སྐལ་བཟང་སྒྲོལ་མ། འཛིན་གྲྭ་བརྒྱད་པ།
སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ།
གཟའ་ཟླ་བ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༩ ཉལ་ཁང་ནང་དུ། ཞོགས་པའི་ཆུ་ཚོད་ ༡༠།༠༠
སྙིང་ཉེ་བའི་ཉིན་ཐོ་ལགས། ང་རང་གིས་དུས་ཡུན་རིང་པོ་ཞིག་ལ་ཉིན་ཐོ་བྲིས་མེད་པས་ཁྱེད་ལ་སྙིང་གཏམ་འབྲི་བར་འདོད་པ་ཧ་ཅང་སྐྱེས་བྱུང་། ཉིན་གསུམ་རིང་༸སྐུ་ཡི་གོ་སྟོན་སྲུང་བརྩི་ཞུས་པས་བློ་ཚིམས་བྱུང་། དེ་འདྲ་སོང་ཙང་དེ་རིང་ངས་ཁྱེད་ལ་༸སྐུའི་གོ་སྟོན་སྲུང་བརྩིའི་སྐོར་ལ་འབྲི་རྒྱུ་ཡིན།
ལེགས་པར་ཉོན་ཨང་། ༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ལ་ཆ་བཞག་ན། ནམ་རྒྱུན་དང་མི་འདྲ་བར་སྤྲིན་པས་གནམ་སྒྲིབ་འདུག་ལ་ཆར་པ་ཡང་སིབ་སིབ་འབབ་བཞིན་འདུག སྐབས་དེར་ངའི་སེམས་ནང་ཆར་པས་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལ་ཕེབས་བསུ་ཞུས་པ་བཞིན་ཚོར་བ་སྐྱེས་བྱུང་། ད་ལོ་ཆ་བཞག་ན་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ཡོད་པས་ང་ཚོས་འཁྲུངས་སྐར་དེ་གལ་ཆེན་པོ་ཞིག་ལ་བརྩིས་ནས་ཉིན་གསུམ་རིང་༸སྐུ་ཡི་འཁྲུང་སྐར་སྲུང་བརྩི་ཞུས་པ་ཡིན། གང་ཡིན་ཟེར་ན། ༸སྐུའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་ནི་མི་ཚེ་གཅིག་ལ་ཐེངས་གཅིག་ལས་མེད་སྟབས་ད་ལན་ཁོང་གི་འཁྲུངས་སྐར་དེ་འདྲ་རྒྱས་པོའི་ངང་བཏང་བ་ཡིན།
ང་ཚོའི་སློབ་གྲྭ་ལ་ཆ་བཞག་ན་༸སྐུའི་གོ་སྟོན་གྱི་ཆེད་དུ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་པའི་སྐྱེད་མོས་ཚལ་ཞིག་བཟོས་པ་ཡིན། མེ་ཏོག་རྣམས་ང་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་གི་ཆེད་དུ་བཏབ་པ་ཡིན་པས་ཉོབ་སྣང་དང་སུན་སྣང་སོགས་སྐྱེས་མ་བྱུང་། ༸གོང་ས་མཆོག་སྐུ་ཚེ་རིང་པོ་བཞུགས་ཡོང་བསམས་ནས་བཏབ་པ་ཡིན། སློབ་གྲྭ་མང་ཆེ་བས་༸སྐུའི་གོ་སྟོན་ཆེད་དུ་དམིགས་བསལ་གྱི་སྐྱེད་ཚལ་བཟོས་ཡོད་ཀྱང་། ང་ཚོའི་སློབ་གྲྭས་བཟོས་པའི་སྐྱེད་ཚལ་ནི་ཆེ་ཤོས་དང་སྙིང་རྗེ་ཤོས་མཐོང་སོང་བས་སེམས་ལ་སྤོབས་པ་སྐྱེས་བྱུང་། གཙོ་བོ་༸སྐུའི་གོ་སྟོན་གྱི་ཆེད་དུ་ལྡུམ་ར་ཡིད་དུ་འོང་བ་ཞིག་སྐྲུན་ཐུབ་པ་དེ་ང་ཚོའི་བསོད་བདེ་བསོད་ནམས་རེད་དྲན་གྱི་འདུག
དེ་མིན་གྱི་བྱེད་སྒོ་མང་པོ་སྤེལ་ཡོད་ཀྱང་སྐྱིད་ཤོས་དེ་ཁོང་གི་ཐུགས་བསྐྱེད་དམ་བཅའ་དང་པོ་དང་འབྲེལ་བའི་སྐོར་ལ་རི་མོ་བྲིས་པ་དེ་བྱུང་། གང་ཡིན་ཞེ་ན། ང་རང་རི་མོ་འབྲི་བའི་དུས་སུ་སེམས་ལ་ཞི་བདེ་དང་ཁོང་གི་བཀའ་སློབ་གསུངས་པ་རྣམས་ཡིད་ལ་ལྷང་ལྷང་དུ་དྲན་བྱུང་། ཁོང་གིས་གསུངས་པ་རྣམས་རི་མོའི་ཐོག་ལ་བཀོད་རྒྱུར་འབད་བརྩོན་བྱས་པ་ཡིན། རི་མོ་ལ་ཨང་ཀི་མ་ཐོན་ཀྱང་ཁོང་གི་ཆེད་དུ་ང་རང་གི་ངོས་ནས་ལེགས་ཤོས་བྲིས་པ་དང་འཛུལ་ཞུགས་བྱེད་ཐུབ་པ་ཙམ་གྱིས་འདོད་པ་ཁེངས་བྱུང་། དེ་འདྲ་བའི་དམིགས་བསལ་གོ་སྟོན་ཆེད་ཤེས་རིག་ལས་ཁུངས་ནས་གོ་སྟོན་དང་འབྲེལ་བའི་རི་མོ་དང་རྩོམ་ཉིན་ཐོ་ཚིགས་བཅད་སོགས་འབྲི་རྒྱུར་གོ་སྐབས་མང་པོ་རག་བྱུང་ལ། ང་རང་ངོས་ནས་གོ་སྐབས་དེ་འཕྲོ་བརླག་ཏུ་མ་བཏང་བར་འཛུལ་ཞུགས་བྱས་པ་ཡིན། གོ་སྐབས་ཡག་པོ་དེ་འདྲ་མང་པོ་རག་གི་ཡོད་པས་ད་ལོར་གོ་སྟོན་དང་མཐུན་པའི་གོ་སྐབས་རག་བྱུང་བས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་།
སྦེལ་ཀོབ་གཞིས་ཆགས་དང་དེ་འདྲ་བའི་གཞིས་ཆགས་མང་པོས་བྱེད་སྒོ་སྤེལ་བཞིན་ཡོད་པས་ང་ཚོ་བསོད་ནམས་ཆེན་པོ་ཡིན་པའི་ཚོར་བ་སྐྱེས་བྱུང་། མཐར་ཁོང་སྐུ་ཚེ་རིང་པོ་བཞུགས་པ་དང་བོད་ལ་ལོག་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཡོད། དེ་རིང་འདི་ཙམ་ཡིན།

ད་བར་དཔྱད་མཆན་མེད།