ཁ་བ་འབབ་པ། སྣུམ་འཁོར་གཏོང་བ། ཚིག་པ་ཟ་བ། གཙང་མ་བཟོ་བ། བྱུར་བུར་སྤུངས་པ།
དགོང་མོ་ཞིག་ལ་ཁ་བ་ཆེན་པོ་བབས་པས་ཞོགས་པ་ཨ་ཁུ་བློ་བཟང་གི་ལྡུམ་རྭའི་ནང་ཁ་བ་མཐུག་པོ་ཆགས་ཡོད། ཨ་ཁུ་ཡིས་སྣུམ་འཁོར་བཏང་སྟེ་ཕྱི་ལོགས་ལ་འགྲོ་དགོས་པས། ཁོང་གིས་མི་ཞིག་གླས་ནས་ “སྣུམ་འཁོར་འཇོག་ཁང་ནས་ཕྱི་སྒོ་བར་གྱི་ལམ་ཁ་དེ་གཙང་མ་བཟོ་རོགས། ཁ་བ་གཞོགས་འདི་ཕྱོགས་ལ་མ་གཡུག གང་ལགས་ཤེ་ན། ཁ་བས་ངའི་ལྡུམ་རྭའི་ནང་གི་རྩི་ཤིང་མནན་འགྲོ་ཡི་རེད། ཁ་བ་གཞོགས་ཕར་ཕྱོགས་ལའང་མ་གཡུག གང་ཡིན་ཟེར་ན། ངའི་ར་སྐོར་གས་ཆག་ལ་འགྲོ་ཡི་རེད། ཁ་བ་ཁྲོམ་ལམ་ལ་དེ་བས་མ་གཡུག དེར་གཡུག་ན་ཉེན་རྟོག་པ་ཚིག་པ་ཟ་ཡི་རེད་” ཅེས་བཤད་དེ་ཨ་ཁུ་ཁོང་ཕྱི་རོལ་ཏུ་ཕྱིན་པ་རེད།
ཁོང་ཚུར་ལོག་ཡོང་དུས་ལམ་ཁ་གཙང་མ་བཟོས་ཡོད་ཅིང་། ལམ་ཁ་ནས་ཕྱགས་པའི་ཁ་བ་རྣམས་རྩི་ཤིང་གི་སྟེང་ལ་གཡུག་མེད་ལ། ར་སྐོར་དང་ཁྲོམ་ལམ་དུའང་གཡུག་མེད་པས། ཨ་ཁུ་ཁོང་ཧ་ཅང་དགའ་པོ་བྱུང་ཡོད། འོན་ཀྱང་། ཁོང་གིས་སྣུམ་འཁོར་འཇོག་ཁང་སྒོ་ཕྱེ་སྟེ་སྣུམ་འཁོར་ཕྱི་རུ་བཏོན་རྩིས་བྱེད་སྐབས། སྣུམ་འཁོར་འཇོག་སའི་ནང་གངས་བྱུར་བུར་སྤུངས་ནས་སྣུམ་འཁོར་ཡང་གངས་ཀྱི་འོག་ཏུ་རྦད་དེ་མནན་ནས་མཐོང་རྒྱུ་མེད་པ་ཆགས་ཡོད།