གཉེན་སྒྲིག་པ། ཁ་རྩོད་བྱེད་པ། སྒོ་བརྒྱབ་པ། ལྒང་ཕུག། ཐ་མག་རྔུབ་པ། བཟོད་བསྲན་བྱེད་པ། ཐེ་གཏོགས་བྱེད་པ། ཟུར་ཟ་བྱེད་པ། གཏམ་གླེང་བ། ཁ་བྲལ་བ། བརྒྱུད་སྤྲོད་བྱེད་པ།
ཉིན་འདིར། བསྟན་འཛིན་སྒྲོན་མེ་དང་ངེད་གཉིས་ཀྱི་བར་དུ་གཉེན་སྒྲིག་པ་ནས་བཟུང་ཆེས་ཛ་དྲག་ཆེ་བའི་བཟའ་འཁོན་བྱུང་། སྤྱིར་ཡིན་ན། ངེད་གཉིས་མ་འོངས་པར་ཕ་མར་འགྱུར་ངེས་པའི་གཏམ་བཟང་དེའི་སྤྲོ་སྣང་གི་དཔལ་གྱིས་བཟི་ན་འགྲིག་ཀྱང་། ད་ནི་འདི་ལྟར་ཚོད་འཛིན་བྱེད་ཐབས་བྲལ་བའི་ཁ་རྩོད་ཀྱི་དབང་དུ་གྱུར་པ་དང་། མཐའ་མར་བསྟན་འཛིན་སྒྲོན་མེ་ངུ་བཞིན་ཁྱིམ་སྒོ་ཤུགས་ཀྱི་བརྒྱབ་སྟེ་བྲོས་ཕྱིན་སོང་།
བསྟན་འཛིན་སྒྲོན་མེ་སོང་ཤུལ་དུ། ང་དབུགས་ཤོར་བའི་ལྒང་ཕུག་བཞིན་འབོལ་ཁྲི་སྟེང་བསྡད་པ་དང་། ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་ཤུགས་ཀྱིས་རྔུབ་འཐེན་བྱས། བསྟན་འཛིན་སྒྲོན་མེ་ཟེར་བའི་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་འདིས། ད་ནི་ངའི་འཚོ་བ་ཟང་ཟིང་དུ་བཟོས་སོང་། ད་ལྟའི་བར་དུ། ངས་བུ་མོ་འདིར་བཟོད་བསྲན་བྱས་ནས་བསྡད་པ་ཡིན། ཁོ་མོས་ང་དང་ངའི་མི་ཚེ་ལ་ཐེ་གཏོགས་ཅི་འདྲ་བྱས་རུང་། ཁོ་མོས་ངའི་ཕ་ཡུལ་དང་ངའི་ཡུལ་མི་ཚོར་ཟུར་ཟ་ཅི་འདྲ་བྱས་རུང་། ངས་བཟོད་བསྲན་ཅི་ཐུབ་བྱས་ནས་ཡོང་། ཐ་ན་ཁོ་མོ་ངའི་མནའ་མ་བྱས་ནས་ད་བར་ཕ་ཡུལ་དུ་ཐེངས་གཅིག་ཀྱང་ལོག་མ་མྱོང་ན་ཡང་། ངས་ཁོ་མོར་བཟོད་བསྲན་བྱས་པ་ཡིན། ཡིན་ན་ཡང་། ཁོ་མོས་དེ་རིང་ངེད་གཉིས་ཀྱི་ཕྲུ་གུ་ཡང་ཕ་ཡུལ་དུ་ལོག་མི་སྲིད་པའི་གཏམ་གླེང་ཞིང་། ང་ལ་འདི་ལྟར་བཙན་ཚོད་མེད་པའི་གཏམ་གླེང་བྱུང་། ངས་རང་གི་མ་འོངས་པའི་ཕྲུ་གུ་དེ་འདི་ལྟར་བསྟན་འཛིན་སྒྲོན་མེ་ནང་བཞིན་ཕ་ཡུལ་ཟེར་བ་ཞིག་ཀྱང་མེད་པའི་གནས་སུ་འགོད་མི་འདོད། ད་ནི་གཉེན་འཐོར་དགོས་ཀྱང་། ངས་རང་གི་མི་ཚེའི་སྡུག་བསྔལ་འདི་འདྲ་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མི་འདོད།
 
མཆན་འགྲེལ།
གཉེན་སྒྲིག ཁྱོ་ཤུག་གམ་བཟའ་ཚང་བྱེད་པ། བཟའ་འཁོན། བཟའ་ཚང་དབར་གྱི་འཁོན་རེས། ལྒང་ཕུག། འགྱིག་གི་བཟོས་པའི་ཁུག་མ། འཚར་ལོངས། ཆེར་འགྲོ་བ། ཟང་ཟིང་། ཁ་ཁུ་སིམ་པོ་མིན་པ། བཟོད་བསྲན། དཀའ་སྡུག་འཁུར་ཐུབ་པ། ཐེ་གཏོགས། ཇུས་གཏོགས། ཟུར་ཟ། ཚིག་ཟུར་གྱིས་ཁ་གཏོང་བའམ། གོ་རྒྱུ་ཅན་བཤད་པ། འཐོར། ཁ་བྲལ་བ།