ལྟོ་ཆས་སྟེར་བ། ཉུང་དུ་བཏང་བ། བསྲི་ཚགས་བྱེད་པ། ཁུར་པོ་བཀལ་བ། འཚོ་བ་བསྐྱལ་བ། ཆིག་ལབ་བརྒྱབ་པ། རླུང་རྟ་རྒྱུག་པ། སྲོག་ཆད་པ།
དགུན་ཁ་ཞིག་དབང་ཕྱུག་ལ་དངུལ་ཧ་ཅང་ཉུང་ཉུང་ལས་མེད། ལོ་དེར་ལོ་ཏོག་ལེགས་པོ་མ་བྱུང་བས་འཚོ་བ་གྲོན་ཆུང་བསྲི་ཚགས་བྱས་ནས་མ་བསྐྱལ་ཀ་མེད་བྱུང་། ཁོང་གིས་བོང་བུར་ལྟོ་དེ་བས་ཉུང་ཉུང་ལས་མ་སྟེར་ཡང་ཉིན་གཉིས་སོང་རྗེས་བོང་བུར་བལྟ་སྐབས་སྔོན་མ་དང་གཅིག་པ་གཅིག་རྐྱང་བསྡད་ཡོད་སྟབས། ཁོང་གིས་ “བོང་བུ་ལྟོ་ཆས་མང་པོ་བཟའ་རྒྱུར་གོམས་ནས་ཡོད། ད་ལྟ་ཁོ་ལྟོ་ཉུང་ཙམ་བཟའ་རྒྱུར་ཡང་མགྱོགས་པོ་གོམས་ངེས་ཡིན་པ་མ་ཟད། མི་རིང་བར་ལྟོ་ཧ་ལམ་མ་བཟས་ཀྱང་འཚོ་ཐུབ་རྒྱུར་གོམས་ཀྱི་རེད་” ཅེས་ཆིག་ལབ་བརྒྱབ། དབང་ཕྱུག་གིས་ཉིན་ལྟར་བོང་བུར་ལྟོ་ཆས་སྟེར་རྒྱུ་དེ་བས་ཉུང་དུ་བཏང་ནས་བོང་བུ་དེ་ཧ་ལམ་ལྟོ་མ་ཟ་མཁན་ཞིག་མ་ཆགས་བར་དེ་ལྟར་བྱས། དེ་ནས་ཉིན་ཞིག་བོང་བུ་དེར་མེ་ཤིང་ཁུར་པོ་བཀལ་ནས་ཁྲོམ་ལ་བསྐྱོད་སྐབས་གློ་བུར་དུ་བོང་བུ་དེ་ཤི། དབང་ཕྱུག་གིས་ “ང་དེ་འདྲའི་རླུང་རྟ་མ་རྒྱུག་པ་ལ་ཨང་། ངའི་བོང་བུ་དེ་ཧ་ལམ་ལྟོ་མི་བཟའ་མཁན་ཞིག་ཆགས་མ་ཐག བོང་བུ་ཁོ་འཇིག་རྟེན་དུ་སྡོད་རྒྱུའི་དུས་ཚོད་ཀྱང་རྫོགས་སོང་” ཞེས་བཤད།