ཚེ་རིང་བཀྲ་ཤིས།
གཞི་རིམ་གོང་མའི་བོད་དགེ། གོ་པལ་པུར་བོད་ཁྱིམ།

    ༄༅། །འཛིན་གྲྭ་སྟངས་འཛིན་ཚད་ལྡན་ཞིག་ཡོང་བར་དགེ་སློབ་བར་གྱི་འབྲེལ་བ་འདི་གྲོགས་པོའི་འདུ་ཤེས་ལྟ་བུ་ཞིག་དགོས། བོད་སྐད་དུ་དགེ་བའི་བཤེས་གཉེན་ཞེས་རྒྱང་རིང་པོ་དང་བླ་མ་ལྟ་བུ་ཞིག་ཏུ་བརྩི་མོད་ཀྱང། ལེགས་སྦྱར་གྱིི་ཐ་སྙད་དེ་སྒྲ་ཐད་བསྒྱུར་བྱས་ན་དགེ་བའི་གྲོོགས་པོ་ཞེས་པའི་དོན་ཡིན་པས། དགེ་སློབ་གཉིས་ཀས་དེ་ལྟར་འདུ་ཤེས་བཟུང་ན་སློབ་ཕྲུག་ཚོས་སློབ་འཁྲིད་སྐབས་ཉན་འཇོག་དང་དོ་སྣང་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོང་ངེས་རེད། དགེ་སློོབ་བར་གྱི་འབྲེལ་བ་འདི་ཇི་ཙམ་ཉེ་བ་དེ་ཙམ་གྱི་སློབ་ཕྲུག་ལ་ཕན་ཐོགས་ཆེ་ཞིང་། དགེ་རྒན་ཡང་སེམས་སྐྱིད་པ་ཞིག་ཡོང་བ་གདོན་མི་ཟ། དེ་ལྟར་མ་ཐུབ་ན་ཧ་ཅང་ཉེ་བ་དང་ཧ་ཅང་་རིང་པའི་མཐའ་གཉིས་སྤངས་ཏེ་འོས་འཚམས་ཀྱི་བློ་སེམས་ཉེ་བའི་འབྲེལ་བ་ཞིག་གཟུང་རྒྱུ་གནད་ཀྱི་དམ་པའོ། །

འཛིན་གྲྭ་སྟངས་འཛིན་ཡག་པོ་བྱེད་པར་སྔོན་ཚུད་ནས་གྲ་སྒྲིག་ཚད་ལྡན་བྱེད་དགོས།

    འཛིན་གྲྭ་སྟངས་འཛིན་བྱེད་སྟངས་དེ་ཀུན་ལ་གཅིག་མཚུངས་མིན་པར། འཛིན་གྲྭའིི་རིམ་པ་དང་སློབ་ཕྲུག་གི་ལོ་ཚད་དང་བསྟུན་གྱིན་ཐབས་ལམ་སྣ་ཚོགས་ཀྱིས་བྱེད་དགོས་མོད། འོན་ཀྱང་དེ་དག་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་ནི་དབྱིན་ཇིའི་གཏམ་དཔེར་འཆར་གཞི་ཡག་པོ་ཞིག་བཏིང་ན་ལས་དོན་ཕྱེད་ཀ་འགྲུབ་ཅེས་པ་དང། བོད་ཀྱི་གཏམ་དཔེར་ཡང་ཚོང་མ་བརྒྱབ་རྩིས་བརྒྱབ་ཅེས་པ་ལྟར། ལས་དོན་སྤྱི་དང་ལྷག་པར་དུ་དགེ་རྒན་གྱི་ཕྱག་ལས་འདི་སྔོན་ཚུད་ནས་འཆར་གཞི་ལྡན་པའི་གྲ་སྒྲིག་འཐུས་ཚང་ཞིག་གནང་ཡོད་ཚེ་དངོས་གནས་ལས་དོན་ཕྱེད་ཀ་ཏན་ཏན་གྲུབ་ཡོད་ལ། དེ་ལྟར་བྱས་ན་དགེ་རྒན་རང་ཉིད་ལ་རང་གིས་ངང་གིས་གདེང་སྤོབས་འཕར་མ་ཞིག་དང་གསོན་ཤུགས་འཕར་མ་ཞིག་བྱུང་ངེས་ལ། དེ་ལྟར་བྱས་མེད་ཚེ་འཛིན་གྲྭར་འགྲོ་འདོད་ཀྱི་ཚོར་སྣང་ཞན་ལ། ལུས་ཀྱི་འཁྱེར་སོ་དང་ཐ་ན་འཛིན་གྲྭར་གོམ་པ་སྤོ་སྟངས་ཀྱང་ཉམས་དོད་པོ་ཞིག་ག་ལ་ཡོད། འཛིན་གྲྭའང་ཚུལ་མཐུན་ཞིག་སྟངས་འཛིན་བྱེེད་མི་ཐུབ་ཅིང་། སློབ་འཁྲིད་ཀྱང་འཇུག་པོ་གནད་ལ་ཕིགས་པ་ཞིག་དེ་བས་ཀྱང་མི་ཡོང་བ་ཆོས་ཉིད་རེད། དེ་ནི་རྒད་པོ་ཉམས་མྱོང་ཅན་གྱི་དགེ་རྒན་རྣམས་ལ་དྲིས་དང་དེ་ལྟར་ཞལ་བཞེས་གནང་ངེས་ལགས། དེར་བརྟེན་འཛིན་གྲྭ་ཚགས་ཚུད་པོ་ཞིག་སྟངས་འཛིན་བྱེད་པར་ཆ་རྐྱེན་ཀུན་གྱི་ནང་ནས་གལ་འགངས་ཆེ་ཤོས་དེ་ཉིད་ཁོ་ནའོ། །

འཛིན་གྲྭ་ལེགས་པར་སྟངས་འཛིན་བྱེད་སྟངས་ཀྱི་ཆ་རྐྱེན་གལ་ཆེ་ཤོས་གཞན་ཞིག་ནི་འཛིན་གྲྭའི་ནང་གི་སྒྲིག་གཞི་སྟེ།

    བཤེས་སྤྲིངས་ལས། ཁྲིམས་ནིི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར་ལོ་གཅིག་རིང་འཛིན་གྲྭའི་ནང་དགེ་རྒན་གྱི་སློབ་འཁྲིད་དང་སློབ་ཕྲུག་གི་བྱེད་སྒོ་མཐའ་དག་ལམ་ལྷོང་ཡོང་ཐབས་སླད་ལག་ཏུ་བླང་བདེ་བའི་སྒྲིག་གཞི་འགའ་ཞིག་དགོས་པ་ཧ་ཅང་གལ་ཆེ་བས། སློབ་གྲྭའི་ལོ་འགོར་ཚོགས་ཐེངས་གཉིས་གཏང་དགོས་བྱུང་ཡང་བཏང་ནས་དགེ་སློབ་དབར་གོ་བསྡུར་ལྷུག་པོ་བྱས་ཏེ་སྤྱི་མོས་སམ་ཆེས་མང་མོོས་ཀྱིས་མོས་མཐུན་ཡོད་པའི་སྒྲིག་གཞི་ལག་ཏུ་བླང་བདེ་བ་འགའ་ཞིིག་ངེས་པར་དུ་གཏན་འབེབས་བྱ་དགོས། དཔེར་ན།

༡) ཚོགས་ཐེངས་སྐབས་དགེ་སློབ་སུ་ཡང་རྗེས་ལུས་མ་ཐེབས་པ་བྱེད་དགོས།
༢) འཛིན་གྲྭའི་ནང་གཉིད་ཉལ་མི་ཆོག་ཅིང། ཆུ་ལས་གཞན་ཤིང་ཏོག་གི་ཁུ་བའིི་རིགས་ཀྱང་འཐུང་མི་ཆོག
༣) འགྱིག་བྱི་རིལ་གྱིིས་གཙོས་བཟའ་བཅའི་རིགས་གང་ཡང་རྩ་བ་ནས་བཟའ་མི་ཆོག
༤) སློབ་ཕྲུག་སུ་ཡིས་འདྲི་རྩད་དང་ལན་འདེབས། ཀློོག་སྦྱོོང་བྱེད་སྐབས་སློབ་ཕྲུག་བྱིངས་ཀྱིས་དེར་དོ་སྣང་བྱེད་པ་ལས་གད་མོ་བགད་པ་དང་ཟུར་ཟ། འཕྱ་དམོད་རིགས་དེ་བས་ཀྱང་བྱེད་མི་ཆོག
༥) དེང་སང་བོད་པའི་སློབ་གྲྭ་ཁག་ནང་ས་གནས་འདྲ་མིན་གྱི་བོད་ཕྲུག་མཉམ་ཡུལ་མི་དང་། ཧི་མཱ་ལ་ཡའི་སློབ་ཕྲུག་བཅས་མང་དག་འདུས་ཡོད་སྟབས། ཚང་མ་མི་ཡིན་ལ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས་དབྱེ་འབྱེད་བྱེད་མི་རུང། སློབ་ཕྲུག་ནང་ཁུལ་ཚིག་ངན་དང་ཚིག་རྩུབ། གྲོང་ཚིག་དག་སྨྲ་མི་འོས་ཤིང། ཕན་ཚུན་ཆེ་མཐོང་དང་གུས་བརྩི་ཞུ་རྒྱུ་ལས་མཐོང་ཆུང་དང་དབང་ཤེད་ཀྱིས་བརྙས་བཅོས་རིགས་བྱེད་མིི་འོས།
༦) འཛིན་གྲྭ་གཙང་མ་དགོས་པ་ཧ་ཅང་གལ་ཆེ་བས། སློབ་ཕྲུག་ཚང་མས་འགན་ཁུར་ཏེ་ཞོགས་པའི་རང་སྦྱོང་ནས་དགོང་མོའི་རང་སྦྱོང་མ་གྲོལ་བར་འཛིན་གྲྭ་གཙང་མ་ཉར་དགོས། གད་སྙིགས་རྣམས་དུས་ཐོག་གད་སྣོད་དུ་བླུག་དགོས།
༧) ཚོགས་ཐེངས་ཀྱི་དུས་ཚོད་ནས་སྐར་མ་ལྔ་ཡོལ་རྗེས་དགེ་རྒན་མ་སླེབས་ན་འགན་བདག་གིས་དགེ་རྒན་ངེས་པར་འབོད་དུ་འགྲོ་དགོས་རྒྱུ།
༨) འཛིན་གྲྭའིི་དུས་སུ་གཉིད་ཉལ་རྒྱུ་མེད་ཅིང་དོན་མེད་སྐད་ཅོར་ཆེན་པོའང་རྒྱག་མི་འོས། སློབ་ཕྲུག་སུ་ཡང་གཉིད་ཤོར་ལ་ཉེ་བའི་སྐབས་རང་ཉིད་འཛིན་གྲྭའིི་རྒྱབ་ཏུ་སྐར་མ་ཁ་ཤས་ལངས་ཏེ་བཞུགས་དགོས།
༩) འཛིན་གྲྭའི་བྱེད་སྒོ་མཐའ་དག་ནང་སློབ་ཕྲུག་བྱིངས་ཀྱིས་འཚེར་སྣང་མེད་པར་མཉམ་ཞུགས་གནང་དགོས་རྒྱུ།
༡༠) དགེ་རྒན་འཛིན་གྲྭའི་ནང་ཡར་ཞུགས་དུས་དང་མར་ཕེབས་དུས་སློབ་ཕྲུག་རྣམས་ཡར་བཞེངས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང། ཐུགས་རྗེ་ཆེ་ཞུ་དགོས།

    སྒྲིག་གཞི་དེ་དག་ལ་སློབ་ཕྲུག་ཀུན་གྱིས་མིང་རྟགས་བཀོད་དེ་འཛིན་གྲྭའི་སྦྱར་སྤང་གི་ཟུར་ཞིག་ཏུ་སྦྱར་ཏེ། དེ་དག་ཞར་དང་ཞོར་ལ་བཀླགས་ནས་ལག་བསྟར་གནང་དགོས། དེ་སྔ་བཀའ་དྲིན་ཅན་གྱི་ཆོས་རྒྱལ་ལོ་པཎ་རྣམ་པས་ཀྱང་བཀའ་བསྟན་གྱི་སྒྲ་བསྒྱུར་དངོས་སུ་མ་གནང་གོང་། འཆར་གཞི་ལྡན་པའི་ཐོག་སྒྲ་སྦྱོར་བམ་གཉིས་ནང་ཐ་སྙད་གཅིག་གྱུར་གཏན་འབེབས་གནང་བས། ང་ཚོའི་སྒྲ་བསྒྱུར་གྱི་བཀའ་བསྟན་དེ་དག་འཇིག་རྟེན་འདིར་ཆེས་ངོམས་སུ་ཆོག་པ་བྱུང་བ་བཞིན། སྔོན་ཚུད་ནས་འཆར་གཞི་ལྡན་པའི་གྲ་སྒྲིག་མེད་ན་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་ཐབས་མེད་ཅིང། སློབ་འཁྲིད་འཇུག་པོ་དང་གནད་ལ་ཕིགས་པོ་ཞིག་དེ་བས་ཀྱང་མེད།    འཛིན་གྲྭ་འཐུས་ཚང་སྟངས་འཛིན་བྱེད་པར་དགེ་རྒན་ཡ་རབས་བཟང་སྤྱོད་དང་ལྡན་ལ་བཟོད་བསྲན་ཆེ་བ་ཞིག་དགོས། དགེ་རྒན་རྣམས་ལོ་ལྟར་སློབ་ཕྲུག་བརྒྱ་ཕྲག་ལ་སློབ་འཁྲིད་དང་ལམ་སྟོན་བྱེད་མཁན་ཞིག་ཡིན་པས། རང་བཞིན་བཟང་ལ་བཞིན་འཛུམ་བག་དང་ལྡན་ལ། ངག་འཇམ་པ་ཞིག་དགོས། ལྷག་པར་སློབ་ཕྲུག་ཡོངས་ལ་ཉེ་རིང་དང་བྲལ་ཞིང་སྤྱི་སྙོམས་སུ་བལྟ་ཐུབ་པ། ནང་གི་ཀུན་སློང་དང་ཕྱིའི་ལུས་ངག་གི་རྣམ་འགྱུར། ཐ་ན་མིག་གིས་ལྟ་སྟངས་ཡན་ནས་སློབ་ཕྲུག་ཀུན་ལ་གཅིག་མཚུངས་སུ་བལྟ་བའི་མཛའ་བརྩེའི་བསམ་པ་ལྡན་ན། དགེ་རྒན་དེ་སློབ་འཁྲིད་ཀྱི་ཐབས་ལམ་ཞན་ལ། སྨྲ་མཁས་པའི་ངག་རྩལ་མེད་ཀྱང་སློབ་ཕྲུག་ཀུན་གྱིས་དགའ་མོས་ཞུ་ཡུལ་ཞིག་ཏུ་གྱུར་པས། དེར་འཛིན་གྲྭ་སྟངས་འཛིན་བྱེད་པར་དཀའ་ངལ་ཕལ་ཆེར་མེད་སྙམ། དགེ་རྒན་རྣམ་པས་སློབ་ཕྲུག་ཁ་ཉུང་ཤོས་དང་སློབ་སྦྱོང་ཞན་ཤོས་རྣམས་ཀྱི་ཆེད་དུས་ཚོད་མང་ཙམ་གཏོང་ཐབས་བྱ་དགོས། སློབ་ཕྲུག་སློབ་སྦྱོང་ཡག་ཤོས་རྣམས་ལ་དོ་སྣང་ཆེན་པོ་བྱེད་མི་དགོས། ཁོང་ཚོ་རང་མགོ་ཐོན་ངེས་ལགས། འཛིན་གྲྭའི་ནང་སློབ་ཕྲུག་གཤིས་ཀ་འདྲ་མིན་ཡོད་པས་དགེ་རྒན་བཟོད་བསྲན་ཆེ་ཞིང། ངག་འཇམ་པ་དེར་དཀའ་ངལ་མེད་སྙམ། འོན་ཀྱང་མཚམས་རེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐྱེ་བོ་སོ་ཐིགས་ལས། རེ་འགའ་རྩྭ་བཞིན་ཞུམ་པར་བྱ། །རེ་འགའ་མེ་བཞིན་འབར་བར་གྱིས། །རེ་འགའ་གངས་རི་ལྟ་བུར་གནས། །རེ་འགའ་དམག་ལ་བབས་པ་བཞིན། །ཞེས་གསུངས་པ་ལྟར་འཛིན་གྲྭ་སྟངས་འཛིན་མ་བྱེད་ཀ་མེད་དུ་འགྱུར།

    འཛིན་གྲྭ་སྟངས་འཛིན་བྱེད་སྟངས་དེ་སློབ་འཁྲིད་བཟང་ཞན་ཅི་འདྲ་ཞིག་ཏུ་འགྱུར་མིིན་གྱི་གནད་དོན་ཡིན་པས། སྨྲ་མཁས་པའི་ངག་རྩལ་དང་ལྡན་ཞིང་། སློབ་འཁྲིད་ཀྱི་ཐབས་ལམ་གྱིས་ཕྱུག་པའིི་དགེ་རྒན་དེས་འཛིན་གྲྭ་སྟངས་འཛིན་བྱེད་མ་ཐུབ་ན་སུས་ཐུབ། དགེ་རྒན་གྱི་ཁྱད་ཆོས་གལ་འགངས་ཆེ་ཤོས་དེ་ངག་རྩལ་དང་ལྡན་པའི་སྨྲ་མཁས་པའི་ཡོན་ཏན་དེ་ཡིན་མོད། དེའི་སྟེང་དེང་གི་དུས་སུ་སློབ་འཁྲིད་ཀྱི་ཐབས་ལམ་སྣ་ཚོགས་པ་ཞིག་ལྡན་ན་འཛིན་གྲྭ་སྟངས་འཛིན་བྱེད་རྒྱུར་དཀའ་ངལ་མེད་ཅིང། དེའི་སྒང་ལ་མཚམས་རེར་སློབ་ཚན་དངོས་གཞི་འགོ་མ་ཚུགས་གོང་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བོད་དོན་དང་འབྲེལ་བའི་གལ་ཆེའིི་གསར་འགྱུར་རིགས་སྐར་མ་བཞི་ལྔའི་རིང་ངེས་པར་བཤད་དགོས།    དེ་བཞིན་སྐབས་རེར་སློབ་འཁྲིད་ཀྱི་བར་ལ་ཆོབ་དང་མཚར་གཏམ་འདྲ་བཤད་ན་དེ་དག་ཞལ་ལག་གི་མཉམ་སྨན་སྣ་དང་སུར་པན་ལྟ་བུ་ཡིན་པས། དགེ་རྒན་ཀུན་གྱིས་དེ་དག་ལ་དང་དོད་དང་ཐུགས་སྣང་བྱེད་དགོས། རྒན་གྱི་སློབ་འཁྲིད་ཀྱི་སྐད་གདངས་གཅིག་ཁོ་ན་མ་ཡིན་པར་མཐོ་དམའི་འགྱུར་ཁུག་དང་བཅས་པ་བྱུང་ན་དགེ་མཚན་ཆེན་པོ་ཡོད། ཨིན་སྐད་ནང་raise your words not your voice ཞེས་གསུང་སྲོལ་ཡོད་པ་ལྟར་དགེ་རྒན་ཚོས་ཀྱང་རང་ཉིད་ཀྱིས་སྐད་གདངས་ལས་ཐ་སྙད་རྣམས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྐད་གདངས་ཧ་ཅང་ཆེ་ཞིང་ནང་དོན་གང་ཡང་མེད་ཚེ་ཕྱི་རྫིག་ནང་སྟོང་པས་གཟིག་ལྤགས་བཀབ་པའིི་བོང་བུ་ལྟ་བུར་འགྱུར་ཉེན་ཆེ་བས་དེ་ཡང་སྤོང་དགོས་ལ། དེ་བཞིན་ནང་དོན་ཕུན་སུམ་ཚོགས་ཤིང་སྐད་གདངས་ཆེས་ཆུང་ལ་ཉམ་ང་བ་དེ་འདྲ་ཡོད་ཚེ་དེ་ཡང་སྤོང་དགོས། དགེ་རྒན་གྱིས་སློབ་ཕྲུག་གི་ལེགས་ཆ་མཐའ་དག་ལ་ཡང་ཡང་བསྔགས་བརྗོད་ཞུ་དགོས། ཀློག་བཟང་པོ་ཞིག་ཡོད་ན་ཧ་ཅང་ཀློག་བཟང་པོ་འདུག་ཅེས་དང། ཡིག་གཟུགས་ཡག་པོ་ཞིག་ཡོད་ཀྱང་ཡིག་གཟུགས་སྤུས་དག་འདུག་ཅེས་འཛིན་གྲྭའི་ནང་བསྔགས་བརྗོད་ཞུས་ནས་སེམས་ཤུགས་སྤར་དགོས།

    འོན་ཀྱང་། སྐྱོན་དང་ཞན་ཆའི་རིགས་ལ་ངག་འཇམ་པོས་ངང་ཐེར་འདོན་བྱེད་དགོས། འཛིན་གྲྭའིི་ཁོར་ཡུག་དེ་འཇམ་ཐིང་ངེར་ཚོར་སྣང་མེད་པར་ཉན་བསྡད་པ་ཙམ་མིན་པར། མགོ་ལྕོག་ལྕོག། འཛུམ་དམུལ་དམུལ། ཁ་ཚེག་ཚེག མིག་ཟུམ་ཟུམ། འདྲི་རྩད་དང་བཅས་པ་ཞིག་དགོས། དྲི་བ་འདྲི་དུས་ཀྱང་ལག་པ་བརྐྱངས་ཏེ་རྒན་ལགས་ང་ང་ཞེས་སྐད་ཅོར་དང་བཅས་པ་ཞིག་དགོས། སྐབས་འགར་དགོད་སྒྲའིི་སྐད་ཅོར་དང་བཅས་པ་ཞིག་བྱུང་ན་སྐྱིད་པོ་ཡོད། དེ་མིན་ཡིད་སྐྱོོ་ཞིང། སེམས་ཞུམ་ནས་བྱད་བཞིན་བསྡུས་ཏེ་ཡིད་ཐང་ཆད་པ་ཞིག་ཡོད་ན་མ་འགྲིག ༸རྒྱལ་བ་ལྔ་པ་ཆེན་པོས། དགོས་དོན་ཕིགས་སྨྲ་འཚམས་ཤིང་མཛེས་པར་བརྗོོད། །ཅེས་པ་ལྟར་རྒན་ལགས་ཚོས་ཉམས་ལེན་དེ་ལྟར་གནང་དགོས། སློབ་འཁྲིད་ཀྱང་དགེ་རྒན་གྱིས་བཤད་ཀྱང་མིན་པར་སློབ་ཕྲུག་ལའང་བྱེད་སྒོ་མང་དག་དགོས་གལ་དུ་མཐོང་།

སློབ་ཚན་ཙམ་མིན་པར་སྐབས་རེར་སློབ་གསོ་དེའང་འཛིན་གྲྭ་སྟངས་འཛིན་བྱེད་པར་གལ་ཆེ།

    སྤྱིར་བཏང་སློབ་ཕྲུག་ཡོངས་དང་སྒོས་སུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ལྟ་བུར་མཚོན་ན། ཕ་མ་ས་ཐག་རིང་བས་དགེ་རྒན་རྣམས་ཕ་མ་གཉིས་པ་ལྟ་བུར་གྱུར་ཡོད་སྟབས། སྐར་མ་ལྔ་ནས་བཅུའི་བར་སློབ་གསོ་ངེས་པར་བརྒྱག་དགོས། ལྷག་པར་སློབ་ཕྲུག་ཁ་ཤས་ལ་དཀའ་ངལ་འཕྲད་པ་དང། སེམས་མ་སྐྱིད་པ། བློ་ཞུམ་པ། ཡིག་རྒྱུགས་མ་འཕྲོད་པ་བཅས་ཀྱིི་སྐབས་རྒན་གྱི་སློབ་གསོ་དེ་དག་རིན་ཐང་ཆེ། སློབ་ཕྲུག་དེ་དག་ལ་དཀའ་ངལ་གང་འཕྲད་ཀྱང་དེ་དག་ལས་རྣམ་པར་རྒྱལ་ཐུབ་ཅིང། དཀའ་ངལ་དང་སྡུག་བསྔལ་ཇི་ཙམ་འཕྲད་ཀྱང་དེ་དག་ལས་སྙིང་སྟོབས་ཆེན་པོས་གདོང་ལེན་དང་མདུན་སྐྱོད་བྱེད་ཐུབ། བརྩེ་སེམས་ལྡན་པའི་ཕ་མ་དང་བཀའ་དྲིན་ཅན་གྱི་དགེ་རྒན་གཉིས་ཀྱི་སློབ་གསོ་དེ་དག་ཕྲུ་གུའི་ཞུམ་པ་མེད་པའི་སེམས་ཀྱི་སྟོབས་ཤུགས་དང། ཉམས་པ་མེད་པའི་གསོན་ཤུགས་ངོ་མ་དེ་ཡིན་པས་དགོས་མཁོའི་དུས་སུ་ངེས་པར་སློབ་གསོ་བརྒྱབ་དགོས། གཟུ་གནས་བློ་ལྡན་དོོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་དག་ཀྱང་སློབ་ཕྲུག་ཚོར་ངོ་སྤྲོད་བྱ་དགོས། འདི་ལྟར་ལག་བསྟར་ཞུས་ན་འཛིན་གྲྭ་སྟངས་འཛིན་བྱེད་རྒྱུར་དཀའ་ངལ་མེད་སྙམ། ། ། །