དྲི་བཟང་ཁྱབ་པ། གད་བདར་བྱེད་པ། གཟན་གོས་མནབས་པ། མཇལ་ཁ་གནང་བ། མགོ་བོ་བཀྱགས་པ། རྔན་པ་སྤྲད་པ། སྐད་རྒྱག་པ། ལག་བརྡ་བསྟན་པ། ཐོན་རྩིས་བྱེད་པ།
ང་ཚོ་རིན་པོ་ཆེ་བཞུགས་སའི་བླ་བྲང་གི་གཟིམ་ཁང་དུ་ཕྱིན་པ་ཡིན། གཟིམ་ཁང་ནང་ཚུལ་ཁྲིམས་ཀྱི་དྲི་བཟང་ཞིག་ཁྱབ་ཅིང་། གད་བདར་བྱས་ནས་སྒྲིག་ཆས་དང་ཅ་ལག་ཀུན་ལ་འོད་ཀྲིག་ཀྲིག་བྱེད། དེ་ནས་ཁྱེད་ཚོ་ཚང་མ་རིན་པོ་ཆེ་མཇལ་དུ་ཤོག་ཟེར། ང་ཚོར་འདྲིས་གཤིབ་ཆེ་བའི་རྩེད་གྲོགས་དེ་ད་ནི་མཐོ་ས་ཞིག་ཏུ་བཞུགས་ནས་ཞལ་སྒམ་པོའི་ཚུལ་དུ་བཞུགས་འདུག་ཅིང་། སྐུ་ལ་གཟན་གོས་དམར་པོ་ཞིག་མནབས་པའི་འོག་ཏུ་སྟོད་འགག་སེར་པོ་ཞིག་མནབས་ནས་དེ་ལྟར་ཞི་དུལ་གྱི་བཞུགས་འདུག
ང་ཚོས་སྐེད་པ་སྒུར། ཐལ་མོ་སྦྱར། གསོལ་འདེབས་བྱེད་བཞིན་རིན་པོ་ཆེའི་སར་བཅར་དུ་སོང་། དེ་ནས་ངའི་ཆུང་དུས་ཀྱི་རྩེད་གྲོགས་དེས་ང་ཚོའི་མགོ་ལ་ཕྱག་གིས་བཞག་སྟེ་མཇལ་ཁ་གནང་བྱུང་། དེ་ལྟར་མཇལ་ཁ་གནང་དུས་ངས་མགོ་བོ་བཀྱགས་ནས་རིན་པོ་ཆེར་མིག་གིས་བལྟ་མ་ནུས། ང་ཚོ་དེ་ལྟར་གཟབ་ནན་གྱི་རྣམ་པ་ཞིག་གི་ཁྲོད་ནས་རིན་པོ་ཆེར་མཇལ་རྗེས། དེ་མ་ཐག་གཟིམ་ཁང་གི་ཕྱི་རུ་ཐོན་རྩིས་བྱས་པ་ཡིན། དེ་ལ་རིན་པོ་ཆེས་གཞི་ནས་ཁ་གྲགས་བྱུང་། གསོལ་ཐབ་པས་ང་ཚོར་བཟའ་བཏུང་མང་པོ་དང་འོ་མ་བྱེ་རིལ་ཤོག་ཐུམ་གསུམ་རྔན་པར་སྤྲད་རྗེས་”འདི་རིན་པོ་ཆེས་ཁྱོད་གསུམ་པོར་བྱིན་གསུངས་བྱུང་། ད་དུང་ཁོང་གིས་ཁྱོད་ཚོར་སློབ་སྦྱོང་ཡག་པོ་བྱོས་གསུངས་”ཟེར། ཉི་ཟེར་གྱི་འོག་ཏུ། ང་ཚོས་རིན་པོ་ཆེ་དམར་ལིང་ངེར་འགྲེང་ནས་ང་ཚོའི་ཕྱོགས་སུ་མིག་སྐྱེལ་བྱེད་བཞིན་པའི་སྣང་བརྙན་མཐོང་བྱུང་། ང་ཚོ་ཁ་ཕྱིར་འཁོར་ནས་དགོན་པའི་ཕྱོགས་སུ་བལྟས་པ་ན། དགོན་པའི་འཁྲིས་ཀྱི་དེའུ་འབུར་དེའི་ཐོག་ཏུ་རིན་པོ་ཆེ་བཞེངས་ནས་གཟིགས་འདུག ད་ནི་བར་ཐག་ཅུང་ཟད་རིང་བས། ང་ཚོས་སྐད་རྒྱག་བསམས་ཀྱང་རིན་པོ་ཆེས་ཐོས་དཀའ་བར་སྣང་། དེ་བས། ངེད་གསུམ་པོས་ལག་པ་གཡུགས་ནས་རིན་པོ་ཆེར་ལག་བརྡ་བསྟན་པ་ཡིན། རིན་པོ་ཆེས་ཀྱང་ལན་དུ་ལག་པ་གཡུག་ཙམ་བྱས་སོ། །
མཆན་འགྲེལ།
བླ་བྲང་། བླ་སྤྲུལ་ཆེ་གྲས་ཀྱི་ཤག་ཚང་། གཟིམ་ཁང་། རྒྱུན་དུ་འདུག་སའི་ཁང་པའི་ཞེ་ས། ཚུལ་ཁྲིམས། སྤོང་བའི་སེམས། འོད་ཀྲིག་ཀྲིག གཟི་མདངས་ལྷག་ཏུ་ཆེ་བའི་རྣམ་པ། སྒམ་པོ། བློ་ཟབ་པ་སྟེ་གཞན་གྱིས་གཏིང་དཔོག་དཀའ་བ། གཟན། གྲྭ་པ་སོགས་ཀྱི་སྟོད་གོས་གྲུ་བཞི་རིང་པོ་ཞིག སྟོད་འགག བཙུན་པའི་སྟོད་གོས་ཕུ་ཐུང་མེད་པ་ཞིག་གི་མིང་། ཁ་གྲགས་པ། སྐད་ཆ་བཤད་པ། གསོལ་ཐབ་པའམ་གསོལ་དཔོན། གསོལ་ཆས་འབུལ་འདྲེན་བྱེད་མི། ཤོག་ཐུམ། ཤོག་བུས་བསྒྲིལ་བའི་ཐུམ་བུ། སྣང་བརྙན། གཟུགས་བརྙན། དེའུ། རི་ཆུང་ཆུང་གི་མིང་། འབུར། ངོས་མཉམ་པའི་གཞི་ལས་ཡར་འཕགས་པ།