ལྷུ་ལག་བསྒྲིགས་པ། སྐད་ཤོར་བ། མིག་གདངས་པ། བོད་སྐད་ལེ་ཚན་སྟོན་པ། དོན་གོ་བ། ཞྭ་མོ་ཕུད་པ། གསོལ་བ་འདེབས་པ། ཐལ་མོ་སྦྱར་བ། ལད་མོ་བྱེད་པ། རྒྱག་རེས་བྱེད་པ།
ལོ་གཅིག་གི་རྗེས་སུ་ངའི་ཕ་རྒན་གྱིས་བརྙན་འཕྲིན་ཞིག་དང་ཚེམ་འཁོར་ཞིག་ཉོས་སོང་། བརྙན་འཕྲིན་ཉོས་ཡོང་རྗེས། གནམ་སྐུད་ཀྱི་ལྷུ་ལག་དེ་དག་བསྒྲིགས་ཏེ་དར་ཤིང་མཐོན་པོ་ཞིག་གི་རྩེ་ལ་བཀལ་ནས་ཡར་བརྩེངས་པ་ན་མིག་ལ་འཚེར་བ་ཞིག་ཏུ་གྱུར་སོང་། དེ་བས་ཀྱང་ང་ཚོའི་ཁང་པའི་སྦུག་གི་མཆོད་སྟེགས་སུ་བཞག་ཡོད་པའི་སྒྲ་སྡུད་འཕྲུལ་ཆས་དེ་ཡང་དེ་ལྟར་རྩ་ཆེན་པོ་ཞིག་ཏུ་གྱུར་མ་སོང་། བརྙན་འཕྲིན་གྱི་ཤེལ་སྒྲོམ་ནང་གཟུགས་བརྙན་དང་སྒྲ་སྐད་གཉིས་ཀ་དུས་གཅིག་ཏུ་མངོན་ཞིང་གྲགས་དུས། གྲོང་གསེབ་ཀྱི་མི་རྣམས་ངོ་མཚར་བའི་སྐད་དབང་མེད་དུ་ཤོར་སོང་། ཁོ་ཚོ་ཚང་མའི་མིག་སྐར་ཁུང་འདྲ་ཞིག་གདངས་འདུག བརྙན་འཕྲིན་ནང་བར་སྐབས་ཤིག་ལ་བོད་སྐད་ལེ་ཚན་སྟོན་དུས། ཚང་མ་གཞི་ནས་ནང་དོན་གོ་ཐུབ་པ་བྱུང་བ་དང་། རྣ་བའི་དབང་པོ་རྩེ་གཅིག་ཏུ་གཏད་ནས་ཉན་པ་དང་། མཚམས་ཤིག་ལ་བརྙན་འཕྲིན་དུ་བདག་ཅག་གི་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་ཆིབས་སྒྱུར་བསྐྱངས་པའི་གསར་འགྱུར་ཞིག་བསྒྲགས་པས་མི་རྣམས་འཚབ་འཚུབ་ངང་མགོ་ཡི་ཞྭ་མོ་ཕུད་ཅིང་གསོལ་འདེབས་ཀྱི་ཐལ་མོ་སྦྱར་ནས་བརྙན་འཕྲིན་གྱི་ཕྱོགས་སུ་འཁོར་ཏེ་ཕྱག་འཚལ་སོང་། གློག་བརྙན་བསྟན་པ་ན། ང་ཚོ་ཕྲུ་གུ་ཚོས་གློག་བརྙན་ནང་གི་རྣམ་པ་དེ་དག་ལ་ལད་མོ་བྱས་ནས་རྩེད་མོ་རྩེས་པའམ་རྒྱག་རེས་བྱེད།
 
མཆན་འགྲེལ།
ཚེམ་འཁོར། ཚེམ་བུ་འཁོར་ལོ། གནམ་སྐུད། གློག་སྡུད་ཀྱི་རླབས་སྤྲོ་བ་དང་སྡུད་པར་བྱེད་པའི་སྒྲིག་ཆས་ཤིག ལྷུ་ལག ཡན་ལག་གམ་ཆ་ཤས། འཚེར། འོད་འཁྱུག་པའམ་འོད་ཀྱི་དབང་གིས་མིག་ལ་ཟུག་རེག་སྐྱེས་པ། ཤེལ་སྒྲོམ། ཤེལ་གྱི་སྒམ། གཟུགས་བརྙན། མེ་ལོང་དང་ཆུ་སོགས་ཀྱི་ནང་གི་འཆར་གཟུགས། སྐར་ཁུང་། སྒེའུ་ཁུང་། བདག་ཅག ང་ཚོ། ཆིབས་སྒྱུར། ཕེབས་པའི་དོན།