ཟ་རུ་བཅུག་པ། གསོལ་བ་བཏབ་པ། སྐད་ཐོས་པ། སྨོན་ལམ་བཏབ་པ། སྐད་རྒྱག་པ། གད་མོ་དགོད་པ།
བུ་སྙིང་རྗེ་ཅོག་ལེ་ཊི་ (Chocolate) ཟ་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་ཨ་མས་གཏན་ནས་སྟེར་གྱི་མེད། གང་ལགས་ཤེ་ན། ཅོག་ལེ་ཊིས་སོ་ལ་སྐྱོན་བྱེད་ཀྱི་རེད་དགོངས་ཀྱི་ཡོད། ཡིན་ན་ཡང་། ཁོ་ལ་སྤོ་བོ་ལགས་ཡག་པོ་ཞིག་ཡོད་ཅིང་། སྤོ་བོ་དེ་ཚ་བོར་ཧ་ཅང་དགའ་པོ་ཡོད་པས། སྐབས་འགར་སྤོ་བོ་ལགས་ཁོ་ཐུག་པར་ཕེབས་སྐབས་ཅོག་ལེ་ཊི་སྟེར་གྱི་ཡོད། དེའི་སྐབས་ཨ་མས་སྤོ་བོ་ལགས་དགའ་པོ་ཡོང་ཆེད་ཁོ་ལ་ཅོག་ལེ་ཊི་ཟ་རུ་བཅུག་གི་ཡོད།
བུ་སྙིང་རྗེ་ལོ་བདུན་འཁོར་བའི་སྐྱེས་སྐར་སྔོན་གྱི་ཉིན་ཁ་ཤས་ཀྱི་དགོང་མོ་ཞིག་ལ། ཁོ་མ་ཉལ་གོང་རང་གི་ཉལ་ཁང་ནང་ “དཀོན་མཆོག་གིས་མཁྱེན། གཟའ་སྤེན་པའི་ཉིན་ངའི་སྐྱེས་སྐར་ལ་ང་ལ་ཅོག་ལེ་ཊིའི་ཤོག་སྒམ་ཆེན་པོ་ཞིག་གནང་རོགས་” ཞེས་སྐད་ཆེན་པོས་གསོལ་བ་བཏབ།
སྐབས་དེ་དུས་ཁོའི་ཨ་མ་ཐབ་ཚང་ནང་ཡོད་ནའང་། ཁོའི་སྐད་ཐོས་ཏེ་མགྱོགས་པོ་ཁོའི་ཉལ་ཁང་དུ་ཡོང་།
ཨ་མས་བུ་ལ་ “སྐད་ཆུང་ངུས་སྨོན་ལམ་བཏབ་ནའང་དཀོན་མཆོག་གིས་གོ་སྲིད་པས། ཁྱེད་ཀྱིས་སྐད་ཆེན་པོ་རྒྱག་དགོས་དོན་གང་ཡིན་ནམ་” ཞེས་དྲིས།
སྤྱང་གྲུང་འཛོམས་པའི་བུ་དེས་གད་མོ་དགོད་བཞིན་ “ངས་ཤེས་ཀྱི་ཡོད། ཡིན་ན་ཡང་། སྤོ་བོ་ལགས་ཉལ་ཁང་གཞན་པའི་ནང་ཡོད་པས་ཁོང་གིས་ཐོས་ཀྱི་མ་རེད་” ཅེས་ཟེར།