བྱམས་པ་བཀྲ་ཤིས།
གླེང་གཞི།
རྩོམ་རིག་ནི་སྤྱི་ཚོགས་ལ་བརྟེན་དགོས་པ་དང་། སྤྱི་ཚོགས་ནི་འཇིག་རྟེན་སྣོད་བཅུད་ཀྱི་དངོས་པོ་རྣམས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གྲུབ་ནས་ཡོད་པ་ནི་ཆོས་ཉིད་ཅིག་ཡིན་པས། རྩོམ་རིག་ནི་ང་ཚོའི་མིག་ལམ་དང་སེམས་ཚོར་གྱི་ཁྲོད་ནས་བཤམས་པའི་འདུ་ཤེས་ཤིག་ཡིན། དེ་དག་ངོས་འཛིན་བྱེད་མཁས་མིན་དང་མིང་ཚིག་ཡི་གེ་རྣམས་རང་རྒྱུད་ཀྱི་ཤེས་ཚད་མཐོ་དམན་དབང་གིས་སྣང་བརྙན་དུ་སྐྲུན་ཐུབ་མིན་ལ་རག་ལས་ཡོད། དེས་ན་གཞི་རིམ་སློབ་མ་རྣམས་ལ་རྩོམ་རིག་སློོབ་ཁྲིད་ཐབས་ལམ་འདི་ནི་གུས་པས་རྩོམ་རིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ཕྲན་བུ་ཙམ་འདིར་སྤུངས་པ་ཞིག་མ་གཏོགས་སྔོན་བྱོན་གྱི་མཁས་པ་ཚོས་རྩོམ་རིག་ལ་ལྟ་སྟངས་དང་ཁ་ཕྱོགས་སོགས་ཀྱི་སྐོར་སྐབས་འདིར་བཤད་མི་འདོད་པར་མ་ཟད། བརྗོད་ཀྱང་མཁས་པ་ཚོའི་བཞད་གད་ཀྱི་ཡུལ་དུ་འགྱུར་བ་དང་གོ་འཛོལ་ཆེན་པོ་འབྱུང་ཉེན་ཆེ།
རྩོམ་ཡིག་འདིའི་ནང་གང་བཤད་པ་རྣམས་ནི་རང་ཉིད་ཀྱི་བློ་རྩལ་ལས་ཐོན་པ་དང་ཉམས་མྱོང་གིས་བྱིན་པའི་སློབ་ཁྲིད་ཐབས་ལམ་ཡིན་སྟབས། རྩོམ་རིག་གི་གཞུང་ལུགས་དང་མཁས་པའི་བཞེད་མཚམས་དང་འགལ་བའི་གནས་ཚུལ་རིགས་ཡོང་སྲིད་པས། མིག་རྒྱང་ཡངས་ཤིང་མཁྱེན་དཔྱོད་ལྡན་པའི་བློ་ལྡན་གྱི་མཁས་པ་རྣམས་ལ་དགོངས་གསོལ་ཞུ་རྒྱུ་དང་། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་དོན་རྟོག་དཔྱོད་གཉིས་ལྡན་གྱི་བསམ་གཞིགས་ཀྱི་ཀློང་ནས་བདེན་རྫུན་དབྱེ་འབྱེད་ཀྱི་བློ་མིག་རྣོན་པོས་དཔྱོད་པར་འཚལ།
གུས་པས་རྩོམ་རིག་གི་སློབ་ཁྲིད་ཉམས་མྱོང་ཟེར་བ་ནི་སྤྱིར་བཏང་སློབ་མ་ཚོའི་བོད་ཡིག་གནས་ཚད་དང་བསྟུན་ཤེས་གང་ཐུབ་བྱས་ནས་སློབ་ཁྲིད་བྱེད་བཞིན་ཡོད་པས། རྩོམ་རིག་གི་འགྲོ་ལུགས་དང་རྣམ་གཞག་རིགས་ལ་བརྟེན་ནས་སློབ་ཁྲིད་གཙོ་བོ་མ་ཡིན་པར། སྐབས་བབ་ཀྱི་ཤེས་ཚད་དང་གོམས་སྲོལ། སྤྲོ་སྣང་། གོ་རྟོགས། མཐོང་རྒྱ། མྱོང་བ། འདུ་ཤེས་འཛིན་ཕྱོགས། བརྡ་སྤྲོད་དང་བྱ་སྤྱོད་སོགས་རྨང་གཞི་ལ་བཞག་ནས་སློབ་ཁྲིད་ཀྱི་མཛུབ་སྟོན་དང་སྣེ་ཤན་བྱེད་པའི་སློབ་སྟངས་ཤིག་ཡིན། དེའི་ནང་ནས་ཀྱང་གཙོ་ཆེ་ཤོས་ནི་སེམས་ཚོར་ཉིད་ལ་བརྟེན་ནས་གྲུབ་ཆ་སྣ་ཚོགས་མཁོ་སྒྲུབ་བྱེད་དགོས་པར་མ་ཟད། ཉམས་མྱོང་དང་ཤེས་རྟོགས་ལ་བརྟེན་ནས་དོན་དངོས་གསར་པ་རྣམས་ལ་གོ་བ་ལེན་ཚུལ་སོགས་ཡི་གེར་འགོད་སྟངས་ལག་ལེན་དུ་བསྟར་དགོས་པ་བཅས་རེད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་གཤམ་དུ་རྩོམ་རིག་སློབ་ཁྲིད་ཇི་ལྟར་བྱེད་དགོས་མིན་ཐོག་དོན་ཚན་ཁ་ཤས་བརྒྱུད་ནས་བྲི་བར་བྱ་རྒྱུ་ཡིན།
ཟུར་མཆན། སློབ་དུས་འགོ་བཙུགས་པའི་ཉིན་དང་པོ་ནས་སློབ་མ་ཚོར་སོ་སོའི་རྩོམ་ཡིག་གི་ཡིག་སྣོད་བཟོ་དགོས། དེའི་ནང་ཟླ་རེ་ཟླ་རེར་སློབ་མ་ཚོར་རྩོམ་ཡིག་འབྲི་རུ་བཅུག་ནས་ཉར་ཚགས་བྱེད་དགོས། དེ་ནས་སློབ་མ་སོ་སོའི་སྦྱངས་འབྲས་གསལ་པོ་ཤེས་ཐུབ་ཀྱི་འདུག མ་ཟད་བརྡ་སྤྲོད་རིགས་ནི་རྩོམ་རིག་གི་ཞོར་ལ་ནོར་འཁྲུལ་ཡོ་བསྲང་གནང་དགོས།
གཅིག རྩོམ་འབྲི་ལ་དགའ་ཞེན་དང་འབྲི་བའི་ཕན་ཡོན།
རྩོམ་རིག་གི་ཁ་ཕྱོགས་ལ་དགའ་ཞེན་བསྐྲུན་པ་དང་རྩོམ་ཡིག་འབྲི་བའི་དགེ་མཚན་གྱི་སྐོར་ཅུང་ཟད་བརྗོད་པར་བྱ་བ་ནི་རྩོམ་ཡིག་ལ་འཇུག་ཐབས་ཤིག་ཡིན། དེ་ཡང་ཆེས་ཐོག་མར་ང་ཚོས་ཤེས་དགོས་པ་ནི་འཇིག་རྟེན་གྱི་སྐྱེ་བོ་ཡོད་ཚད་ལ་རང་བཞིན་གྱི་དེབ་གཅིག་གཉིས་ཉུང་མཐའ་ནས་འདོན་ཐུབ་པའི་རྩོམ་ཡིག་གི་ཆ་རྐྱེན་དང་གྲུབ་ཆ་ཡོངས་སུ་ཚང་ཡོད་པ་ཡིན། གང་ཡིན་ཞེ་ན། སྐྱེ་བོ་ཡོད་ཚད་ནི་སེམས་ཚོར་གྱི་འདུ་ཤེས་སྣ་ཚོགས་ལ་བརྟེན་ནས་མི་ཚེའི་མཐའ་འཁྱོལ་བར་བྱེད་བཞིན་ཡོད་པ་ནི་ཆོས་ཉིད་དུ་གྲུབ་ཡོད།
ང་ཚོ་ཚང་མའི་མི་ཚེའི་བརྒྱུད་རིམ་ནང་དེབ་གང་ཞིག་གི་ནང་དོན་ནམ་བརྗོད་བྱ་ཆ་ཚང་བ་ཞིག་འཐིམས་ཡོད་པ་ཡིན་པས། ང་ཚོས་རྩོམ་རིག་གི་གྲུབ་ཆ་གལ་ཆེ་ཤོས་ཤིག་རང་བཞིན་ལྷན་སྐྱེས་སུ་ཡོད་པར་ངོས་འཛིན་བྱེད་ཐུབ་པ་དགོས། དེ་ནི་ང་ཚོའི་ལྷན་སྐྱེས་ནས་ཁྱེར་ཡོང་བའི་རྩོམ་ཡིག་གི་ནང་དོན་ཞིག་རེད། ནང་དོན་དེའི་ཁྲོད་དུ་ལྡོག་ཏུ་མེད་པའི་ཕྱིའི་དངོས་པོའི་གནས་སྟངས་དང་། རང་གི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་བརྗོད་ཀྱིས་མི་ལང་བའི་གནས་ཚུལ་མང་པོ་ཞིག་ཡོད་པ་ཡིན། དེ་རྣམས་ནི་ང་ཚོས་ངེས་པར་དུ་འབྲི་དགོས་པའི་ལས་འཆར་ཞིག་རེད། དཔེར་ན། འཁྲུལ་སྣང་དང་དངོས་བདེན། དེ་བཞིན་ཉམས་མྱོང་དང་གསར་གཏོད་སོགས་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་ནས་ཐོན་པ་ཞིག་རེད།
སློབ་མ་ཚོ་ཡིན་ནའང་། ལོ་ཚོད་དང་ཁྱིམ་ཚང་གི་གནས་བབ་སོགས་དང་མཐུན་པའི་ཐོག་ནས་རང་ཉིད་ལ་བག་ཆགས་ཟབ་པོ་རེ་ཡོད། ད་དུང་རྟོག་འཆར་དང་མཐོང་ཐོས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཡོད་སྟབས། རྩོམ་ཡིག་གི་ཆ་རྐྱེན་གང་ལ་གང་འཚམ་གྱིས་གྲུབ་ཡོད་པ་ཡིན། དེར་བརྟེན་འཚོ་བའི་རྨང་གཞི་རྣམས་ང་ཚོས་ངེས་པར་དུ་རྩོམ་ཡིག་དང་སློབ་མ་ཚོའི་མདུན་ལམ་དང་ཐག་ཉེ་པོ་བྱས་ཏེ་རྩོམ་ཡིག་གི་གོ་རྟོགས་དང་དགའ་ཞེན་བསྐྲུན་དགོས་པར་སེམས།
གོང་དུ་བརྗོད་པའི་རྩོམ་ཡིག་འབྲི་བའི་ཆ་རྐྱེན་དག་ནི་ལྷན་སྐྱེས་སུ་འཇགས་ཡོད་པར་ཤེས་སུ་འཇུག་དགོས། རྩོམ་ཡིག་གི་བྱ་བ་དངོས་སུ་འབྲི་བ་ནི་ཐོག་མར་ཚིག་ལྷུག་གི་རྣམ་པ་བརྒྱུད་འབྲི་འགོ་འཛུགས་དགོས་པ་ཡིན། རྩོམ་ཡིག་འབྲི་བ་ནི་མཁས་པའི་བྱ་བར་འཇུག་པའི་ཐེམ་སྐས་ལྟ་བུ་ཞིག་ཡིན། འབྲི་བའི་རྒྱུ་མཚན་དུ་བྱས་ཏེ་ཤེས་བྱ་སྣ་མང་ལ་དཔྱོད་པའི་རིག་རྩལ་ནི་དོན་གྱི་དམ་པ་ཞིག་ཡིན། དེང་དུས་ཀྱི་མཁས་པ་ཆེན་པོ་དང་དགེ་རྒན་ཆེན་པོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་གིས་རྩོམ་ཡིག་གི་ཕན་ཡོན་ཐད་འདི་འདྲ་ཞིག་གསུངས་ཡོད།
རྩོམ་རིག་ནི་བློ་གསར་གྱི་འདབ་ཆགས་ལ་གཤོག་པ་ནང་བཞིན་ཡིན་ལ། གསར་གཏོད་ཀྱི་འཛུགས་སྐྲུན་ལ་འཕྲུལ་ཆས་ནང་བཞིན་ཡིན། རྩོམ་རིག་ནི་ཆོས་རིག་གི་སྲོལ་རྒྱུན་ལ་སྲོག་རྩ་ནང་བཞིན་ཡིན་ལ། སྐད་ཡིག་གི་མ་ལག་ལ་དབང་རྩ་ནང་བཞིན་ཡིན། རྩོམ་རིག་ནི་མི་རིགས་ཀྱི་ཚེ་སྲོག་གི་སྲོལ་རྒྱུན་ལ་སྲོག་རྩ་ནང་བཞིན་ཡིན་ལ། རིགས་ཞེན་གྱི་ཁོག་པ་ལ་སྙིང་རྩ་ནང་བཞིན་ཡིན། རྩོམ་རིག་ནི་ཡར་རྒྱས་ཀྱི་མདུན་ལམ་ལ་རྐང་པ་ནང་བཞིན་ཡིན་ལ། བྱ་བཞག་གི་མཛད་རྗེས་ལ་ལག་པ་ནང་བཞིན་ཡིན། རྩོམ་རིག་ནི་རྨོངས་པའི་མཚན་ལྗོངས་ལ་སྒྲོན་མེ་ནང་བཞིན་ཡིན་ལ། མཁས་པའི་རྣ་བར་བདུད་རྩི་ནང་བཞིན་ཡིན། རྩོམ་རིག་ནི་གནས་ལུགས་ར་སྤྲོད་ལ་ཁྲིམས་དཔོན་ནང་བཞིན་ཡིན། དེས་ན་རྩོམ་རིག་གི་བྱ་བར་འཇུག་ཕྱིར་བློ་ལྡན་གྱི་སློབ་ཕྲུག་ཚོར་དགའ་ཞེན་དང་རྩོམ་ཡིག་གི་དགོས་པ་དེ་བཞིན་ཕན་རླབས་བཅས་གསལ་བཤད་དང་ལམ་སྟོན་བྱ་རྒྱུ་དེ་ནི་གནད་ཀྱི་དམ་པའོ།།
གཉིས་པ། རྩོམ་ལུས་ཙམ་ལས་གཞུང་གི་སྒྲིག་འཛུགས་ལ་གཞི་རྟེན་བཅོལ་མི་རུང་།
ཐོག་མར་གཞི་རིམ་སློབ་མའི་རྩོམ་རིག་གི་སྦྱོང་བརྡར་དང་། དངོས་སུ་རྩོམ་རིག་ལ་མ་ཞུགས་གོང་དུ་ང་ཚོས་ངེས་པར་དུ་དང་ལེན་བྱེད་དགོས་པ་ཞིག་ནི་རྩོམ་རིག་གི་ཁ་ཕྱོགས་དང་ལྟ་ཚུལ། དེ་བཞིན་མི་ཡི་རིགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྣང་ཚུལ་ཞིག་མངོན་དུ་འཇུག་དགོས་པ་ནི་ཆེས་ཐོག་མའི་རྨང་གཞི་ཞིག་རེད་སྙམ། རྨང་གཞི་དེ་ནི་མཐར་ཐུག་ན་སྐད་ཀྱི་སྦྱོང་བརྡར་དང་ཐ་སྙད་འཚོལ་སྒྲུག་གི་བྱ་བ་རྩོམ་དགོས་པ་དེ་ཡིན། དེ་ནས་རྩོམ་ཚུལ་གྱི་རྣམ་པ་རིམ་པ་བཞིན་ངོ་སྤྲོད་བྱས་ཏེ། སློབ་མ་ཚོའི་སེམས་ཚོར་གྱི་འགུལ་ཚུལ་དང་བསྟུན་ནས་རང་ཉིད་ཀྱི་རྩོམ་ཚུལ་རིགས་ལས་གདམ་ག་རེ་རྙེད་ཐུབ་པའི་ཚོད་འཛིན་དགོས་རྒྱུ་དེ་ཡིན་འདུག
དེ་ཡང་རྩོམ་སྟངས་རིག་པའི་རྣམ་བཞག་གི་ཚིག་དོན་དག་གི་གནད་འགག་རིགས་རེ་རེ་བཞིན་ལས་དང་བོ་རྩོམ་ལ་འཇུག་བཞིན་པ་དང་། ཐ་ཐོར་འབྲི་མྱོང་བ་དག་ལ་རྩོམ་རིག་གི་གཞུང་ལུགས་དང་། རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་ཀྱི་བཀག་རྒྱ་དང་སྒྲིག་ཁྲིམས་དག་ཞར་དང་ཞོར་དུ་གླེང་བ་ལས། གལ་གནད་དུ་བཟུང་ནས་འཆད་ཁྲིད་གནང་རྒྱུ་མི་འདུག རྒྱུ་མཚན་ནི་སྒྲིག་ཁྲིམས་དང་བཀག་རྒྱའི་གནོད་ཤུགས་ཀྱི་རྐྱེན་པས་སློབ་མ་ཚོའི་རང་དབང་གི་ཚོར་སེམས་དང་སྣང་བརྙན་དག་ལ་བཀག་འགོག་བྱས་པ་དང་གཉིས་སུ་མ་མཆིས། རྩོམ་ཡིག་འཁྲིད་པའི་སྐབས་སུ་གལ་ཆེ་ཤོས་ནི་སེམས་ཚོར་གྱི་ཐོག་ཏུ་འཇོག་དགོས།
སེམས་ཚོར་དེ་ཡང་ཕྱིའི་སྣོད་བཅུད་ལ་བརྟེན་ནས་རང་གི་རྒྱུད་ལ་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་དེ་ཚུར་ལ་མངོན་དུ་འཇུག་དགོས་པའི་ཐབས་ལམ་དེ་ཡིན། ཐབས་ལམ་དེ་ལ་རྒྱུ་རྐྱེན་གཉིས་ཀྱི་ཐོག་ནས་སེམས་ཚོར་སྦྱིན་ཚུལ་ཞིག་ཡོད་པ་ནི།
གཅིག་ནི། བྱ་དངོས་ཀྱི་གཤིེས་ལུགས་སོ་སོའི་ཚུར་སྣང་བའི་སེམས་ཚོར་ཞིག་ཡོད་པས། ངས་དེ་ལ་རང་ངོས་ཀྱི་ལྟ་ཚུལ་བརྒྱུད་པའི་ཚོར་བ་ཞེས་བརྗོད་ན་འདོད།
གཉིས་པ་ནི། རྩོམ་པ་པོ་ག་གེ་མོ་ཞིག་གིས་བྲིས་པའི་རྩོམ་ཡིག་དཔེ་ཀློག་བྱེད་པའི་ཤུལ་ནས་རང་མྱོང་གསར་བ་ཞིག་སྦྱིན་པ་དེ་ལ་གཞན་གྱི་ལྟ་ཚུལ་ལས་སྦྱིན་པའི་ཚོར་བ་ཞིག་ཡོད། དེ་ལ་ཁོ་བོས་གཞན་བརྒྱུད་ལྟ་ཚུལ་ཀྱི་ཚོར་བའི་གྲུབ་ཆ་ཞེས་བརྗོད་འདོད་པ་ཡིན།
རྩོམ་ཡིག་འབྲི་རུ་འཇུག་པའི་ཚེ་སེམས་ཀྱི་འདུ་ཤེས་བཅོས་མ་མིན་པའི་སྣང་བརྙན་ཞིག་གི་ཐོག་ནས་འགོ་རྩོམ་དགོས་པ་ནི་རྩོམ་ཡིག་ལ་འཇུག་པའི་གྲུབ་ཆ་དང་པོ་དེ་ཡིན། དེས་ན་སེམས་ཚོར་དེ་ཉིད་ཕྱི་ཡི་བྱ་དངོས་སོགས་གནས་སྟངས་མི་འདྲ་བའི་ཐོག་ནས་ཡོང་དགོས་པས་ཆེས་ཐོག་མར་མིག་ཤེས་དང་སེམས་ཁམས་གཉིས་ཀྱི་བརྒྱུད་རིམ་གྱི་འབྲེལ་གཏུགས་བྱེད་སྟངས་དེའི་ཐོག་གོམས་འདྲིས་ཆེན་པོ་དང་བར་ཐག་ཉེ་བོ་དགོས་པར་སེམས། དེ་ཡང་མིག་ཤེས་ཀྱིས་བྱ་དངོས་མཐའ་དག་ཞིབ་ཕྲ་དང་གཟབ་ནན་གྱིས་ལྟ་ཚུལ་དེ་གོམས་འདྲིས་བྱེད་དགོས། ཅི་ཙམ་གྱིས་ལྟ་ཚུལ་ཟབ་ན་དེ་ཙམ་གྱིས་རྩོམ་རིག་གི་ནང་དོན་ཐད་གྲུབ་ཆ་ཕུན་སུམ་ཚོགས་པ་ཡོང་བ་དང་བརྗོད་དོན་དེ་ཡང་རྒྱས་བཤད་དང་ཞིབ་འབྲི་བྱེད་ཚུལ་ཐད་ལ་ཁེ་ཕན་ཆེན་པོ་དང་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཡོང་ཐུབ།
- ཐབས་ལམ།
སློབ་མ་ཚོ་སྐབས་རེར་འཛིན་ཁང་གི་ཕྱི་རུ་ཁྲིད་ནས་ཡུལ་ལྗོངས་ཀྱི་བཀོད་པ་དག་ལ་ལྟ་སྐོར་བྱེད་དུ་འཇུག་དགོས། སློབ་མ་ཕན་ཚུན་དབར་ལ་གང་མཐོང་བ་དང་གང་དྲན་པ་རྣམས་གཏམ་གླེང་གི་ཚུལ་དུ་ཁ་བརྡ་བྱེད་དུ་འཇུག་པ། དེ་ནས་ཕྱི་ཡི་དངོས་པོ་བྱེ་བྲག་གཅིག་ལ་ལྟ་ཚུལ་མི་འདྲ་བ་དང་བསམ་ཚུལ་མི་འདྲ་བ་ཅི་ཡོད་ཕན་ཚུལ་གླེང་སློང་བྱེད་དགོས་པ་དང་ཟིན་ཐོ་སྐྱོན་འཇུག་དགོས།
དོ་སྣང་བྱ་ཡུལ་རིགས་ནི་དངོས་པོའི་ཁ་དོག་དང་བོངས་ཚད། བཟོ་དབྱིབས། བྱེད་ནུས། ཁྱད་ཆོས། བེད་སྤྱོད། ཆགས་ཚུལ། མིང་བཅས་ལ་དོ་སྣང་བྱེད་འཇུག་དགོས། དེ་ནས་རིམ་བཞིན་བྱ་དངོས་སོ་སོའི་རང་གཤིས་དང་ཁྱད་ཆོས་དེ་བཞིན་སེམས་མེད་བེམ་པོ་དང་སེམས་ལྡན་གྱི་བར་དུ་ཐུན་མོང་མིན་པའི་འབྲེལ་བ་འདོགས་ཚུལ་བཅས་སྔོན་ཚུད་ནས་སྦྱོང་བརྡར་དང་བྱ་དངོས་ཀྱི་གནས་ལུགས་དག་ལ་རྒྱུས་མངའ་ཆེན་པོ་དགོས་པ་གལ་གནད་དུ་མཐོང་།
དེ་ནི་ཕྱོོགས་གཅིག་ནས་དངོས་ཁམས་རྩོམ་རིག་གི་གྲུབ་ཆ་ལེན་པའི་ཐབས་ལམ་ཡག་ཤོས་ཤིག་དང་། མིག་ཤེས་ཀྱིས་རྩོམ་རིག་གི་གྲུབ་ཆ་འོས་ཆོས་ཚང་བ་ལེན་ཐབས་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། དེ་དག་ནི་སློབ་མ་ཚོས་རྩོམ་ཡིག་ཅི་ཞིག་འབྲི་རྒྱུ་ཡིན་ནའང་། རྩོམ་པ་པོ་རང་ཉིད་ཀྱི་སེམས་ཚོར་དང་འབྲེལ་འདྲིས་ཆེན་པོ་དགོས་པ་གནད་དུ་བཟུང་ནས་ངོས་འཛིན་ཡོང་ཐབས་ཤིག་རེད། མ་ཟད་རྩོམ་ཡིག་གི་བརྒྱུད་རིམ་ཞིབ་ཚགས་དང་གོ་རིམ་ལྡན་པ་ཞིག་ཡོང་ཐུབ། གཉིས་ནས་རང་སེམས་ཀྱི་འདུ་ཤེས་དྲག་པོ་ལ་བརྟེན་ནས་གཞན་བྱ་དངོས་ཀྱི་ཐོག་ཏུ་ལྟ་ཚུལ་གྱི་སྣང་བརྙན་གསར་པ་སྐྲུན་ཐབས་ལ་དགེ་མཚན་ཆེན་པོ་ཡོད།
-
རྩོམ་ཡིག་ལག་ལེན་དུ་འབྲི་ཐབས།
གོང་དུ་བརྗོད་པ་བཞིན་རྩོམ་གྱི་གོ་རྟོགས་དང་གྲུབ་ཆ་ཅུང་ཟད་ཅིག་འགྲེལ་བརྗོད་བྱས་པའི་རྗེས་སུ་ང་ཚོས་རྩོམ་ཡིག་གི་ལམ་དུ་སྣེ་འཁྲིད་ཇི་ལྟར་བྱ་དགོས་ཤེ་ན།
དངོས་པོ་གང་ཞིག་ལ་བརྟེན་ནས་མཐོང་ཐོས་སུ་གྱུར་པའི་རང་གི་ཚོར་བ་གང་བྱུང་བ་དེ་ལ་ཞིབ་དཔྱད་དང་རྟོག་ཞིབ་ཀྱི་སྒོ་ནས་དངོས་སུ་འཇིག་རྟེན་གྱི་མཐུན་ཕྱོགས་སུ་གསར་རྩོམ་བྱེད་པ་ལ་རང་རྒྱུད་དུ་ཐེ་ཚོམ་ལ་བརྟེན་ནས་དྲི་བ་འདོན་རྒྱུ་དེ་ཡིན་པར་སེམས། རང་གིས་རང་ལ་དྲི་ཚིག་འདོན་པ་ནི་རྩོམ་རིག་ལ་འཇུག་པའི་ཁ་ཕྱོགས་དང་པོ་དེ་ཡིན། དྲི་ཚིག་དེ་བརྒྱུད་ནས་རྩོམ་ཡིག་གི་ནང་དོན་དུ་ཁྱད་ཆོས་མང་པོ་ཞིག་དེ་ནས་མངོན་ཐུབ་པ་ནི་བརྗོད་མེད་ཅིང་། འོན་ཀྱང་སྐབས་འདིར་རྩོམ་ཡིག་ཁྲོད་ཀྱི་ཁྱད་ཆོས་དང་ཆ་རྐྱེན་རྣམས་ཟུར་དུ་བཏོན་ནས་བརྗོད་པ་མ་ཡིན་པར་དཔེར་བརྗོད་ཀྱི་ངོ་བོ་ཐོག་ནས་ཅུང་ཟད་གླེང་བ་གཤམ་གསལ།
སུ། གང་འདྲ། གང་དུ། ག་དུས། ནམ། གང་གི་ཆེད་དུ། གང་འདྲ་བྱས་པ་རེད།
སུ་རེད། ལན་ལ་མི་རེད། མི་གང་འདྲ་ཞིག་འདུག་གམ། ལན་ལ་མི་གཟུགས་སྟོབས་ཆེ་ཞིང་སྤྱང་གྲུང་དོད་པོ་ཞིག་འདུག མིང་ལ་བློ་གྲོས་ཟེར་གྱི་འདུག གང་དུ་འདུག་གམ། ཞེས་པའི་ལན་དུ། གཙུག་ལག་ཁང་གི་རྒྱལ་སྒོའི་ཕྱི་རུ་འདུག ག་དུས་སླེབས་སོང་། ཞེས་དྲིས་པའི་ལན་དུ། ཁ་སང་བལ་ཡུལ་ནས་ཐོན་ནས་དེ་རིང་སྔ་དྲོ་ཕྱག་ཚོད་༨ པའི་ཐོག་དྷ་རམ་ས་ལར་འབྱོར་ནས་ཕྱག་ཚོད་༩ པའི་ཐོག་སློབ་གྲྭར་སླེབས་སོང་། གང་གི་ཆེད་དུ་སླེབས་སམ། དེའི་ལན་དུ། སྤུན་མཆེད་ཚ་མོ་དབང་མོ་ཐུག་འཕྲད་དུ་ཕེབས་འདུག ད་དེ་གང་འདྲ་བྱས་རེད། དེའི་ལན་དུ། སྤུན་མཆེད་ཐུག་འཕྲད་བྱུང་རྗེས་རྒྱལ་སྒོ་ནས་ཐོན་ཏེ་ཇ་ཁང་དུ་བྲེལ་འཚུབ་ངང་བསྐྱོད་པའི་སྐབས་སུ་གཡས་ཕྱོགས་ནས་མོ་ཊ་དཀར་པོའི་ཁ་ལོ་བ་རཱ་ཇུ་ཟེར་བ་ཞིག་གིས་མོ་ཊའི་མགྱོགས་ཚད་༡༢༠ ཐོག་བཏང་སྟེ་བརྡུངས་ནས་བརྡབ་སྐྱོན་ཚབས་ཆེན་བྱུང་འདུག
དཔེ་མཚོན་གཉིས་པ།
ག་དུས། ཞོགས་པ་ཆུ་ཚོད་བརྒྱད་པ།
ག་ནས་རེད། ནོར་བུ་གླིང་ཀ་ནས་རེད།
སུ་རེད་དམ། བུ་བཀྲ་ཤིས་རེད།
གང་འདྲ་ཞིག་འདུག་གམ། ཤ་མདོག་དཀར་ལ་སེམས་བཟང་ཞིག་འདུག
ནམ་རེད དེ་རིང་
གང་དུ། གཙུག་ལག་གང་གི་སྐོར་ལམ
ག་རེ་གནང་སོང་། སྦྱིན་པ་གཏོང་བ།
དེ་རིང་ཞོགས་པ་ཆུ་ཚོད་བརྒྱད་པའི་ཐོག་དྷ་ས་ནོར་བུ་གླིང་ག་ནས་ཡིན་པའི་བུ་བཀྲ་ཤིས་ཤ་མདོག་དཀར་ལ་སེམས་བཟང་ཅན་དེས། རྒྱ་གར་བ་དབུལ་པོ་ཚོ་ལ་གཙུག་ལག་ཁང་གི་སྐོར་ལམ་ལ་སྦྱིན་པ་གཏོང་བཞིན་འདུག
ཐབས་ལམ་འདི་དང་པོ་ནག་པང་སྟེང་དུ་དྲི་བ་རྣམས་འབྲི་དགོས་པ་དང་། ལན་རྣམས་ནི་སློབ་མ་སོ་སོའི་སེམས་ཁམས་སུ་སྣང་བརྙན་རེ་སྐྲུན་དུ་བཅུག་ནས་ལན་འདེབས་དགོས།
ལན་འདེབས་རྣམས་སྐད་ཆའི་འགྲོས་དང་བསྟུན་ནས་གཤམ་དུ་དུམ་མཚམས་ཤིག་བཟོ་འཇུག་དགོས། འདི་ནི་འབྲི་རྩལ་ཡར་རྒྱས་ཡོང་ཐབས་ཐད་ལ་ཤིན་ཏུ་ཕན་རླབས་ཆེན་པོ་ཡོད། སྦྱོང་བརྡར་གང་མང་གནང་དགོས། དང་པོ་དྲི་བ་གསུམ་ཙམ་བྲིས། དེ་ནས་དྲི་བ་ཇེ་མང་ཇེ་མང་དུ་གཏོང་དགོས།
དངོས་མཐོང་གི་བྱ་དངོས་ཐོག་དྲི་བ་བརྒྱུད་ནས་ཞིབ་ཚགས་འབྲི་དགོས་ངེས་ཀྱི་གནད་དོན་རྣམས་རྟོགས་ཐུབ་པ་ཡིན། འོན་ཀྱང་གོང་གསལ་དྲི་བ་འདི་རིགས་ནི་སློབ་མ་ཚོར་སྦྱོང་བརྡར་གནང་བའི་སྐབས་སུ་མ་གཏོགས་དོན་དངོས་སུ་རྩོམ་ཡིག་ལག་ལེན་སྐབས་ལ་དྲི་བ་འདི་རིགས་སེམས་སུ་འཇོག་པ་ལས་ལག་ལེན་དུ་འཁྱེར་མི་དགོས་པའི་དོན་ཡིན། གང་ཡིན་ཞེ་ན། སློབ་མ་ཁག་གཅིག་གིས་དྲི་ཚིག་རྣམས་བེད་སྤྱོད་དངོས་སུ་བཏང་བ་རིགས་བྱུང་ཡོད། དཔེར་ན། སུ་རེད་ཟེར་ན་ངའི་གྲོགས་པོ་རེད། ཁོང་ག་འདྲ་ཡོད་ཟེར་ན་ཁོང་སྤྱོད་པ་ཡག་པོ་ཡོད་པ་རེད་ལྟ་བུ་མང་དུ་ཐོན། འོན་ཀྱང་དྲི་བ་རྣམས་དངོས་སུ་རྩོམ་ཡིག་ལག་ལེན་དུ་མི་དགོས་པར་སེམས་ནས་དྲི་ཚིག་བཏོན་ནས་འབྲི་དགོས་པར་ལམ་སྟོན་གསལ་པོ་དགོས་པ་ཤིན་ཏུ་གལ་ཆེ།
- ཐབས་ཤེས་གསུམ་པ།
བརྗོད་པ་ཐུང་ངུ་རྣམས་ཞིབ་འབྲི་བྱེད་བཅུག་པ།
དཔེར་ན། སློབ་གྲྭར་འགྲོ་ལྟ་བུ་བསྡུས་འབྲི་བྱས། དེ་ནས་བརྗོད་པ་ཐུང་ཐུང་འདི་རྒྱས་འབྲི་བྱ་དགོས།
ཡང་དྲི་བ་རིགས་ལ་བསམ་བློ་གཏོང་བཞིན་རྒྱས་འབྲི་དགོས་པ་བཅས་ལམ་སྟོན་དགོས།
སློབ་གྲྭར་ག་དུས་འགྲོ། སློབ་གྲྭར་ག་འདྲ་སེ་འགྲོ། སུ་དང་མཉམ་དུ་འགྲོ་བ་དང་ནམ་འགྲོ་བ་བཅས་སེམས་ཀྱི་ནང་སོ་སོས་སོ་སོར་དྲི་ཚིག་བཏོན་ནས་རྒྱས་འབྲི་བྱོས་ཞེས་ལམ་སྟོན་བྱེད་དགོས། ཚེ་རིང་དང་ངེད་གཉིས་ཉིན་ལྟར་ཆུ་ཚོད་བརྒྱད་པའི་ཐོག་སློབ་གྲྭའི་རླངས་འཁོར་ནང་སློབ་གྲྭར་འགྲོ་བཞིན་ཡོད་ལྟ་བུ་རྒྱས་འབྲི་ཡོང་ཐུབ་པ་ཞིག་རེད།
གསུམ་པ། ཐ་སྙད་འཚོལ་སྒྲུག་བྱེད་ཚུལ་དང་དེའི་བཀོལ་སྤྱོད་ཤེས་དགོས་པ།
སློབ་མ་ཚོ་ཚིག་གྲུབ་དང་བརྗོད་པ་འབྲི་ཤེས་པར་གྱུར་ཚེ། སློབ་མ་རྣམས་ཀྱི་བརྗོད་ཚིག་བཀོལ་སྤྱོད་བྱེད་ཚུལ་ཐད་རོགས་རམ་དང་སྣེ་སྟོན་བྱེད་དགོས་པ་ནི་དོན་དངོས་ཀྱི་ལག་ལེན་ཞིག་རེད་སྙམ།
དང་ཐོག་མིང་ཚིག་གི་ཕྱུག་ཚད་གོང་འཕེལ་གཏོང་དགོས་པ་དང་དེ་ནས་མིང་ཚིག་དང་འབྲེལ་བའི་ཁྱད་ཚིག་དང་ཁྱད་ཚིག་གི་ནུས་པ་བཅས་ཡིན། ཚིག་གྲུབ་ཀྱི་བརྗོད་པ་ཐུང་ཐུང་ཞིག་འབྲི་རུ་བཅུག་ནས། ཚིག་གྲུབ་དེ་ཉིད་ལ་ཁྱད་ཚིག་སྦྱར་ནས་ཚིག་གྲུབ་ལ་ཡིག་བཅོས་དང་ཁ་སྣོན་བྱ་དགོས།
དཔེར་ན། གནམ་ལ་ཉི་མ་ཤར་འདུག ཞེས་པ་འདིའི་ནང་གི་མིང་ཚིག་རྣམས་ལ་ཁྱད་ཚིག་སྦྱོར་ཐབས་ཐད་འབད་བརྩོན་གང་མང་གནང་དགོས།
གཡའ་དག་པའི་གནམ་ལ་སེར་ཆེན་གྱི་ཉི་མ་ཤར་འདུག་ལྟ་བུ། ཇི་ཙམ་གྱིས་ཐ་སྙད་ཕྱུག་ན་དེ་ཙམ་གྱིས་ཚོར་བའི་སྒྱུ་རྩལ་ཐད་ཕྱུག་པོ་ཡོང་ངེས་ཡིན། ཡང་སྐབས་རེར་དགེ་རྒན་གྱིས་ནག་པང་ཐོག་ཏུ་སློབ་མའི་ཤེས་ཚད་དང་མཉམ་པའི་མིང་ཚིག་གསར་པ་མི་ཉུང་བ་ཞིག་འབྲི་དགོས། དེའི་དོན་དག་དང་བཀོལ་སྤྱོད་བྱ་ཡུལ་རིགས་ཀྱང་ངོ་སྤྲོད་གསལ་པོ་གནང་དགོས། དེ་ནས་སློབ་མ་རྣམས་ལ་རྩོམ་ཡིག་འབྲི་རུ་འཇུག་དགོས། འཛིན་གྲྭའི་ནང་བརྗོད་པ་རིང་པོ་བཟོ་ཐུབ་མཁན་རྣམས་ལ་ནག་པང་ཐོག་གི་ཚིག་རྣམས་བེད་སྤྱད་ནས་རང་བྱུང་ཚན་པ་རེ་འབྲི་རུ་འཇུག་དགོས། བརྗོད་པ་རིང་པོ་བཟོ་མི་ཐུབ་མཁན་ལ་ཚིག་སྒྲུབ་བཟོ་རུ་འཇུག་དགོས། གང་ལྟར་དགེ་རྒན་གྱིས་རང་ཉིད་ཀྱི་སློབ་མའི་གནས་ཚད་ཤེས་པའི་ཐོག་ནས་རྔ་ལ་དཔག་པའི་འཆམ་འཁྲབ་འཇུག་དགོས།
-
སློབ་ཁྲིད་བྱེད་ཚུལ།
ཁྱད་ཆོས་ཀྱི་ཚིག་ནི་མིང་ཚིག་དང་བྱ་ཚིག་གཉིས་ཀྱི་རང་བཞིན་ལ་འགྲེལ་བཤད་བྱེད་མཁན་གྱི་ཐུན་མོང་མ་ཡིན་པའི་ཚིག་ཅིག་རེད།
དེ་ནི་མིང་ཚིག་གི་གནས་སྐབས་གང་འདྲ་ཞིག་ཡིན་མིན་དང་བྱ་ཚིག་གི་ནུས་པ་དང་རྩོལ་བའམ་འགུལ་ཚུལ་ལ་འགྲེལ་བཤད་བྱེད་ཐུབ་མཁན་གྱི་ཚིག་ཅིག་ལ་ཟེར་ན་འགྲིག་སྙམ།ཁྱད་ཆོས་ཀྱི་ཚིག་རྣམས་ནི་བྱ་བ་དང་དངོས་པོའི་རང་བཞིན་ནས་བྱུང་བའི་རྣམ་འགྱུར་ཞིག་ཡིན། མ་ཟད་བྱ་དངོས་ཀྱི་ཐད་ལ་ཞིབ་ཚགས་ཀྱི་རྣམ་པ་སྟོན་བྱེད་དུ་བེད་སྤྱོད་ཡོང་གི་ཡོད།
- དཔེར་ན། མིང་ཚིག ཁྱད་ཆོས་ཀྱི་ཚིག བྱ་བ། ཁྱད་ཚིག
- ཉི་མ། ཚ་བོ། བཤད། སླ་བོ།
གནམ་གཤིས། གྲང་མོ ། འཁྱེར། ཁག་པོ།
ཁྱད་ཚིག་གི་རིགས་རྣམས་ངོས་འཛིན་དགོས།
གཅིག ཁྱད་ཆོས་ཀྱི་ཚིག་རིགས་མི་འདྲ་བ་མང་པོ་ཡོད་ཅིང་། ཁ་ཤས་ནི་ཚིག་འདྲ་བོ་གཉིས་མཉམ་དུ་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ལྷོད་ལྷོད། སང་སང་། ཐིང་ཐིང་། མིང་ཚིག་རེ་བེད་སྤྱོད་བྱས་ན། སྐུ་ལྷོད་ལྷོད་བཞུགས། གནམ་སྔོ་སང་སང་རེད། འཇམ་ཐིང་ཐིང་འདུག་ལྟ་བུ་རེད།
གཉིས་པ། ཁ་ཤས་ནི་མིང་ཚིག་རང་ནས་གྲུབ་པའི་ཁྱད་ཚིག་ཅན་ཡོད་པ་རེད། མཐུག་པོ། ངར་པོ། སླ་བོ། རྩུབ་པོ། མཁྲེགས་པོ་སོགས་མང་པོ་ཡོད། དཔེར་ན། མིང་ཚིག་རེ་བེད་སྤྱོད་བྱས་ན། སྟོད་ཐུང་མཐུག་པོ་འདུག ཁོ་ངར་པོ་ཡོད། འོ་མ་སླ་བོ་འདུག རྡོ་མཁྲེགས་པོ་འདུག་ལྟ་བུའོ།།
གསུམ་པ། ལྡོག་ཕྱོགས་ཅན་གྱི་ཁྱད་ཆོས་ཀྱི་ཚིག་ཅིག་ཡོང་གི་ཡོད་པ་རེད། དཔེར་ན། འཇམ་རྩུབ། ཞི་དྲག མཐོ་དམན། དགའ་སྡུག
དེ་དག་ལ་མིང་ཚིག་རེ་བེད་སྤྱོད་བྱས་ན། ཁོའི་འཇམ་རྩུབ་བྱེད་སྟངས་རེད། དཔོན་པོ་ཞི་དྲག་ཅན་ཞིག་འདུག ཁྱོད་མཐོ་དམན་གང་དུ་ཡོད། བུ་དེ་ལ་དགའ་སྡུག་དབྱེ་བ་མེད།
བཞི་པ། གཟུགས་དབྱིབས་དང་ཚོན་མདོག་བཅས་ཀྱི་ཁྱད་ཚིག དཀར་པོ། སེར་པོ། རིལ་རིལ། ལེབ་ལེབ། ནར་ནར། སྦོམ་པོ། ཕྲ་བོ་སོགས་རེད། དཔེར་ན། མེ་ཏོག་དཀར་པོ་རེད། ལྡ་ལི་སེར་པོ་རེད། སྤོ་ལོ་རིལ་རིལ་ཡོད། སྡེར་མ་ལེབ་ལེབ་འདུག ཅོག་རྩེ་ནར་ནར་འདུག
ཁྱད་ཚིག་གི་མཛེས་ཆོས།
ཁྱད་ཚིག་གི་མཛེས་ཆོས་ནི་བྱ་ཚིག་དང་མིང་ཚིག་ལ་འགྲེལ་བཤད་སྐྱོན་པ་ཙམ་དུ་མ་ཟད་དེས་ཚིག་གྲུབ་ཀྱི་འགྲོ་སྟངས་སྙིང་རྗེ་མོ་དང་གོ་བདེ་བོ་བཟོ་གི་ཡོད་པ་རེད། མིང་ཚིག་རྐྱང་པ་དེ་སྙིང་རྗེ་པོ་བཟོ་དགོས་ན། ངེས་པར་དུ་ཁྱད་ཚིག་ཤེས་དགོས་པ་གལ་ཆེ།
དཔེར་ན། གཤམ་གྱི་དཔེར་བརྗོད་གཉིས་ལ་གཟིགས་ནས་ཚིག་གྲུབ་སྙིང་རྗེ་མིན་ཤེས་ནུས།
༡༽ བྱ་གནམ་ལ་འཕུར་སོང་། བྱ་བཟང་པོ་གནམ་ལ་འཕུར་སོང་། ༢༽ ཨ་མའི་ཞལ་རས་དྲན་སོང་། ཨ་མའི་དཀར་བའི་ཞལ་རས་དྲན་སོང་།
ཚིག་གྲུབ་ཇི་ཙམ་བཟང་དགོས་ན་དེ་ཙམ་གྱིས་ཁྱད་ཚིག་སྦྱོར་དགོས། ཁྱད་ཚིག་ཇི་ཙམ་མང་བ་དེ་ཙམ་གྱིས་ནང་དོན་ཞིབ་ཚགས་པོ་བཟོ་ཐུབ། དེ་བཟོ་ཐུབ་ན། ཁྱེད་ཀྱིས་ཚིག་གྲུབ་ཀྱི་མཛེས་ཆོས་དེ་སྟོན་ཐུབ། ཚིག་གྲུབ་ཀྱི་མཛེས་ཆོས་ཇི་ཙམ་སྟོན་ཐུབ་ན་དེ་ཚོད་ཀྱིས་ཀློག་མཁན་ལ་སྤྲོ་བ་སྟེར་ཐུབ། རྩོམ་ཡིག་གི་རྨང་གཞི་གཉིས་པ་ནི་ཁྱད་ཚིག་སྦྱོར་སྟངས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།
བཞི་པ། ཚིག་ཕྲད་དང་བྱ་ཚིག་དེ་བཞིན་རྒྱན་ཚིག་རིགས་བསླབ་དགོས།
ཚིག་ཕྲད་རིགས་ནི་དོན་སྔ་ཕྱི་བར་གྱི་འབྲེལ་གཏུགས་བྱེད་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། ཚིག་སྦྱོར་ཐད་སྙན་ཆ་འདོན་ནུས་པའི་ཁྱད་ཆོས་ལྡན་ཡོད། བྱ་དངོས་ཀྱི་གཡོ་འགུལ་མཐའ་དག་མཚོན་པར་ངེས་པར་དུ་བྱ་ཚིག་མང་པོ་བསླབ་དགོས་པ་ཡིན། བྱ་ཚིག་དེ་ཉིད་ཀྱི་ཁྱད་ཆོས་མཚོན་པའི་ཆེད་དུ་རྒྱན་ཚིག་གིས་ཕྱུག་པ་ཞིག་གནང་དགོས་ངེས་ཡིན།
དཔེར་ན། ཚིག་ཕྲད་མཐུན་སྦྱོར་བྱེད་ཚུལ།
དང་། དེ་བཞིན། མ་ཟད། ད་དུང་། ཡིན་ནའང་། གང་ཡིན་ཞེ་ན། སྟབས་ལེགས་པ་ཞིག་ལ། འོན་ཀྱང་། སྟབས་ཡག་ནས། མ་གཞི་ནས། དེ་ལྟ་ནའང་། ཡིན་མོད། གང་ལྟར་ཡང་། གང་ལྟར། དེ་ལྟར། ཇི་ལྟར། འདི་ལྟར། ནམ་ཡིན་ནའང་། རྣམ་པར་གསལ་བའི། མངོན་གསལ་དོད་པོ། མངོན་སུམ་གྱིས། སྟེ་ཏེ་དེ། སྐབས་དེར། དེ་འདྲ་ཡིན་སྟབས།
བརྗོད་པ་ཐུང་ངུ་ཞིག་དཔེ་བརྗོད་གཤམ་གསལ།
ང་དང་སྒྲོལ་མ་ནི་ཆུང་བྱིས་པའི་དུས་ནས་ཡངས་པའི་རྩྭ་ཐང་གི་སྟེང་དུ་འབྲོག་པའི་ལང་ཚོ་ལ་རོལ་ནས་འཚར་ལོངས་བྱུང་བ་ཞིག་རེད། ངེད་གཉིས་ནི་འབྲོག་པའི་བུ་ཕྲུག་ཡིན་ཡང་། རང་ལོ་བཅུའི་ཐོག་སྟབས་ཡག་ནས་གྲོང་ཁྱེར་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་། གང་ཡིན་ཞེ་ན། ངའི་ཨ་ཞང་ལགས་ཁོང་གྲོང་ཁྱེར་དུ་ཚོང་རིག་སློབ་གྲྭ་ཞིག་གི་སྒོ་སྲུང་བ་རེད། ཁོང་གིས་ང་དང་སྒྲོལ་མ་སློབ་གྲྭར་གཏོང་དགོས་སྐོར་ངའི་ཨ་ཕ་ལ་གསུངས་འདུག ད་དུང་སློབ་སྦྱོང་བྱས་པའི་ཕན་ཡོན་དང་མདུན་ལམ་ཡོད་ཚུལ་སྐོར་གསུངས་འདུག འོན་ཀྱང་། ལོ་དེར་ཨ་ཞང་ལགས་ཀྱིས་གསུངས་དོན་ལྟར་མ་བྱུང་བར་བློ་འཚབ་ཆེན་པོ་བྱུང་བ་རེད། མ་གཞི་ནས་ལོ་དེར་འབྲོག་ཁུལ་དུ་གནམ་གཤིས་གྲང་ངར་གྱི་རྐྱེན་པས་ཕྱུགས་རིགས་ལ་གནོད་ཚབས་ཆེན་པོ་བྱུང་བ་རེད། དེ་འདྲ་ཡིན་སྟབས་ཨ་ཞང་ལགས་ཀྱི་བསམ་དོན་ལོ་དེར་མ་གྲུབ་པ་རེད།
མདོར་ན་གཞི་རིམ་སློབ་མ་ཁག་ལ་རྩོམ་རིག་སློབ་ཚུལ་སྣ་ཚོགས་འདུག དང་པོ་ཚིག་གྲུབ་ཀྱི་སྒྲོམ་གཞི་ནས་མཐའ་མ་རྩོམ་ཡིག་ཡག་པོ་ཞིག་འབྲི་མ་ཐུབ་བར་དུ་ལས་འཆར་དང་སྦྱོང་བརྡར་སྣ་ཚོགས་འདུག འོན་ཀྱང་སྐབས་འདིར་ཁོ་བོས་ཅུང་ཟད་བསྡུས་ནས་གནད་རིགས་ཅན་དང་། ཕན་རླབས་ཆེན་པོ་ཡོད་པའི་སློབ་ཁྲིད་ཐབས་ལམ་རེ་གཉིས་བཤད་ཡོད་པས་ལྷན་རྒྱས་ཀྱིས་དགོངས་འཆར་དང་བཀའ་སློབ་ལམ་སྟོན་ཡང་ཡང་གནང་བའི་སྐྱབས་འཇུག་ཞུ་རྒྱུ་དང་། རྩོམ་ཡིག་འདིའི་ནང་གི་གནད་དོན་མ་མཐུན་པ་དང་འགལ་བ་དེ་བཞིན་ནོར་བ་བཅས་ལ་རྩོམ་ཡིག་དཔྱད་འདེམས་པ་དག་གིས་ལེགས་བཅོས་གནང་བར་དགག་བྱ་སྤུ་ཙམ་མེད། བཀའ་དྲིན་ཆེ།