༄༅།། ཤེས་རིག་ཚོགས་ཆེན་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཤེས་ཡོན་དང་འབྲེལ་བའི་ཚོགས་ཆེན་ཆེ་ཤོས་དེ་ཡིན་ཞིང༌། ཚོགས་ཆེན་དེར་ཤེས་ཡོན་གྱི་འཛིན་སྐྱོང་སྡེ་ཁག་ཚང་མའི་དབུ་འཛིན་དང་འགན་འཛིན། སློབ་སྤྱི། དགེ་ཆེ། རིགས་དང་རིམ་པ་སོ་སོའི་དགེ་རྒན་གྱི་སྐུ་ཚབ། མདུན་ལམ་སློབ་སྟོན་པ། དམིགས་བསལ་གདན་ཞུས་ཀྱི་མཁས་པ་བཅས་ཚོགས་བཅར་ཞུ་ཞིང༌།
ཤེས་རིག་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་༡༩༦༤ ཟླ་ ༡ ཚེས་ ༢༨ ནས་ ༣༡ བར་ཉིན་བཞིའི་རིང་ལྷན་ཚོགས་གནང་མཇུག་ཕྱི་ཟླ་༢ ཚེས་ ༡ ཉིན་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དང༌། ཤེས་རིག་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ལོ་༡༩༧༢ ལོའི་ཟླ་ ༡༠ ཚེས་ ༢༠ ནས་ ༢༥ བར་ཉིན་གྲངས་ལྔའི་རིང་ལྷན་ཚོགས་བསྐྱངས་ཏེ་གྲོས་ཆོད་གཏན་འབེབས་བསྐྱངས། ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་དེ་ཕྱི་ལོ་༡༩༨༥ ལོའི་ཟླ་ ༦ ཚེས་ ༢༤ ནས་ ༢༦ བར་ལྷན་ཚོགས་བསྐྱངས། ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་དེ་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ནས་ ༤ བར་བསྐྱངས། ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ་དེ་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཆ་ཤས་སུ་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་ ༢༧ ནས་ ༢༩ བར་ཚོགས་ཆེན་དངོས་གཞི་དང༌། ཚེས་ ༣༠ ནས་ ༣༡ བར་ཤེས་ཡོན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུ་བཅས་དཀྱུས་གཅིག་ཏུ་བསྐྱངས།
ད་ཕན་གོང་གསལ་ཤེས་རིག་ཚོགས་ཆེན་ཐེངས་ལྔ་འཚོགས་པའི་ཚོགས་འདུའི་དབུ་འབྱེད་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་ཡོད་པ་དང༌། དེ་བཞིན་རང་གཞུང་བཀའ་ཤག་ནས་ཀྱང་ལམ་སྟོན་གསུང་བཤད་གནང་ཡོད་ཅིང༌། ཚོགས་ཆེན་འཚོགས་ཡུལ་ཚང་མ་བཞུགས་སྒར་དྷ་རམ་ས་ལ་ཡིན། ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་དུ་ཕེབས་སྟབས། ཚོགས་མགོན་དུ་ཆིབས་སྒྱུར་གནང་མེད་པ་དང། བཀའ་ཤག་དང་སྤྱི་འཐུས་ཀྱི་ལམ་སྟོན་གསུང་བཤད་གནང་ཡོད། འཚོགས་ཡུལ་བཞུགས་སྒར་ཁུལ་གྱི་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་ཡིན། ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་གངས་སྐྱིད་ཚོགས་ཁང་གསར་པར་འཚོགས་པ་དང་། ཤེས་རིག་ཚོགས་ཆེན་ཁག་གི་གྲོས་ཆོད་ཁག