ནས་བརྒྱུད་པ་ལ་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཞེས་གྲགས་པ་ཡིན། །

མི་འགའ་ཤས་ཀྱི་བསམ་པར། བོད་དུ་ཡོད་པའི་ས་དགེ་བཀའ་རྙིང་གི་ཆོས་ལུགས་དེ་རྣམས་ཕྱི་པ་དང་ནང་པའི་ཆོས་ལུགས་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མང་པོ་ནས་མི་མཐུན་པའི་ཐ་དད་ཅིག་ཡིན་པར་བསམ་མཁན་ཡོད་ཤས་ཆེ་ཡང༌། དེ་འདྲ་གཏན་ནས་མིན། རྒྱུ་མཚན་གསལ་པོར་བརྗོད་ན། དཔེར་ན་དེང་སང་མཐོང་བཞིན་པན་མ་མཁར་བགྲོད་བྱེད་ཀྱི་གནམ་གྲུ་ལྟ་བུར་མཚོན་ན། ཕྱིའི་གཟུགས་ཆེ་ཆུང་དང་གཟུགས་དབྱིབས་མི་འདྲ་བ། ཁདོག་མི་འདྲ་བ། བཟོ་བོ་མཁས་པ་སོ་སོའི་བློ་རྩལ་དང་ཉམས་མྱོང་གི་ཁྱད་པར་གྱིས་ནང་གི་འཕྲུལ་འཁོར་གྱི་གནད་ཀ་དང༌། ཡོ་བྱད་སོགས་ཀྱི་བཟོ་ཁྱད་ཕྲན་བུ་མི་འདྲ་བ་ཡོད་པ་ཙམ་ལས། དོན་དུ་གནམ་གྲུའི་རིགས་ཇི་ཙམ་ཞིག་ཡོད་ཀྱང་ཐམས་ཅད་མེ་རླུང་གི་ནུས་ཤུགས་ལ་བརྟེན་ནས་འཕུར་ལྡིང་གིས་ནམ་མཁའི་ལམ་དུ་བགྲོད་པ་ལ་ཁྱད་པར་མེད་ཅིང༌། གནམ་གྲུའི་རིགས་གཅིག་ཏུ་ངོས་འཛིན་དགོས་པ་ལྟར།

བོད་ཀྱི་ནང་པའི་ཆོས་ལུགས་དེ་དག་ཀྱང་རང་རང་གི་ཐོག་མའི་སྲོལ་འབྱེད་མཁས་གྲུབ་ཆེན་པོ་དེ་དག་གིས་རང་གི་ཉམས་མྱོང་ལ་བརྟེན་ནས་གདུལ་བྱ་ལམ་ལ་འཁྲིད་པའི་ཐབས་མཁས་ཀྱི་ཚུལ་ཕྲན་བུ་འདྲ་མིན་དང༌། བརྡ་དང་ཐ་སྙད་ཀྱི་ཁྱད་པར་སོགས་ཟུར་ཕྲན་བུ་རེ་མི་འདྲ་བའི་ཁྱད་པར་ཡོད་པ་ཙམ་ལས། དོན་དུ་ཆོས་ལུགས་དེ་དག་གི་མཐར་ཐུག་གི་བསྒྲུབ་བྱའི་གཙོ་བོ་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་པར་གཅིག་ཅིང༌། དེ་སྒྲུབ་བྱེད་ཀྱི་ཐབས་ཉམས་ལེན་གྱི་རིམ་པ་ཡང་གོང་དུ་བཤད་པ་ལྟར་ལྷག་པའི་བསླབ་པ་གསུམ་ཡ་མ་བྲལ་ཞིང༌། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བར། མདོ་སྔགས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་མི་མཐུན་པ་མེད་པར་གཅིག་པ་ཡིན་པས་ཐམས་ཅད་མཐར་གཏུགས་ན་འབབ་ས་གཅིག་རང་ཡིན།

ཡང་མི་འགའ་ཤས་ནས་བོད་ཀྱི་ཆོས་དེ་བླ་མའི་ཆོས་རེད་ཅེས། སངས་རྒྱས་ཀྱིས་གསུངས་པའི་ཆོས་མིན་པ་ལྟ་བུར་བརྗོད་མཁན་ཡོད་ཀྱང་དེ་འདྲ་མིན། གང་ཡིན་ཞེ་ན། བོད་ཀྱི་ནང་པའི་ཆོས་ལུགས་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས་མདོ་དང༌། རྒྱུད་སྡེ་རྣམས་ཐོག་མར་གསུང་པ་པོ་སྟོན་པ་སངས་རྒྱས་ཀྱིས་གསུངས། བར་དུ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱིས་མདོ་རྒྱུད་ཀྱི་དགོངས་དོན་རྣམས་དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ལམ་ལས་དྲངས་ཏེ་བཤད་ཅིང་གཏན་ལ་ཕབ། གྲུབ་ཐོབ་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱིས་ཉམས་སུ་བླངས་ཏེ་རྟོགས་པ་ཚད་མ་ཐུགས་རྒྱུད་ལ་འཁྲུངས་པའི་གདམས་པ་ཟབ་མོ། ཐ་མར་བོད་གངས་ཅན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། སྔོན་གྱི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་རྣམས་ཀྱིས་ནོར་ལོངས་སྤྱོད་ལྟ་ཅི། ལུས་དང་སྲོག་ལའང་མི་ལྟ་བའི་དཀའ་སྤྱད་དང༌། བརྩོན་འགྲུས་དྲག་པོས་རྒྱ་བལ་གྱི་ཡུལ་གྲུ་དུ་མ་ཆུ་བཞིན་དུ་ཉུལ་ཏེ་རྩོད་མེད་ཡོངས་སུ་གྲགས་པའི་པཎྜི་ཏ་དང༌། གྲུབ་ཐོབ་མང་པོ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས་གདམས་པ་རྣམས་གསན་ཞིང༌། གསུང་རབ་བོད་སྐད་དུ་བསྒྱུར་བ་དེ་རྣམས་ཡིན།

དེ་དག་གཞི་དང་རྩ་བར་བཟུང་ནས་ཉན་བསམ་སྒོམ་གསུམ་བྱེད་པ་མ་གཏོགས་དེ་དག་དང་མི་མཐུན་པའི་ཆོས་བོད་ཀྱི་བླ་མས་རང་བཟོ་བྱས་པ་གཅིག་ཀྱང་མེད། དཔེར་ན་བོད་ཀྱི་ནང་པའི་ཆོས་པ་སུ་འདྲ་ཞིག་ཡིན་རུང༌། ཆོས་ཀྱི་གནད་དོན་སྐོར་དོགས་སེལ་དང༌། ཁུངས་གཏུགས་དགོས་པ་ཅུང་ཟད་གཅིག་བྱུང་ནའང་སངས་རྒྱས་ཀྱི་གསུང་ངམ། རྒྱ་གར་པཎ་གྲུབ་གང་རུང་ཞིག་གི་གསུང་ལ་ཁུངས་གཏུགས་ནས་བྱེད་བཞིན་པ་ཡིན་ནོ།། །།