རྡོ་རྗེ་རིན་ཆེན། (༢)

ཐོག་མའི་གླེང་གཞི།

སྔ་ཕྱིར་མཐོ་རིམ་དང་། གཞི་རིམ་འོག་མ། གཞི་རིམ་བར་མ་བཅས་ལ་སྐད་ཡིག་སློབ་ཁྲིད་བྱས་ནས་ལོ་བཅོ་ལྔ་ལྷག་ཅིག་ཕྱིན། དེ་དག་གི་སྐབས་སོ་སོ་ནས་ཐོབ་པའི་ཉམས་མྱོང་ཡང་རྣམ་པ་གཅིག་ཏུ་ངེས་པ་ཞིག་མ་ལགས་མོད། འདིར་བསྟན་ཁོ་བོའི་གླེང་བྱ་ནི་དགེ་རྒན་གྱི་སློབ་ཁྲིད་དེ་ཉིད་བསླབ་ཡུལ་སློབ་མའི་སེམས་སུ་སྨིན་པོ་ཞིག་འབྱུང་ཐབས་བརྗོད་པའི་མྱོང་ཚོར་སྐོར་ཡིན་ཞིང་། དེ་ནི་གཞི་རིམ་འོག་མ་དང་། བར་མའི་སློབ་ཕྲུག་གཞིར་བཞག་ནས་གླེང་གི་ཡོད། དེ་གང་ཡིན་ཞེ་ན། གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པ་དང་། གཞི་རིམ་བར་མའི་འཛིན་རིམ་དྲུག་པ། དེ་བཞིན་བདུན་པ་བཅས་ཀྱི་འཛིན་གྲྭའི་གནས་རིམ་ལ་ཁྱད་པར་ཡོད་ཀྱང་། སློབ་ཕྲུག་གི་ལོ་ཡི་གནས་བབ་དང་བསམ་སྤྱོད་ལ་ཁྱད་པར་དེ་ཙམ་མེད་ལ། ཁོ་བོས་གཞི་རིམ་འོག་མ་དང་། བར་མ་སོ་སོར་ཉུང་མཐར་མི་ལོ་གསུམ་ལས་མང་བར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་རྨང་གཞི་བྱས་ནས། ཐེངས་འདིའི་དགེ་རྒན་གྱི་སློབ་ཁྲིད་དེ་སློབ་མའི་སེམས་སུ་འཇུག་པོ་ཞིག་ཇི་ལྟར་འབྱུང་ཚུལ་སྐོར་བརྗོད་རྒྱུ་ནི་ཐོག་མར་གླེང་སློང་བའི་གཏམ་མོ། །

གཅིག ཚོགས་ཐུན་གཅིག་རིང་གི་སློབ་ཁྲིད་དེ་གནད་སྨིན་ཡོང་ཐབས།

དེ་ཡང་གཞི་རིམ་གོང་འོག་གི་འཛིན་གྲྭ་ཕལ་ཆེ་བའི་ཚོགས་ཐུན་ནམ་སློབ་ཐུན་དེ་སྐར་མ་༤༧ ཙམ་ཡིན་པ་དང་། དེའི་རིང་ཕྲན་ལ་མཚོན་ན་སྐད་ཡིག་སློབ་ཁྲིད་ཕལ་ཆེ་བ་གཤམ་གསལ་ལྟར་ལག་བསྟར་བྱེད་ཀྱི་ཡོད། དེ་ཡང་ཚོགས་ཐུན་གཅིག་གི་སྐར་མ་༤༧ དེ་དུམ་ཚན་གཙོ་བོ་གསུམ་ལ་དབྱེ། དེ་གསུམ་ནི་སློབ་མཁན་དགེ་རྒན་གྱི་བྱ་བ་ལ་གཅིག་སྟེ། དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སྐབས་དང་། སྦྱོང་མཁན་སློབ་མའི་བྱ་བ་ལ་གཉིས་ཏེ་སློབ་ཕྲུག་གིས་ཀློག་པའི་སྐབས་དང་། འབྲི་བའི་སྐབས་སོ། ། དུམ་ཚན་དེ་གསུམ་རེ་རེ་ལ་སྐར་མ་བཅོ་ལྔ་༡༥ རེ་ཆ་བགོས་བྱས་ཡོད།

དུམ་ཚན་དང་པོ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས། (སྐར་མ་༡༥)

དེ་ཡང་དུམ་ཚན་དང་པོ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ། སྤང་དགོས་པ་གསུམ་རྩལ་འདོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེ་ནི་སློབ་ཁྲིད་ལ་མི་ཉན་པ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། ཉན་གྱིན་ཡོད་ནའང་ཡིད་འཛིན་མི་བྱེད་པ་སྣོད་ཞབས་བརྡོལ་བ་ལྟ་བུའི་སྐྱོན། གང་ཤེས་ང་རྒྱལ་དང་འགྲན་སེམས་ཀྱི་རྐྱེན་བྱེད་པ་སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་གསུམ་མོ། །དེ་ལག་ལེན་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། སློབ་ཐུན་གཅིག་གི་སྐར་མ་༤༧ ལས་མཇུག་མཐའི་སྐར་མ་༡ རིང་། གང་བསླབས་དྲན་དང་ཤེས་བཞིན་གྱིས། །ཡང་ནས་ཡང་དུ་ཞིབ་བཤེར་བྱ། ། དྲན་ཤེས་མེད་པའི་སློབ་སྦྱོང་དེ། ། དྲེད་མོས་འཕྱི་བ་སྔོག་དང་འདྲ། །ཞེས་པའི་ཚིགས་བཅད་དེ་སྐྱོར་ནས་སྐར་མ་བཅོ་ལྔའི་ནང་བསླབས་པའི་ཚིག་དོན་རྣམས་ཡིད་ལ་བསམ་སྒོམ་བྱེད་འཇུག་གི་ཡོད། སྐར་མ་གཅིག་རིང་གི་སྒོམ་གྲུབ་མཚམས་དགེ་རྒན་གྱིས་སློབ་ཕྲུག་གཅིག་ནས་གསུམ་ཙམ་མམ། ཡང་ན་སློབ་ཕྲུག་བྱིངས་ལ་སློབ་ཁྲིད་སྐབས་ཀྱི་ཚིག་དོན་གང་རུང་ཞིག་ལ་དུས་ཡུན་སྐར་མ་གཅིག་ཙམ་རིང་དྲི་བ་དྲིས་ལན་བྱེད། དྲི་བ་དེ་སློབ་ཕྲུག་སུ་ལ་འགོད་རྒྱུ་ཡིན་མིན་སློབ་ཕྲུག་ཚོས་ཤེས་ཀྱི་མེད། ཡིན་ནའང་སྒོམ་གྱི་རྗེས་དགེ་རྒན་གྱིས་ཁྲིད་ཟིན་པའི་སློབ་ཚན་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན་པ་སློབ་ཕྲུག་ཚང་མས་སྔ་ས་ནས་ཤེས། དེར་བརྟེན་སློབ་ཕྲུག་ཕལ་མོ་ཆེས་རང་ཉིད་དྲེད་མོང་འཕྱི་འཛིན་གྱི་མིང་འཛིན་དང་པོ་ནས་གཉིས་པའམ། དེ་ལས་མང་པ་རག་འདོད་མི་བྱེད་ཅིང་། སྣོད་ཁ་སྦུབ་དང་ཞབས་བརྡོལ་ལྟ་བུའི་སྐྱོན་ཡང་ཐོབ་འདོད་མི་བྱེད་པས། སློབ་ཁྲིད་སྐབས་གཟབ་ནན་གྱིས་ཉན་ཏེ་དྲི་བར་ལན་འདེབས་བྱེད། དེས་སློབ་ཕྲུག་གི་དྲན་ཤེས་ཇེ་བརྟན་ལ་ཕན་པ་མ་ཟད། ཉན་རྩལ་ཡར་རྒྱས་ལའང་འགྲོ་ཐུབ། ལར་ནས་སྐར་མ་བཅོ་ལྔ་ནི་དུས་ཡུན་ཐུང་ངུ་ཞིག་ཡིན་སྟབས་ཕྲུ་གུ་ཉོབ་སྣང་མི་ཡོང་རྒྱུར་ཡང་ཕན་ཐོགས་ཆེའོ། །

དུམ་ཚན་གཉིས་པ་སློབ་ཕྲུག་གིས་ཀློག་པའི་སྐབས། (སྐར་མ་༡༥)

དེ་ཡང་སློབ་ཕྲུག་ཚོས་ཀློག་པའི་སྐབས་སུ། ཉན་འཇོག་བྱེད་པ་གསུམ་ལག་ལེན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེ་རྣམས་ནི་ཚིག་གི་གཅོད་མཚམས་ལ་ཉན་འཇོག་བྱེད་པ་དང་། ཚིག་གི་དོན་དག་ལ་ཉན་འཇོག་བྱེད་པ། སྒྲ་དག་ལ་ཉན་འཇོག་བྱེད་པའོ། ། དེ་ཡང་ཀློག་པའི་སྐབས་སུ་ཚིག་གི་གཅོད་མཚམས་ཏག་ཏག་འགྲོ་ཡི་ཡོད་མེད་ལ་ཉན་འཇོག་བྱེད་པ་དང་། སྒྲ་དག་མོ་དང་གསལ་བོ་ཀློག་གི་ཡོད་མེད་ལ་ཉན་འཇོག་བྱེད་པ། ཀློག་བཞིན་པའི་ཚིག་དེ་དགེ་རྒན་གྱིས་སློབ་ཁྲིད་ལྟར་ཚིག་དོན་ལ་གོ་བ་བྱུང་ཡོད་མེད་ལ་ཉན་འཇོག་བྱེད་པ་དེ་གསུམ་ཡིན།
དེ་ལག་ལེན་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། སྤྱིར་སློབ་ཕྲུག་དོ་བདག་སོ་སོ་ངོས་ནས་ཀློག་པའི་སྐབས་སུ་དེ་གསུམ་སེམས་ལ་དམ་པོ་ཉར་ནས་ཀློག་འགོ་འཛུགས་པར་བསྐུལ་དགོས་ཤིང་། སློབ་ཕྲུག་ཚོས་ཀློག་བཞིན་པའི་སྐབས་དགེ་རྒན་འཛིན་གྲྭའི་དཀྱིལ་དུ་བཞེངས་ནས་ཚང་མས་ཀློག་སྟངས་ལ་གཟབ་ནན་གྱིས་ཉན་ཏེ། སློབ་ཕྲུག་སུ་ཞིག་གིས་ཚིག་གི་གཅོད་མཚམས་ནོར་བའམ། སྒྲ་དག་མོ་ཀློག་གི་མེད་ཚེ་དེ་མུར་སློབ་ཕྲུག་དེར་ལམ་སྟོན་བྱེད་དགོས། དེ་བཞིན་ཚིག་དོན་ལ་ཉན་འཇོག་ཅི་ཙམ་ཞིག་བྱུང་ཡོད་མེད་ལ་རྟོག་ཞིབ་བྱ་དགོས། དེ་ནི་གོང་བརྗོད་ལྟར་མཇུག་མཐའི་སློབ་ཕྲུག་སྤྱི་སྒེར་གང་རུང་ལ་དྲི་བ་དྲིས་ལན་སྐབས་སུ་རྒྱུས་ལོན་བྱེད་ཐུབ། སྐར་མ་བཅོ་ལྔའི་རིང་སློབ་ཕྲུག་གིས་ཀློག་པའི་དུས་རྒྱུན་དུ་འདི་ལྟར་ཉན་འཇོག་བྱེད་པ་གསུམ་ལག་ལན་དུ་བསྟར་པ་ཡིན་ན། སློབ་ཕྲུག་རྣམས་ཀློག་ལ་བྱང་ཆ་ཡོང་བ་དང་། ཚིག་གི་དོན་དག་ལ་ངེས་ཆ་ཡོང་རྒྱུར་ཕན་པ་ཆེའོ། །

དུམ་ཚན་གསུམ་པ་སློབ་ཕྲུག་གིས་འབྲི་བའི་སྐབས། (སྐར་མ་༡༥)

དེ་ཡང་སློབ་ཕྲུག་གིས་འབྲི་བའི་སྐབས་དོ་སྣང་བྱ་དགོས་པ་གཉིས་རྒྱུན་འཁྱོངས་བྱ་དགོས། དེ་ནི་ཡི་གེའི་དག་བསྡེབས་ལ་དོ་སྣང་བྱ་དགོས་པ་དང་། ཡིག་གཟུགས་ལ་དོ་སྣང་བྱ་དགོས་པ་གཉིས་ཡིན། དེ་ཡང་སློབ་ཕྲུག་གིས་འབྲི་བའི་དུས་སུ་དཔེར་ན། ཚིག་གྲུབ་ཅིག་བཟོ་བ་འམ། ཡང་ན་ཚིག་འགྲེལ་ཞིག་འབྲི་བ་གང་ལྟར་རང་གིས་འབྲི་བཞིན་པ་དེ་ཚོ་ཚིག་གི་སྡེབ་སྦྱོར་འགྲིག་ཡོད་མེད་ལ་དོ་སྣང་དང་། དེ་བཞིན་དག་ཆ་སྟེ་ཡིག་ནོར་མི་འབྱུང་བར་གཟབ་ནན་བྱེད་དགོས། དེ་བཞིན་ཡིག་གཟུགས་ལ་མཚོན་ན་ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་སོ་སོར་ཡིག་གཟུགས་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་། ཚུགས་མ་འཁྱུག་སོགས་གཏན་འབེབས་བྱས་པ་ལྟར། སློབ་ཕྲུག་སུ་ཞིག་གིས་འབྲི་བཞིན་པའི་ཡིག་གཟུགས་དེ་རང་ཉིད་ཀྱི་འཛིན་གྲྭའི་གནས་རིམ་དང་མཐུན་པའི་ཡིག་གཟུགས་ཡིན་མིན་དང་། འབྲི་བྱེད་ཀྱི་སྨྱུག་ཁ། སྨྱུ་གུ་འཛིན་སྟངས། ཡིག་གཟུགས་ཀྱི་འཐེན་རིམ་ཏག་ཏག་ཡིན་མིན་དང་། ནག་ནོག་ཡོད་མེད་སོགས་དམ་འཛིན་གནང་དགོས་པའོ། །
དེ་ལག་ལེན་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། དེ་ནི་གཙོ་བོ་སློབ་ཕྲུག་སོ་སོས་དོ་སྣང་དགོས་པར་སྐུལ་འདེད་བྱ་དགོས་པ་མ་ཟད། སློབ་ཕྲུག་གིས་འབྲི་བཞིན་པའི་སྐབས་དགེ་རྒན་རང་ཉིད་སློབ་ཕྲུག་རེ་རེའི་མདུན་དུ་བཅར་ནས་རྟོག་ཞིབ་བྱ་དགོས། དེ་དུས་སློབ་ཕྲུག་སུ་ཞིག་གིས་ཚིག་གི་དག་སྡེབ་སོགས་མ་ཤེས་ཚེ་དགེ་རྒན་ལ་འདྲི་བའི་གོ་སྐབས་དང་། སློབ་ཕྲུག་ཅིག་གིས་ནོར་ཡོད་ཚེ་དེར་དགེ་རྒན་གྱིས་ཐད་ཀར་ལམ་སྟོན་བྱེད་པའི་གོ་སྐབས་ཡོད། ཡིག་གཟུགས་ཀྱང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་ཡིག་གཟུགས་སོ་སོར་འཛིན་གྲྭའི་གནས་རིམ་ལྟར། ཚད་ལྡན་ཐིག་རྩ་གཏན་འབེབས་ཀྱིས་འབྲི་དེབ་བཟོས་1པའི་སྟེང་སློབ་ཕྲུག་ཚོས་འབྲི་དུས་ཐིག་རྩ་དང་། མཛེས་ཆ། སྙོམས་ཆ་བཅས་གཙོ་བོར་འཛིན་དགོས་པར་མཛུབ་སྟོན་དང་སྐུལ་འདེད་བྱེད་ཐུབ།
འདི་ལྟར་ཚོགས་ཐུན་གཅིག་སྟེ་སྐར་མ་༤༧ རིང་རྒྱུན་དུ་ལག་བསྟར་བྱ་ཐུབ་པ་ཡིན་ན། ཚོགས་ཐུན་གཅིག་རིང་ཉན་རྩལ་དང་། ཀློག་རྩལ། འབྲི་རྩལ་གསུམ་ཆ་མཉམ་དུ་ཡར་རྒྱས་འགྲོ་བ་མ་ཟད། ཚོགས་ཐུན་གཅིག་རིང་གི་སྐད་ཡིག་སློབ་ཁྲིད་ཀྱི་བྱ་རིམ་ནང་དགེ་རྒན་ལས་སློབ་ཕྲུག་མཉམ་ཞུགས་མང་བ་བྱེད་ཐུབ་ཅིང་། དེ་ནི་གནད་འགག་ཅིག་ཀྱང་རེད། ལར་ནས་སྐར་མ་༤༧ རིང་དགེ་རྒན་གྱིས་ཁྲིད་པའི་ཆ་དང་། སློབ་ཕྲུག་གིས་ཉན་པའི་ཆ། ཀློག་པའི་ཆ། འབྲི་བའི་ཆ། བསམ་བློ་གཏོང་བའི་ཆ། དྲི་བ་དྲིས་ལན་གྱི་ཆ་རྣམས་ཚོགས་ཐུན་གཅིག་ནང་ལག་བསྟར་ཐུབ་ཀྱི་ཡོད། ཚོགས་ཐུན་གཅིག་རིང་གི་སློབ་ཁྲིད་དེ་འདི་ལྟར་ཉིན་ནས་ཟླ་བ་དང་། ཟླ་བ་ནས་ལོར་མཐུད་དེ་ཕྱིན་པ་ཡིན་ཚེ་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་ཐོད་རྒལ་གྱིས་ཡར་རྒྱས་སུ་འགྲོ་ཐུབ་པ་ནི་འདས་པའི་སློབ་ཁྲིད་ཉམས་མྱོང་ནས་ཤེས་སོ། །

གཉིས།བོད་ཀྱི་སྐད་ཡིག་རིགས་ལམ་ལ་སྦྱར་ནས་སློབ་ཁྲིད་བྱེད་པ།

སྤྱིར་སློབ་ཚན་ཚང་མ་རིགས་ལམ་ལ་སྦྱར་ནས་སློབ་ཁྲིད་བྱས་ན་དགེ་མཚན་ཡོད་སྐོར། ༸གོང་ས་མཆོག་གིས་བཀའ་སློབ་རིམ་པར་སྩལ་2གྲུབ་ཡོད། དེར་བརྟེན་རང་ཉིད་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་གི་འཁྲིད་གཞི་སྐད་ཡིག་སློབ་ཚན་དེ་ཉིད་རིགས་ལམ་དང་བསྡེབས་ནས་སློབ་ཁྲིད་བྱས་པའི་ཉམས་མྱོང་ལ་གཞིགས་ན། སྐད་ཡིག་རིགས་ལམ་དང་སྦྱར་ནས་སློབ་ཁྲིད་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་།
དེ་ཡང་རིགས་ལམ་དང་སྒོ་བསྟུན་ནས་སློབ་ཁྲིད་བྱས་ཚེ། དཔེར་ན། མེ་ཞེས་པའི་མིང་རྐྱང་ལྟ་བུ་ཞིག་འགྲེལ་བཤད་བརྒྱག་དགོས་ཚེ། མེ་ཡི་ངེས་ཚིག་སྟེ་ཚ་ཞིང་སྲེག་པ་ཞིག་ལ་མེ་ཟེར་ཞེས་མེ་ཡི་མཚན་ཉིད་དང་སྦྱར་ནས་ཁྲིད་ཐུབ། དེ་ལྟར་ཁྲིད་ན། གོ་རྒྱུ་ཆེ་བ་དང་། མེ་ཡི་ངོ་བོའམ་བྱེད་ལས་ཚ་བར་བྱེད་པ་དང་སྲེག་པར་བྱེད་པ་ཞིག་ཡིན་པའི་རང་བཞིན་ཞར་ལ་ངོ་འཕྲོད། དེ་བཞིན་སླར་ཡང་ཚ་ཞིང་སྲེག་པ་ཡིན་ན། མེ་ཡིན་པའི་ཁྱབ་པ་ཡོད་མེད་རྩོད་རྒྱུ་ཡོད་པ་དང་། དེ་ལ་བརྟེན་ནས་རིག་པའི་བློ་སྒོ་འབྱེད་ཅིང་ཐོས་རྒྱ་ཆེ་རུ་འགྲོ།
ལ་དོན་གྱི་ཚིག་ཕྲད་ལྟ་བུ་ཞིག་ལ་མཚོན་ན་ཡང་། ལ་དོན་གྱི་ཕྲད་བདུན་པོ་ཡིན་ན། ཕྲད་གཞན་དབང་ཅན་དང་རང་དབང་ཅན་གང་ཡིན་ཕན་ཚུན་མུ་བསྒྲིགས་ཏེ་སློབ་ཁྲིད་བྱས་ན་སློབ་ཕྲུག་གི་སེམས་སུ་འཇུག་བདེ། མདོར་ན་ཕྲད་དང་། རྣམ་དབྱེ། ཚིག་གི་དག་ཆ། གོ་དོན་སོགས་ཚང་མ་རིགས་ལམ་བརྒྱུད་རྩད་བརྡར་བྱས་ཚེ་ཧ་ཅང་ཤེས་སླ། བརྗེད་དཀའ། དེ་བཞིན་དབྱེ་བ་དང་དབྱེ་གཞི། གྲངས་འདྲེན་སོགས་ཀྱི་ཁྱད་པར་རྣམས་སོ་སོར་འབྱེད་སླ་བ་མ་ཟད། དོན་གང་ལའང་ཡིན་མིན་རྒྱུ་མཚན་དང་འབྲེལ་ནས་གོ་བ་ལེན་ཐུབ་ཅིང་། རིགས་པས་བརྟག་དཔྱད་བྱེད་ཐུབ། རྒྱུན་དུ་སློབ་སྦྱོང་དེ་ཙམ་མི་བྱེད་མཁན་གྱི་སློབ་ཕྲུག་དང་། རིག་ཞན་སློབ་ཕྲུག་ཚོས་ཀྱང་སློབ་ཕྲུག་གཞན་དག་གི་ཉེ་འཁྲིས་ནས་སྦྱང་བྱ་དག་རྣ་བར་གོམས་བྱང་ལ་སོང་སྟེ་ཤེས་ཐུབ་ཀྱི་ཡོད། རིགས་ལམ་དང་མ་སྦྱར་བའི་སློབ་ཁྲིད་དེ་དཔེར་ན། ས་ཆུ་མེ་རླུང་ཞེས་པའི་མེ་ལྟ་བུ་ཞིག་གི་དོན་འགྲེལ་དགོས་ན། མེ་ནི་རྒྱུན་དུ་ང་ཚོས་མཐོང་གི་ཡོད་པའི་མེ་དེ་རེད་ཅེས་དང་། དེ་ལས་རྒྱས་ཙམ་འགྲེལ་ན། ཐབ་ཀྱི་མེ་དང་། སྲིན་འབུ་མེ་འཁྱེར་ཞེས་པའི་མེ་ཡི་དག་ཆ་འདིའོ་ཞེས་པ་ཙམ་ཞིག་མ་གཏོགས་དེ་ལས་ལྷག་ཅིག་བསྐྱེད་ནས་འགྲེལ་རྒྱུ་དཀའ་བ་ལྟ་བུའོ། །

གསུམ། བྱེད་ཐབས་སྤྱད་ནས་ཡིག་ནོར་དག་བཅོས་བྱེད་སྟངས་སྐོར།

སློབ་ཕྲུག་ཕལ་ཆེ་བས་འཛིན་ལས་སམ་ནང་ལས་སོགས་ཀྱི་སྐབས་ཡིག་ནོར་མང་པོ་ཞིག་འབྲི་ངེས་རེད། དེ་ནི་གཅིག་བྱས་ན། གཞི་རིམ་ནས་རྨང་གཞི་ཡག་པོ་ཞིག་འཇོག་མ་ཐུབ་པ་དང་། འབྲི་སྦྱོང་གི་གོ་རིམ་ཡང་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཚིག་དོན་དང་དག་ཆ་སོ་སོར་ཁོང་དུ་ཆུབ་མ་ཐུབ་པའི་སྐྱོན་ཡིན་སྲིད། གང་ལྟར་དགེ་རྒན་གྱིས་སློབ་ཕྲུག་གི་ཡིག་ནོར་དག་བཅོས་སྐབས། སློབ་ཕྲུག་སུ་ཞིག་གིས་བྲིས་པའི་ཡིག་ནོར་ལ་སྨྱུ་གུ་དམར་པོས་ནོར་རྟགས་མ་བཏབ་པར། རྟགས་དམིགས་བསལ་ཞིག་བརྒྱབས་ནས་བཞག་ནས་ཚེ། རྟགས་དམིགས་བསལ་བ་དེ་ཅི་ཡིན་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་དགེ་རྒན་ལ་འདྲི་བ་དང་། སྐབས་དེར་དགེ་རྒན་གྱིས་རྟགས་དེ་ཁྱེད་ཀྱིས་བསམ་བློ་བཏང་ན་ཅི་ཞིག་ཡིན་པར་སྙམ། བསམ་བློ་ཡག་པོ་ཐོངས་ཞེས་བཤད་པ་ཡིན་ན། ཁོང་ཚོས་ཕན་ཚུན་ལ་སྟོན་རེས་དང་བཤད་རེས་བྱས་ནས་ཡིག་ནོར་ཡིན་པ་ཤེས་ཐུབ་ཅིང་། ཡིག་ནོར་ཡིན་པ་ཤེས་རྗེས། གཞི་ནས་དགེ་རྒན་གྱིས་སྒོ་སཾ་སྟེང་དུ། རེའུ་མིག་ཅིག་བཟོས་ཏེ་རེའུ་མིག་དང་པོའི་ནང་ཨང་དང་། གཉིས་པའི་ནང་ཡིག་ནོར། གསུམ་པའི་ནང་ནོར་བཅོས། བཞི་པའི་ནང་ནོར་ཐེངས་ཞེས་བྲིས་རྗེས། སློབ་ཕྲུག་ཚོ་ལའང་དེ་བཞིན་འབྲུ་རུ་འཇུག་པ་དང་། རེའུ་མིག་སྟོང་བ་དག་ཏུ་དཔེ་བསྟན་པ་ལྟར།
ཨང་།      ཡིག་ནོར།       དག་བཅོས།        ནོར་ཐེངས།
༡༽        དྲག་སྣོན།        དྲག་གནོན།                 ༡
༣༽       རྡོ་རྗེ་ཀྱི་          རྡོ་རྗེ་ཡི་ ༡
༤༽      སྒྲོལ་མ་གྱི་        སྒྲོལ་མའི་/ སྒྲོལ་མ་ཡི་      ༡
༥༽       རེ་གཟའ་ཉི་མ།    རེས་གཟའ་ཉི་མ།           ༡
༦༽       རྡོ་རྗེ་ཀྱི་           རྡོ་རྗེ་ཡི་                   ༢
སློབ་ཕྲུག་རང་ཉིད་ཀྱི་ཡིག་ནོར་དང་། དག་བཅོས། ནོར་ཐེངས་བཅས་འབྲི་འཇུག་དགོས། དེ་དག་བདུན་གཉིས་ཀྱི་མཚམས་སུ། དགེ་རྒན་གྱིས་ཧ་ཅང་དོ་གལ་ཆེན་པོའི་ངང་སློབ་ཕྲུག་ཕན་ཚུན་གྱི་འབྲི་དེབ་བརྗེས་ཤིང་སློབ་ཕྲུག་རེ་རེས་རང་ལག་གི་འབྲི་དེབ་དེ་སློབ་ཕྲུག་སུ་ཡིན་གྱི་མིང་བརྗོད་བཅུག་པ་དང་སྟབས་མཚུངས། ཡིག་ནོར་ཁྱོན་བསྡོམས་ག་ཚོད་བྱུང་ཡོད་པ་དང་། ཡི་གེ་གང་ཞིག་ནོར་ཐེངས་ཅི་ཙམ་བྱུང་ཡོད་མེད་ཀློག་བཅུག་ཚེ། སློབ་ཕྲུག་ཚང་མས་རྣ་བ་བླགས་ཏེ་ཉན་པ་མ་ཟད། ཀུན་གྱིས་རང་ཉིད་ཡིག་ནོར་དང་ནོར་ཐེངས་མེད་པ་ནས་ཉུང་བར་རེ་བ་བྱེད། ནོར་ཐེངས་གཉིས་ཅན་ལ་དྲེད་མོང་འཕྱི་འཛིན་གྱི་མིང་ཐོབ་མཚོན་སླད་དགེ་རྒན་གྱིས་འབྲི་དེབ་སྟེང་དྲེད་མགོའི་རི་མོ་ཞིག་འབྲི་ཞིང་། དེ་ལས་མང་ན་དེ་ཙམ་གྱིས་དྲེད་མགོའི་རི་མོ་བྲིས་ཚེ། ཁོང་ཚོ་ཕལ་ཆེ་བས་དྲེད་མགོ་རེག་ན་སྡུག་ཐག་ཆོད་ནས། ནོར་ཐེངས་ཇེ་ཉུང་ནས་མེད་པ་དང་། སྤྱིར་ཡིག་ནོར་ཉུང་དུ་འགྲོ་བར་འབད་བརྩོན་བྱེད། ཡང་སློབ་ཕྲུག་བྱིངས་ཀྱི་ཡིག་ནོར་འབྱུང་ས་དང་། དག་ཆ་ཤེས་རྟོགས་ཐུབ་ཀྱི་མེད་རིགས་རྣམས། དགེ་རྒན་གྱིས་སློབ་ཕྲུག་བྱེ་བྲག་པ་རེ་རེའི་འབྲི་དེབ་སྟེང་ལམ་སྟོན་བྱ་རྒྱུ་མ་ཡིན་པར། དེ་རིགས་སྒོ་སཾ་སྟེང་དཀྱུས་གཅིག་ཏུ་འགྲེལ་བཤད་དང་དག་བཅོས་བྱས་པ་ཡིན་ན། དུས་ཚོད་དམ་འཛིན་དང་སློབ་ཕྲུག་ཚང་མར་གོ་བརྡ་དུས་མཉམ་འཕྲོད་པར་བརྟེན། རྗེས་སོར་དོགས་གཞི་བྱུང་ཡང་སློབ་ཕྲུག་ནང་ཕན་ཚུན་འདྲི་རྟོག་བརྒྱུད་ཤེས་རྟོགས་ཐུབ་པར་འགྱུར་བ་སོགས་ནི་ཡིག་ནོར་དག་བཅོས་བྱེད་ཐབས་སོ། །

བཞི། སྐད་ཡིག་སློབ་ཁྲིད་དེ་བྱམས་བརྩེ་དང་འབྲེལ་ནས་སློབ་ཕྲུག་གི་སེམས་ནང་འཇུག་ཐབས་བྱེད་དགོས།

སློབ་ཁྲིད་བྱེད་མཁན་དགེ་རྒན་ཞིག་གི་ངོས་ནས་རང་གི་སློབ་ཁྲིད་དེ་སློབ་ཕྲུག་གི་སེམས་ནང་འཇུག་པོ་ཞིག་བྱེད་དགོས་ན། སྐད་འཁོར་བཏང་བ་ལྟ་བུའི་སློབ་ཁྲིད་བྱེད་མི་ཉན་པའི་སྐོར་༸གོང་ས་མཆོག་གིས་ལམ་སྟོན་གནང་3ཡོད། དེ་ཡང་དགེ་རྒན་སུ་ཞིག་གིས་བྱམས་བརྩེ་4ཐོག་ནས་སློབ་ཁྲིད་གནང་བ་ཡིན་ན། བྱམས་སྐྱོང་བྱེད་མཁན་དགེ་རྒན་དེའི་སློབ་ཁྲིད་ལ་དམིགས་བསལ་གོ་རྟོགས་འཕེལ་བ་ཡོང་གི་ཡོད་པའི་མྱོང་ཚོར་བྱུང་། དེ་ཡང་ཁོ་བོ་མེའོ་སཾ་བྷོ་ཊར་དེང་ཐོག་འབྱོར་དུས་གཞིས་གྲོང་ལྔ་པའི་སློབ་ཕྲུག་བུ་མོ་ཞིག་ཡོད། ཁོ་མོ་སྐབས་དེར་འཛིན་གྲྭ་དྲུག་པ་རེད། གཟུགས་པོའི་འཚར་ལོངས་སོགས་སློབ་ཕྲུག་གཞན་ལས་ཁོ་མོ་ཆེན་པོ་ཡིན་ནའང་། སློབ་སྦྱོང་གི་གནས་ཚད་སློབ་ཚན་ཡོངས་རྫོགས་ལ་སློབ་ཕྲུག་གཞན་དག་ལས་ཧ་ཅང་ཞན་པ་འདུག བོད་ཡིག་གི་གནས་ཚད་སློབ་ཚན་གཞན་ལས་ཀྱང་སྐྱོ། ཡིག་རྒྱུགས་སྐབས་ལན་ཚང་མ་དྲི་ཤོག་སྟེང་གི་དྲི་བ་དང་པོར་ལན་བྲིས་ཞེས་པའི་ཡིག་ཕྲེང་གཅིག་ཁོ་ན་བསྐྱར་བཤུས་ཀྱིས་ཤོག་བུ་བཀང་བཅུག་ཡོད། དགེ་རྒན་རེ་འགས་ཁོ་མོ་ཆུང་དུས་ཨ་མའི་རྒྱབ་ནས་སར་ཟགས་ཏེ་ཀླད་པར་ཏོག་ཙམ་སྐྱོན་བྱུང་ཡོད་སྐོར་ཤོད་རྒྱུ་འདུག་པས། གཅིག་བྱས་ན་དེས་རྐྱེན་ཡིན་ནམ་ཞེས་རྗོད་མཁན་ཡང་མཆིས། གང་ལྟར་ཕྱི་ལོ་༢༠༡༧ ལོར་ཁོ་མོ་ཡིག་རྒྱུགས་མ་འཕྲོད་པར་བརྟེན། སླར་ཡང་འཛིན་གྲྭ་དྲུག་པར་བསྡད།
སྤྱིར་འཛིན་གྲྭ་དྲུག་པར་སློབ་ཕྲུག་ཁ་གྲངས་སློབ་གྲྭ་གཞན་དང་བསྡུར་ན་ལྡབ་འགྱུར་གྱིས་མང་། དེར་བརྟེན་དགེ་རྒན་གྱིས་སློབ་ཕྲུག་རེ་རེ་བཞིན་ཟུར་དུ་དོ་སྣང་བྱ་དབང་དཀོན་པོ་ཡིན། འོན་ཀྱང་དུས་དེ་ནས་ཁོ་མོར་དམིགས་བསལ་གྱིས་དོ་སྣང་དང་སེམས་ཐག་ཉེ་རུ་བཏང་ནས་བསླབ་བྱ་ཉུང་ཙམ་དང་། འགན་ཁུར་མང་ཙམ་བླངས་པ་ཡིན། མིག་གིས་མཐོང་མཐོང་ལ་བུ་མོ་དེའི་ཡིག་གཟུགས་དང་བོད་ཡིག་ཡར་རྒྱས་ལ་ཕྱིན་པ་མ་ཟད། ལོ་དེར་བོད་ཡིག་གི་ཡིག་རྒྱུགས་འཕྲོད་དེ་འཛིན་གྲྭ་བདུན་པར་བསླེབས་ཐུབ་ཡོད། དེ་རྗེས་ཁོ་མོའི་གདོང་ལ་དགའ་ཉམས་ཤིག་རྟག་ཏུ་མངོན་ཞིང་ནམ་རྒྱུན་འཛིན་གྲྭའི་ནང་གཉའ་ཞུམ་པ་དེའང་མེད་པར་གྱུར། དེ་འདྲ་བ་ད་དུང་འཛིན་གྲྭ་གཞན་པའི་ཁྲོད་ཀྱང་སློབ་ཕྲུག་རེ་ཟུང་ཡོད། དེས་ན་དགེ་རྒན་ཞིག་གིས་རང་ཉིད་ཀྱི་སློབ་ཁྲིད་དེ་བྱམས་བརྩེ་དང་འབྲེལ་ནས་སློབ་ཁྲིད་བྱས་ན། མདའ་གཅིག་གིས་གླ་བ་གཉིས་བསད་ཅེས་པའི་དཔེ་ལྟར། སློབ་ཕྲུག་གི་སེམས་ནང་རང་གི་སློབ་ཁྲིད་དེ་འཇུག་སླ་བ་དང་། སློབ་ཕྲུག་གི་སེམས་རྒྱུད་ལ་བྱམས་བརྩེའི་བག་ཆགས་འཇོག་ཐུབ། དེ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་སྒོ་ཡང་རེད།

ལྔ། སློབ་ཕྲུག་བྱིངས་ཀྱི་དགའ་སྣང་ལ་ཕྱོགས་ནས་སློབ་ཁྲིད་བྱེད་དགོས།

བྱིས་པ་ཚོ་ནི་རང་བཞིན་གྱིས་སྒྲུང་ལ་དགའ་བོ་ཡོད་པ་ནི་ཆོས་ཉིད་ཡིན། དེར་བརྟེན་བྱིས་པའི་ལོ་ནའི་བབ་ལ་གཞིགས་ཏེ་སེམས་ཁམས་དང་འབྲེལ་ནས་སྒྲུང་བཤད་ན། དེས་སྐད་ཡིག་ཤེས་རྒྱུར་ཕན་པ་མ་ཟད། སྒྲུང་གཏམ་བརྒྱུད་ནས་སློབ་ཕྲུག་གི་སེམས་ནང་བྱམས་བརྩེའི་བག་ཆགས་ཀྱང་འཇོག་ཐུབ། སྔོན་ཆད་ཁོ་བོས་ཆོས་བློན་གཞན་ཕན་སྙིང་པོ་ཞེས་པའི་སྒྲུང་ཞིག་བྲིས་ནས་སློབ་ཕྲུག་ཚོར་བཤད། སྒྲུང་གི་ནང་དོན་རྐུན་མ་ཞིག་རྒྱལ་པོའི་མཛོད་ཁང་དུ་རྐུ་བྱེད་པར་ཡོང་སྐབས་མཁར་སྟེང་ནས་སར་ཟགས་ཏེ་རྐང་ལག་ཆག་པ་དང་། བློན་པོ་གཞན་ཕན་སྙིང་པོས་མཐོང་ནས་རྐུན་མ་དེ་ཉེན་ཁའི་གནས་ལས་ལེགས་པར་བསྐྱབས་ཀྱང་། རྐུན་མས་བློན་པོ་གཞན་ཕན་སྙིང་པོ་ལ་དྲིན་ལན་འཇལ་རྒྱུའི་ཚབ་ཏུ་མ་ཉེས་ཁ་གཡོག་བྱས། དེར་བརྟེན་རྐུན་མ་དེར་ལས་ཀྱི་རྣམ་སྨིན་ཇི་ལྟར་འཁོར་བའི་སྐོར་ཡིན། དགེ་རྒན་ཞིག་གིས་རྒྱུན་དུ་སློབ་ཕྲུག་ཚོར་ངག་ཐོག་ནས་ཡ་རབས་བཟང་སྤྱོད་དང་ལས་འབྲས་ཀྱི་བསླབ་བྱ་གནང་རྒྱུ་ལས། དེ་དག་གི་བརྗོད་བྱ་ལྡན་པའི་སྒྲུང་འདི་དང་འདི་འདྲ་བ་རེ་སློབ་ཁྲིད་བྱས་ན། སློབ་ཕྲུག་གི་སེམས་རྒྱུད་དང་སྐད་ཡིག་གཉིས་ཀ་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་འབྱུང་བཞིན་པའི་མྱོང་ཚོར་བྱུང་།
དེ་ཡང་དགེ་རྒན་ཞིག་གིས་ཐོག་མར་སློབ་ཕྲུག་ཚོར་སྒྲུང་སློབ་ཁྲིད་མ་བྱས་གོང་སྒྲུང་བཀོད་སྒྲིག་བྱེད་དགོས་ཤིང་། སྒྲུང་བཀོད་སྒྲིག་བྱེད་སྟངས་ལ་གཉིས་ཏེ་སྒྲུང་གཞན་ནས་འདེམས་སྒྲུག་བྱེད་པ་དང་། རང་ཉིད་ཀྱིས་འབྲི་རྩོམ་བྱེད་པའོ། ། དེ་གཉིས་ལས་གང་ཞིག་ཡིན་ན་ཡང་། ཚིག་གི་སྦྱོར་བ་དང་། ནང་དོན་གྱི་ཆ་ཐམས་ཅད་སློབ་ཕྲུག་གི་ལོ་ནའི་བབ་ལ་བསྟུན་ཏེ་འདེམས་པའམ་འབྲི་དགོས་པ་ཡིན། འོ་ན་སྒྲུང་གིས་སྐད་ཡིག་གི་ནུས་པ་ཇི་ལྟར་ཡར་རྒྱས་སུ་གཏོང་ངམ་ཞེ་ན། སྒྲུང་བཤད་པའི་སྐབས་རྒྱུན་སྤྱོད་ཀྱི་ཐ་སྙད་མང་པོ་ཞིག་སློབ་ཕྲུག་གིས་གོ་ཐུབ། དེར་མ་ཟད་རྒྱུན་སྤྱོད་མིང་ཚིག་དེ་དག་ཚུལ་ཇི་ལྟར་བེད་སྤྱོད་བྱེད་ཚུལ་ཡང་ཤེས། དེས་ཕྲུ་གུའི་སྐད་ཡིག་ཡར་རྒྱས་ཙམ་ལས། ད་དུང་བསམ་བློའི་འཚར་ལོངས་ལའང་ཕན་ཐོགས་འབྱུང་ཐུབ། སྒྲུང་དེ་དགེ་རྒན་གྱི་ཁ་ནས་ཤོད་པའམ། ཡང་ན་ཤོག་བུ་ཐོག་ནས་ཀློག་པ། དེ་མིན་སློབ་ཕྲུག་ཅིག་ལ་ཀློག་ཏུ་འཇུག་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ཆོག དེས་སློབ་ཕྲུག་གང་ཞིག་སྐད་ཡིག་ལ་དགའ་སྣང་དང་སློབ་གྲྭར་ཡང་དགའ་སྣང་བསྐྲུན་ཐུབ། དེ་སྐོར་ལྡི་ལི་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་5ལཱ་ཏེ་ཀ་ཀིབྟ་མཆོག་གིས་ཀྱང་གསུངས་བྱུང་། རྒྱུ་མཚན་དེ་དག་ལ་བརྟེན་ཕྲན་གྱིས་འདས་པའི་དགེ་རྒན་གྱི་དུས་ཡུན་ནང་། སློབ་ཕྲུག་ཚོའི་ཆེད་དུ་སྒྲུང་དང་གཏམ་བརྗོད་སུམ་ཅུ་ལྷག་ཅིག་བྲིས་ཏེ་དངོས་སུ་སློབ་ཁྲིད་བྱས་མྱོང་ཡོད་པ་དང་། དེ་དག་ལས་<<དྲེད་མོང་འཕྱི་འཛིན།>>གྱི་སྒྲུང་དང་། << གཟའ་ཉི་མའི་བསམ་གཞིགས།>> <<བུ་གླེན་པ་དང་ཤིང་ཙན་དན།>> སོགས་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་སྟེང་འདེམས་བཀོད་བྱས་ཡོད། སྐད་ཡིག་དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་གོ་རིམ་ནང་བདུན་རེའི་མཚམས་སུ་ཉུང་མཐར་ཡང་། སྒྲུང་གསུམ་རེ་སློབ་ཁྲིད་བྱེད་རྒྱུ་ནི་སྐད་ཡིག་ཡར་རྒྱས་དང་། སློབ་གསོ་གཉིས་ཀར་ཧ་ཅང་གལ་འགངས་ཆེན་པོ་ཡིན་ནོ། །

དྲུག མིག་མཐོང་ལག་ཟིན་གྱི་གྲུབ་འབྲས།

གོང་བརྗོད་བཞིན་སློབ་ཐུན་གཅིག་རིང་གི་སློབ་ཁྲིད་བྱེད་ཐབས་དང་། ཡིག་ནོར་དག་བཅོས་བྱེད་སྟངས་སོགས་ནི། གུས་པ་མི་ལོ་བཅོ་ལྔ་ལྷག་གི་རིང་དགེ་རྒན་བྱེད་པའི་སྐབས། རང་ཉིད་ཀྱི་སློབ་ཁྲིད་དེ་སློབ་ཕྲུག་གི་སེམས་སུ་འཇུག་པོ་ཞིག་ཇི་ལྟར་འབྱུང་བར་བསམ་གཞིགས་བརྒྱུད་ཐབས་ལམ་བསྐྲུན་ཏེ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། སློབ་ཁྲིད་བྱེད་ཐབས་དེ་དག་ཐུན་མོང་གི་གྲུབ་འབྲས་ལ་བརྟེན། ཕྱི་ལོ་༢༠༡༦ ཟླ་༡༠ ནང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཞི་རིམ་འོག་མའི་སློབ་ཁག་ལྔ་བཅུ་ལྷག་ཅིག་གིས་རྩ་བའི་སློབ་ཚན་གསུམ་གྱི་ཐོག་སྤྱི་རྒྱུགས་གཏོང་སྐབས། སྤོག་རེ་སྦོང་སཾ་བྷོ་ཊ་སློབ་གྲྭའི་བོད་ཡིག་གི་གྲུབ་འབྲས་དེ་དཔེ་སྟོན་སློབ་ཕྲུག་ཚོ་དང་མཚུངས་སྡུར་ཐུབ་ཡོད། དངོས་འབྲེལ་བྱས་ན་སྤོག་རེ་སྦོང་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་གི་ཡོང་ཁུངས་བརྒྱ་ཆ་བརྒྱད་ཅུ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁོངས་ཀྱི་ཀྲུ་ཀྲིང་ས་ཁུལ་གྱི་བོད་ཕྲུག་ཡིན་པ་དང་། བརྒྱ་ཆ་བཅོ་ལྔ་ཙམ་བལ་ཡུལ་ལྷོ་རྒྱུད་ས་ཁོངས་ཀྱི་ཕོ་ལེ་ཝ་ལུང་གི་བོད་ཕྲུག་ཡིན། བརྒྱ་ཆ་ལྔ་ཙམ་ཀ་རྡོར་སྒང་གསུམ་གྱི་བོད་ཕྲུག་གོ། ། ཁོང་ཚོ་དང་ཐོག་སློབ་གྲྭར་འབྱོར་སྐབས་ས་གནས་ཀྱི་ཡུལ་སྐད་ལས་དབུས་སྐད་ལ་གོམས་ལོབ་མེད་སྟབས། ཉུང་མཐར་ལོ་གཅིག་རིང་དབུས་སྐད་གོ་བརྡ་ཡི་འཐོམས་སངས་དགོས་པའི་དཀའ་ངལ་ཡོད། འོན་ཀྱང་གོང་བརྗོད་ལྟར་སློབ་ཁྲིད་ཀྱི་བྱེད་ཐབས་དེ་དག་དང་། དགེ་རྒན་ཚང་མས་ལྷག་བསམ་ཆེར་བསྐྱེད་དང་མཉམ་རུབ་བཅས་ཀྱི་སློབ་ཁྲིད་གནང་བ་བཅས་ལ་བརྟེན། ས་གནས་ཁུག་ཀྱོག་ཅིག་གི་གཞི་རིམ་འོག་མའི་སློབ་གྲྭའི་བོད་ཡིག་གི་གནས་ཚད་དེ། དཔེ་སྟོན་སློབ་གྲྭ་དང་མཚུངས་སྡུར་ཐུབ་པར་བྱུང་བ་ནི་མིག་མཐོང་ལག་ཟིན་དུ་གྱུར་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དོ། །

མཆན།

1   ཕྱི་ལོ་༢༠༡༧ ལོ་མཇུག་ཙམ་ལ་ཕྲན་གྱིས་བོད་ནང་གི་ཡིག་གཟུགས་མཁས་ཅན་རེ་ཟུང་དང་བྱེས་ཀྱི་མཁས་ཅན་རེ་ཟུང་ལ་ཚུགས་རིང་དང་། ཚུགས་ཐུང་། ཡིག་ཆུང་། ཚུགས་མ་འཁྱུག་བཅས་ཀྱི་ཐིག་རྩ་འདྲི་རྟོག་དང་ཞིབ་འཇུག་རིམ་པར་བརྒྱུད་མཐར། ཕྱི་ལོ་༢༠༡༨ ལོར་ས་གནས་མེའོ་མཉམ་འབྲེལ་དང་གན་རྒྱ་བཞག་སྟེ། སྔོན་འགྲོ་ནས་འཛིན་གྲྭ་བརྒྱད་པ་བར་གྱི་ཡིག་གཟུགས་སོ་སོར་ཐིིག་རྩ་བཟོས་ཏེ་འབྲི་དེབ་བཟོས་ཡོད། སློབ་ཕྲུག་ཚོས་ཡིག་གཟུགས་ཐིག་རྩ་བརྒྱུད་ནས་འབྲི་དུས་སྦྱང་སླ་བ་དང་དགེ་རྒན་གྱིས་ཀྱང་སློབ་བདེ་ཡོང་གི་འདུག་ཅེས་དགེ་སློབ་གཉིས་ཀས་བརྗོད་བྱུང་།
2   ཚད་མའི་འགྲོ་སྟངས་འདི་ང་རང་ཚོའི་ནང་དོན་རིག་པ་དང་འབྲེལ་ནས་རྟགས་གསལ་གཏོང་རྒྱུ་ཕྱིན་པ་མ་གཏོགས་རིག་གནས་གཞན་དག་ནང་ལ་རྟགས་གསལ་གྱི་འགྲོ་སྟངས་འདི་དེ་སྔ་ང་ཚོར་བྱུང་མི་འདུག དེ་ང་ཚོའི་གསར་གཏོད་བྱེད་ཐུབ་ན་གཅིག་བྱས་ན་ཧ་ལམ་འཛམ་གླིང་འདིའི་སྟེང་ཤེས་ཡོན་སྤྲོད་སྟངས་དེ་རིགས་ལམ་གྱི་ཐོག་ནས་ཤེས་ཡོན་སྤྲོད་རྒྱུ་ཞིག་ང་ཚོས་གསར་གཏོད་བྱེད་སྲིད་པ་ཞིག་རེད། ཅེས་ཤེས་རིག་གི་ཚོགས་འདུ་ཚོགས་སྐབས་བརྗོད་རྒྱུ་བྱུང་། རིགས་ལམ་གྱི་འགྲོ་སྟངས་ཟེར་བ་དེ་ནང་པ་མིན་ནའང་ཆོས་མེད་མཁན་གྱི་མི་ཞིག་ཡིན་ནའང་། རིགས་ལམ་བསླབ་དགོས་རྒྱུ་རེད་འདུག བྱས་ཙང་ཧ་ལམ་འཛམ་གླིང་འདིའི་སྟེང་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ནང་རིགས་ལམ་གྱི་འགྲོ་སྟངས་འདི་གཅིག་བྱས་ན་ང་ཚོའི་གསར་གཏོད་བྱེད་སྲིད་པ་ཞིག་ཕལ་ཆེར་རེད། དེ་འདྲ་ཡིན་དུས་རིགས་ལམ་བསླབ་དགོས་ཀྱི་འདུག་ཅེས་བར་སྐབས་ཤིག་ནས་ངོས་ཀྱིས་འབོད་སྐུལ་བྱས་ཡོད། ཅེས་ཕྱི་ལོ་༢༠༡༠ ཟླ་༦ ཚེས་༡ ཉིན་དྷ་སྟེང་བོད་ཁྱིམ་དུ་བོད་པའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་སྐབས་སྩལ།
3 དེ་མིན་དགེ་རྒན་གྱིས་སློབ་ཚན་ཞིག་འཁྲིད་པ་ཙམ་ལས་རྩ་བའི་མིའི་བརྩེ་བའི་རྣམ་པ་གང་ཡང་མེད་པར། སྐད་འཁོར་བཏང་བ་ལྟ་བུར་ཕྱིན་པ་ཡིན་ན། གང་འཚམ་ནས་ཕྲུ་གུ་ཚོ་ཡང་འཛིན་གྲྭ་འདིའི་ནང་ལ་གྲང་ཤུར་ཤུར་ཞིག་མ་གཏོགས་ཚོར་བ་གང་ཡང་མེད་པ་ཞིག་ཡོང་རྒྱུ་རེད། དེ་འདྲའི་མུར་ལོ་མང་པོ་འགྲོ་དུས་ཕྲུ་གུའི་བསམ་བློའི་ནང་ལ་སྐྱོན་ཆེན་པོ་ཤོར་གྱི་མེད་དམ་བསམ་པ་འདུག ཅེས་ཕྱི་ལོ་༡༩༩༧ ཟླ་༡༡ ཚེས་༢༢ ཉིན་མ་སུ་རི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་ཡོད།
4  བྱམས་བརྩེ་ཟེར་བ་ཚིག་ཙམ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་མི་ལ་བྱམས་བརྩེ་ངོ་སྤྲོད་དང་བསླབ་བྱ་བྱེད་པའི་སྐབས་སུ་དགེ་རྒན་རང་ཉིད་ཀྱི་ཉིན་རེའི་འཚོ་བ་དང་། ལྷག་པར་དུ་འཛིན་གྲྭ་ཚོགས་ནས་སློབ་ཕྲུག་ཚོར་འགྲེལ་བཤད་རྒྱག་པའི་སྐབས་སུ་བྱམས་བརྩེ་ལྡན་པ་ཞིག་གི་ཐོག་ནས་སློབ་ཕྲུག་གི་མི་ཚེའི་མདུན་ལམ་ལ་སེམས་ཁུར་བླངས་ནས། འཛིན་གྲྭ་ཚོགས་པའི་སྐབས་ལ་སློབ་ཚན་ལ་རྒྱུགས་འཕྲོད་ཙམ་ཞིག་བཤད་པ་གཅིག་པུ་མ་ཡིན་པར་ཚོར་བ་ཡོད་པ་ཞིག་བྱེད་དགོས་ཞེས་ཕྱི་ལོ་༢༠༡༧ ཟླ་༦ ཚེས་༨ ཉིན་༸གོང་ས་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཐབས་སྐོར་བཀའ་སློབ་སྩལ་པ་ལས་བཤུས།
5   དྷ་སར་ཤེས་རིག་ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་བྱིས་པའི་ཀློག་རྩལ་ཡར་རྒྱས་ཀྱི་ཟབ་སྦྱོང་སྐབས་སུ་གསུངས།