བུ་མོ། ཨ་མ་ལགས། ག་པར་ཡོད། ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་ནམ།
ཨ་མ། ང་བདེ་པོ་ཡིན། ང་གླིང་སྐོར་དུ་འགྲོ་ཡི་ཡོད།
བུ་མོ། ཕ་གིར་གནམ་གཤིས་གང་འདྲ་འདུག་གམ།
ཨ་མ། ང་ཚོའི་ཕྱོགས་ལ་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག
བུ་མོ། འདིར་སྐབས་རེ་ཉི་མ་ཤར་བ་དང་། སྐབས་རེ་སྤྲིན་པ་འཁྲིག་གི་འདུག
ཨ་མ། གནམ་གཤིས་སྔོན་བརྡའི་ནང་སང་ཉིན་གནམ་གཤིས་གང་འདྲ་བཤད་འདུག་གམ།
བུ་མོ། ཁེ་སང་དང་ཁེ་ཉིན་ལས་གནམ་གཤིས་སྡུག་པ་བཤད་འདུག སང་ཉིན་ལྷགས་པ་བརྒྱབ་པ་དང་། གློག་འཁྱུག་པ། འབྲུག་སྐད་གྲགས་རྒྱུ་ཡིན་པ་འཁོད་འདུག།
ཨ་མ། འོ་ཛི། ཉོབ་པ་ལ་ཨང་། གནངས་ཉིན་གནམ་དྭངས་ཀྱི་རེད་དམ།
བུ་མོ། གནངས་ཉིན་ཡང་རང་འཇགས་རེད་འདུག
ཨ་མ། བྱས་ན། གཞེས་ཉིན་གནམ་གཤིས་གང་འདྲ་འདུག་གམ།
བུ་མོ། གཞེས་ཉིན་མ་ཟད་དགུ་ཉིན་ཡང་རང་འཇགས་རེད་འདུག ད་གང་ཤེས། ད་ལོ་དགུན་ཁ་གངས་ཉུང་ངུ་ལས་བབས་མ་སོང་།
ཨ་མ། མཁའ་རླུང་བཙོག་པ་ཆགས་པའི་རྐྱེན་གྱིས་རེད།
བུ་མོ། ཚན་རིག་པ་ཚོས་འཛམ་གླིང་ཚ་དྲོད་རྒྱས་ཙང་གནམ་གཤིས་འགྱུར་ལྡོག་བྱུང་བ་རེད་གསུང་གི་འདུག
ཨ་མ། དེའི་རྐྱེན་གྱིས་གངས་དང་ཆར་ཆུ་དཀོན་པོ་ཆགས་ཀྱི་རེད། གལ་སྲིད་ཆུ་མེད་ན་མི་དང་སྲོག་ཆགས་གང་ཡང་གསོན་པོར་གནས་ཐུབ་ཀྱི་མ་རེད། གངས་ཉུང་ཉུང་དེ་ཡང་བཞུར་སོང་ན་དཔེ་བསག་གི་མ་རེད་དམ། ད་ང་ཚོས་འཕྲལ་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།
བུ་མོ། ཨ་མ་ཁྱེད་རང་ལ་ཁོར་ཡུག་གི་སྐོར་ལ་གོ་རྟོགས་ཡག་པོ་འདུག
ཨ་མ། དེ་སྔོན་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་གཏམ་བཤད་ནང་དེང་དུས་སྣུམ་འཁོར་་དང་བཟོ་གྲྭའི་ཆུ་སྙིགས་སོགས་ཀྱིས་ཁོར་ཡུག་བཙོག་པ་ཆགས་པ་མ་ཟད། གཏེར་ཁ་མང་པོ་སྔོག་འདོན་བྱས་ནས་ས་བཅུད་ཉམས་པ་རེད་ཅེས་ངས་གོ་མྱོང་ཡོད།
བུ་མོ། ཨ་མ་ཁྱེད་ཀྱིས་ཁོར་ཡུག་སྐོར་གྱི་གནས་ཚུལ་དེ་ཚོ་ཡག་པོ་ངེས་འདུག
ཨ་མ། གནས་ཚུལ་དེ་གོ་ནས་བཟུང་ངས་ཁོར་ཡུག་ཐད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་སེམས་འཚབ་ཀྱང་ཆེན་པོ་ཡོད།
བུ་མོ། ཨ་ལས། ཨ་མ་ཁྱེད་ཀྱིས་རྒྱུན་དུ་ལྗོན་ཤིང་མང་པོ་འདེབས་འཛུགས་གནང་གིན་ཡོད་པ་དེ་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་ཡིན་པ་ངས་ད་གཟོད་ཤེས་བྱུང་།