མགོ་བོ་དགྱེ་བ། དྲིལ་བུ་དཀྲོལ་བ། ཉི་འོད་འཕྲོ་བ། དར་གོས་བརྒྱན་པ། གསེར་རྩི་བྱུགས་པ། ཐང་ཀ་དཔྱངས་པ། ལྷབ་སྒྲ་གྲགས་པ།
རི་མགོར་མགོ་བོ་དགྱེ་སྟེ་མིག་མདུན་གྱི་བཟོ་བཀོད་མཐོ་ཞིང་བརྗིད་པ་དེར་བལྟས་ནས་བསྡད། རླུང་གིས་ཚོགས་ཆེན་འདུ་ཁང་གི་བྱ་འདབ་ཏུ་དཔྱངས་པའི་དྲིལ་བུ་དེ་སིང་སིང་དུ་དཀྲོལ་ཅིང་། རི་དྭགས་ཕོ་མོ་དང་ཆོས་ཀྱི་འཁོར་ལོ་དེར་ཉི་འོད་འོག་ཏུ་གསེར་གྱི་བཀྲག་མདངས་འཕྲོ། ཚོགས་ཆེན་འདུ་ཁང་གི་དཀྱིལ་འཁོར་དུ་ཁྲི་མཐོན་པོ་ཞིག་གསེར་མདོག་གི་དར་གོས་ཀྱིས་བརྒྱན་འདུག་ཅིང་། ཡ་ཕུག་ཏུ་གསེར་རྩི་བྱུགས་པའི་འདྲ་སྐུ་ལྷམ་མེར་བཞུགས་འདུག་ལ། དེའི་མདུན་དུ་བཤམས་པའི་ཟངས་དང་གསེར་གྱི་མཆོད་ཀོང་དེ་དག་ཏུ་གསེར་མདོག་གི་མར་ཁུ་ལྟེམ་མེར་འཁྱིལ་ཞིང་། སྡོང་རས་ཀྱི་རྩེ་རུ་མེ་ལྕེ་སེར་པོ་ཞིག་ལམ་ལམ་གཡོ། གཡས་སུ་ཆོས་ཀྱི་གླེགས་བམ་མཐུག་པོར་བརྩིགས་པའི་སྟེང་ཕྱོགས་སུ་ཐང་ཀ་ཞིག་དཔྱངས་འདུག ཐང་གའི་ངོས་ཀྱི་ལྷ་སྐུ་དེ་ཡང་དེ་ལྟར་སྒམ་བརླིང་གིས་བཞུགས་འདུག་ཅིང་། སྤྱན་གྱིས་ང་ཚོར་སྙིང་རྗེ་ཆེན་པོས་གཟིགས་འདུག དགོན་པར་གྲྭ་པ་བཅུ་ལྷག་ཡོད་པ་དེ་དག་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འདུ་ཁང་གི་སྒོ་ནང་ནས་ཡར་འཛུལ་མར་འཛུལ་བྱེད་ཅིང་། ཁོ་ཚོ་ཕར་ཚུར་སྐྱོད་དུས་སྨད་གཡོགས་དང་གཟན་སྣེ་ལ་ལྷབ་སྒྲ་གྲགས་པར་བྱེད། ང་ཚོ་ཕྲུ་གུ་ཚོ་འདུ་ཁང་གི་བར་ཁྱམས་ནས་སོ་སོའི་ཁྱིམ་མི་དང་ལྷན་དུ་དལ་ཅག་གེར་བསྡད། ངས་ཁ་གཏད་ཀྱི་མི་ཚོགས་ཁྲོད་སྐྲ་ལོ་རིང་ཞིང་ཟིང་བ། གདོང་མདོག་ནག་ཅིང་མཁུར་ཚོས་དམར་སྒོར་རེར་བྱེད་པ་དེ་དག་ཡུལ་མི་ཚོ་དང་ཧེ་བག་ཆེན་པོ་ཞིག་ཡོད་སྟབས། ངས་ཕ་རྒན་ལ་ “ཁ་གཏད་ཀྱི་མི་དེ་དག་སུ་རེད་དམ་” ཞེས་དྲིས་པར་ “དེ་ཚོ་འབྲོག་པ་རེད།” ཟེར།
མཆན་འགྲེལ།
དགྱེ། མི་ལུས་རྒྱབ་ཕྱོགས་སུ་གུག་པའམ་དྲང་པོ་བྱས་པ། བཟོ་བཀོད། དབྱིབས་གཟུགས་སྒྲིག་སྟངས། འདུ་ཁང་། མི་མང་པོ་ཚོགས་པའི་ཁང་པའི་མིང་། དར་གོས། དར་དང་གོས་ཆེན། མཆོད་ཀོང་། མར་མེ་འབུལ་བྱེད་ཀྱི་སྣོད། གླེགས་བམ། དཔེ་ཆ། ཐང་ཀ རས་དང་ཤོག་གུའི་ངོས་ལ་བྲིས་པའི་ལྷ་སྐུ། སྒམ་བརླིང་། སྒམ་པོ་དང་བརླིང་པོ།