དཀའ་ངལ་འཕྲད་པ། རོགས་རམ་བྱེད་པ། ཇུས་གཏོགས་བྱེད་པ། ཕྱིར་སློག་བྱེད་པ། དགོངས་པ་འཚོམས་པ། སྐད་བརྒྱབ་པ། སྐྱག་རྫུན་བཤད་པ། དྲང་པོ་བཤད་པ། ཡིད་ཆེས་བྱེད་པ། ལན་བཏབ་པ།
ཨོ་རྒྱན་གྱི་གྲོང་པ་ཁྱིམ་མཚེས་མང་ཆེ་བ་ཕན་ཚུན་འཆམ་པོ་ཤ་སྟག་ཡིན་པས། དཀའ་ངལ་འཕྲད་མཁན་བྱུང་ཚེ་ཁོ་ཚོས་དེ་གར་ཕན་ཚུན་རོགས་རམ་བྱེད་རྐྱང་བྱེད་ཀྱི་ཡོད། འོན་ཀྱང་སྲང་ལམ་དེའི་ཐོག་བུད་མེད་ཅིག་ཡོད། དེར་མི་ཚང་མས་དགའ་པོ་བྱེད་ཀྱི་མེད། གང་ལགས་ཤེ་ན། མོས་ག་དུས་ཡིན་རུང་མི་གཞན་གྱི་དོན་དག་ལ་ཇུས་གཏོགས་བྱེད་པ་མ་ཟད། གཞན་ནས་ཅ་ལག་གཡར་ཡང་ཕྱིར་སློག་གི་མེད།
ཞོགས་པ་སྔ་པོ་ཞིག་ལ། ཨོ་རྒྱན་གྱིས་མདུན་སྒོ་བརྡུང་བའི་སྒྲ་ཐོས། ཨོ་རྒྱན་གྱིས་སྒོ་ཕྱེ་ནས་བལྟ་སྐབས་བུད་མེད་དེ་སྒོ་ཁར་སླེབས་ཡོད། མོས་ “ཞོགས་པ་བདེ་ལེགས། དེ་རིང་ང་གྲོང་རྡལ་དུ་ངའི་ཨ་ཅག་སར་ཅ་ལག་ཞིག་བསྐྱལ་དུ་འགྲོ་དགོས་ཡོད། ང་ལ་བོང་བུ་མེད་པ་ཁྱེད་ཀྱིས་ཤེས་གསལ་རེད། ཁྱེད་ཀྱི་བོང་བུ་དེ་ང་ལ་གཡར་ན་འགྲིག་པ་འདུག་གམ། དོ་དགོང་བསྐྱལ་ཆོག་” ཟེར།
ཨོ་རྒྱན་གྱིས་ “དགོངས་པ་མ་འཚོམས། བོང་བུ་འདིར་ཡོད་ན་ངས་ཁྱེད་རང་ལ་དགའ་པོའི་ངང་གཡར་གྱི་རེད། འོན་ཀྱང་། བོང་བུ་འདིར་བསྡད་མེད་” ཅེས་ལན་བཏབ།
བུད་མེད་དེས་ “ཨོ་འོ། བོང་བུ་མདང་དགོང་རང་འདིར་འདུག ངས་ཁྱེད་རང་གི་ཁང་པའི་རྒྱབ་ནས་མཐོང་བྱུང་། ད་ལྟ་ག་པར་ཡོད་” ཟེར།
ཨོ་རྒྱན་གྱིས་ “ངའི་ཨ་ཅེས་ཞོགས་པ་སྔ་པོ་ནས་གྲོང་རྡལ་དུ་འཁྲིད་ཕྱིན་སོང་” ཞེས་ལན་བཏབ། སྐབས་དེར་ཏག་ཏག་བོང་བུས་སྐད་ཆེན་པོ་ཞིག་བརྒྱབ་པས། བུད་མེད་དེ་ཚིག་པ་ཟ་ཐག་ཆོད་ནས་ “ཁྱེད་རང་སྐད་ཆ་དྲང་པོ་ཤོད་ཀྱི་མི་འདུག ངས་བོང་སྐད་ཐོས་བྱུང་། གྲོང་པར་སྐྱག་རྫུན་བཤད་ནས་ཁྱེད་རང་ངོ་ཚ་ཡི་མི་འདུག་གམ་” ཟེར།
ཨོ་རྒྱན་གྱིས་དེ་མུར་ “ངོ་ཚ་དགོས་ཡས་དེ་ཁྱེད་རང་རེད་མ་གཏོགས་ང་མ་རེད། ག་རེ་ཡིན་པའི་ཁུལ་རེད། ཁྱེད་རང་གྲོང་པས་བཤད་པའི་སྐད་ཆར་ཡིད་མ་ཆེས་པར་བོང་བུས་བཤད་པར་ཡིད་ཆེས་བྱས་” ཞེས་བཤད།