གླིང་ག་གཏོང་བ། ཁ་བྲལ་བ། མངགས་བྱ་བྱེད་པ། ལན་སྐྱེལ་བ། སྒོ་བཀོག་པ། སྒལ་པར་འཁུར་བ།
སྐུ་ཞབས་ཡེ་ཤེས་ལགས་ཕྲུ་གུའི་སྐབས། ཐེངས་ཤིག་ཁོང་གི་ཨ་མ་ལགས་གླིང་ག་གཏོང་དུ་འགྲོ་ཁར་ཨ་མས་ཁོང་ལ་ “བུ། ང་ཕྱིན་པའི་རྗེས་ཁང་པའི་སྒོ་འགྲམ་དུ་བསྡད་ནས་སྒོ་ཡག་པོ་སྲུང་ཨང་། འདིར་རྐུན་མ་ཧ་ཅང་སྡང་པོ་ཡོད་པས་ག་དུས་ཡིན་ནའང་སྒོ་དང་ཁ་མ་བྲལ་བ་གྱིས་” ཞེས་མངག་བྱ་ནན་པོ་གནང་། ཡེ་ཤེས་སྒོ་འགྲམ་དུ་བསྡད་དེ་ཆུ་ཚོད་གཅིག་ཙམ་འགྲོ་དུས། ཨ་ཁུ་ལགས་དེར་ཕེབས་ནས་ “རང་གི་ཨ་མ་ལགས་ག་པར་ཕེབས་སོང་” ཞེས་དྲིས་པར། ཡེ་ཤེས་ཀྱིས་ “ཨ་མ་ལགས་གླིང་གར་ཕེབས་སོང་” ཞེས་ཞུས། ཨ་ཁུ་ལགས་ཀྱིས་ “ང་ཚོ་དོ་དགོང་ཁྱེད་རང་ཚོའི་ནང་ལ་མགྲོན་པོར་ཡོང་རྩིས་ཡོད་ཅེས་ཨ་མ་ལགས་ལ་ལན་ཞིག་སྐྱེལ་དུ་རྒྱུགས་ཨང་” ཞེས་གསུངས་ནས་ལོག་སོང་། ཨ་མ་ལགས་ཀྱིས་ངེས་པར་དུ་སྒོ་དང་མ་བྲལ་བ་གྱིས་ཅེས་དང་། ཨ་ཁུ་ལགས་ཀྱིས་ཨ་མར་ལན་ཞིག་སྐྱེལ་དུ་རྒྱུགས་ཨང་ཞེས་གསུངས་པས་ད་ལྟ་ཡེ་ཤེས་ནི་བྱེད་སྟངས་སྡོད་སྟངས་མི་ཤེས་པར་གྱུར། ཡེ་ཤེས་ཀྱིས་ཡང་སྐོར་བསྐྱར་སྐོར་གྱིས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བའི་མཐར་སྒོ་དེ་བཀོག་ནས་རང་གི་སྒལ་པར་འཁུར་ཏེ་ཨ་མ་ལགས་སུ་ལན་སྐྱེལ་དུ་སོང་ངོ་། །