རྨི་ལམ་རྨི་བ། གཉིད་ལས་སད་པ། ཡར་ལངས་པ། སོ་འཁྲུ་བ། ཁ་བ་འབབ་པ། ཀུ་རེ་བཤད་པ། ཞྭ་མོ་གཡོགས་པ། གད་མོ་སློང་བ།
རྨི་ལམ་རྨི་བཞིན་པའི་སྐབས་དེར་ཨ་མ་ལགས་ཀྱིས་ང་ལ་ཐུག་ཙམ་ཐུག་ཙམ་གཞུས་པས་གཉིད་ལས་སད་པ་དང། “འཇིགས་མེད་ཁྱེད་མགྱོགས་པོ་ཡར་ལོངས་དང། སློབ་གྲྭར་འགྲོ་རན་འདུག”ཅེས་གསུངས་བྱུང། ང་མྱུར་དུ་ཡར་ལངས་ཏེ་སོ་འཁྲུ་ཞོར་སྒོ་ནས་ཕྱིར་ཐོན་སྐབས་ཕྱི་ལ་ཁ་བ་བབས་འདུག རྒྱང་རིང་གི་རི་ཚོགས་དག་ཁ་བས་བཏུམས་ཏེ་དཀར་ལམ་མེར་ཡོད་པ་དང་། མྱུ་གུ་གསར་པ་འབུས་ལ་ཉེ་བའི་སྡོང་པོའི་ཡལ་གའི་སྟེང་དུ་བབས་པའི་ཁ་བ་ནི་དབྱིབས་སྣ་ཚོགས་སུ་སྣང།
ཞོགས་ཇ་བཏུངས་རྗེས་ངས་དཔེ་ཁུག་འཁུར་ཏེ་འཚབ་འཚུབ་ཀྱིས་ངང་ནས་སློབ་གྲྭར་འགྲོ་དུས། སྔ་པོ་ནས་ཕྱི་རོལ་དུ་སོང་བའི་མི་རྣམས་ཀྱིས་ཁ་བའི་ཐོག་ཏུ་རྐང་རྗེས་ཀྱག་ཀྱོག་མང་པོ་བཞག་ནས་ཕྱོགས་བཞི་མཚམས་བརྒྱད་དུ་སོང་བའི་རྗེས་ཤུལ་གྱིས་ཁེངས་འདུག
སྣུམ་འཁོར་དང་རྐང་འཁོར། ཤིང་རྟ་བཅས་ནི་ཁ་བའི་ཐོག་ཏུ་དལ་པོའི་ངང་ནས་འགྲོ་བཞིན་འདུག རླངས་འཁོར་གྱི་དུང་སྒྲ་དང་རྐང་འཁོར་གྱི་དྲིལ་སྒྲ། ད་དུང་ཤིང་རྟའི་ཙིར་སྒྲ་ཆབས་ཅིག་ཏུ་གྲགས།
ང་རང་སློབ་གྲྭར་བསླེབས་པ་ན། དེར་ཡང་ཤིན་ཏུ་སྐྱིད་པའི་སྣང་ཚུལ་ཞིག་འདུག་སྟེ། སློབ་གྲོགས་རྣམས་ར་བའི་ནང་གི་ཁ་བའི་ཐོག་ཕན་ཚུན་བདའ་རེས་དང་འདེད་རེས་བྱས་ཏེ། རྩེད་མོ་རྩེས་ཤིང་ཛ་དྲག་ཆེན་པོའི་ངང་ནས་ཕན་ཚུན་ཁ་བ་རྡོག་པོ་གཞུ་རེས་བྱེད། སློབ་གྲོགས་བུ་མོ་རྣམས་ཀྱིས་ཀུ་རེ་བཤད་ནས་དགོད་བཞིན་དུ་ཁ་བའི་མི་བཟོ་བཞིན་འདུག སློབ་གྲོགས་ཤིག་གིས་ཡང་ལ་སེར་པོ་ཞིག་འཁྱེར་འོངས་ནས་ཁ་བའི་མི་ལ་སྣ་བཟོས། ཡང་སློབ་གྲོགས་ཤིག་གིས་རྡེའུ་གཉིས་བཏུས་ནས་ཁ་བའི་མི་ལ་མིག་བཟོས། ད་དུང་སུས་འཁྱེར་ཡོང་བའང་མི་ཤེས་པའི་ཞྭ་མོ་ཧྲུལ་པོ་ཞིག་ཀྱང་ཁ་བའི་མིའི་མགོར་གཡོགས་པ་ན། ཁ་བའི་མི་དེ་དེ་མུར་རྒན་པོ་གཟུགས་ཐུང་ཞིག་ཏུ་གྱུར་པས། ཚང་མར་གད་མོ་བསླངས་ནས་དབང་མེད་དུ་བགད་བྱུང།
སློབ་གྲོགས་ཚོ་འཁྱགས་ནས་ངོ་དམར་པོ་གྱུར་བ་དང་ངའི་སེམས་ལ་ཁ་བ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་སྙམ་བྱུང། མདོར་ན་ཁ་བས་མི་རྣམས་ལ་བདེ་སྐྱིད་བསྐྱལ་དུ་འོངས་པ་རེད།
 
བྱ་ཚིག།
རྨི། གཞུས། སད། གསུངས། ལངས། འཁྲུ། འཐོན། འབབ། བཏུམས། སྣང་། འབུས། བཏུངས། འཁུར། འགྲོ། སོང་། བཞག ཁེངས། གྲགས། བསླེབས། བྱས། རྩེ། བཤད། གཞུ། དགོད། བཟོ། འཁྱེར། བཏུས། ཤེས། གཡོགས། གྱུར། བསླངས། འཁྱགས། སྙམ། བསྐྱལ། འོངས།