བདེ་ཆེན་རྡོ་རྗེ།
གཞི་རིམ་བར་མའི་བོད་དགེ། སྦེལ་ཀོབ་སཾ་བྷོ་ཊ་བོད་སློབ།
རློམ་སེམས་རིང་དོར་མཁས་མང་ཞབས་གཏུགས་ནས། །
ངང་རིང་གཞུང་དྲང་དཀའ་བ་དང་ལེན་གྱིས། །
དབྱངས་གསལ་རི་མོར་བཀོད་མཛད་སཾ་བྷོ་ཊ། །
ཁ་བའི་ལྗོངས་ཀྱི་དགེ་རྒན་དང་པོར་འདུད། །
དགེ་རྒན་ཞིག་ཡིན་པའི་ཆ་ནས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་མི་ཤེས་ཚེ་ཉ་པས་ཉ་འཛིན་སྟངས་མི་ཤེས་པ་དང། ཞིང་པས་ཞིང་འདེབས་སྟངས་མི་ཤེས་པ་ལྟར་རང་གི་དམིགས་ཡུལ་སྒྲུབ་ཐུབ་ཐབས་མེད་པ་སྟེ། ལག་རྡུམ་བྲག་ལ་འཛེགས་པ་ལྟར་དགེ་རྒན་ཞིག་གིས་སློབ་ཁྲིད་ཡོ་བྱད་ཇི་ཙམ་མཁོ་སྒྲུབ་བྱས་ཡོད་ནའང་འདྲ། སློབ་ཁྲིད་བྱེད་པའི་ཀུན་སློང་ཇི་འདྲའི་བཟང་ཡང་རུང། སློབ་ཁྲིད་ཐབས་ལམ་དང་འཆར་འགོད་ཇི་འདྲ་ཞིག་གྲ་སྒྲིག་གནང་ཡོད་ནའང་འདྲ། འཛིན་གྲྭ་སྟངས་འཛིན་བྱེད་མི་ཐུབ་ཚེ་དོན་དངོས་ཀྱི་ལག་ལེན་ལ་རྨོངས་བ་ཡིན་པས་འདོད་བློ་ཁེངས་པའི་གྲུབ་འབྲས་ཤིག་སྨིན་ཐབས་བྲལ། དེར་བརྟེན་འཛིན་གྲྭ་སྟངས་འཛིན་ནི། ཤེས་ཡོན་སྤྲོད་ལེན་གྱི་བརྒྱུད་རིམ་ཁྲོད་ཤིན་ཏུ་ནས་གལ་འགངས་ཆེ་བའི་རིམ་པ་ཞིག་ཡིན།
དགེ་རྒན་ཞིག་གིས་འཛིན་གྲྭ་འཁྲིད་སྐབས་དམིགས་ཡུལ་ནི་སློབ་ཕྲུག་ལ་ཤེས་ཡོན་སྤྲོད་རྒྱུ་དེ་ཡིན་པས། འཛིན་གྲྭ་སྟངས་འཛིན་བྱེད་མི་ཐུབ་ཚེ་སློབ་ཕྲུག་ཚོར་ཤེས་ཡོན་སྤྲོད་མི་ཐུབ་པའི་སྟེང་དགེ་སློབ་གཉིས་ཀར་སེམས་ངལ་འཕར་མ་ཐོབ་རྒྱུ་དང་། རིམ་པས་ཕ་མ་དང་འཛིན་སྐྱོང་བཅས་ལའང་དཀའ་ངལ་འཕྲད་ངེས་རེད། དེ་ལས་ལྡོག་སྟེ་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཤེས་ཚེ་རང་གིས་སློབ་ཕྲུག་ཚོར་ཤེས་ཡོན་གང་སློབ་འདོད་ཡོད་པ་དག་སློབ་ཕྲུག་ཚོས་ཤེས་པ་དང་། དེ་ལ་བརྟེན་ནས་སློབ་ཕྲུག་ཚོའི་བསམ་བློའི་ཆུ་ཚད་དང་། སྒོ་གསུམ་གྱི་ཀུན་སྤྱོད་ཚད་མཐོར་ཕྱིན་པ་དངོས་སུ་མཐོང་བས་སློབ་ཁྲིད་བྱེད་པར་སྔར་བས་ལྷག་པའི་དོ་དབྱིངས་ཆེ་རུ་ཕྱིན་པ་དང་། རང་ཉིད་གནས་སའི་སྤྱི་ཚོགས་དང་ཁོར་ཡུག་ནང་དགེ་རྒན་གྱི་ལས་རིགས་ལ་ཆེ་མཐོང་ཡོད་ཀྱང་རུང་མེད་ཀྱང་རུང་རང་ཉིད་དགེ་རྒན་ཞིག་ཡིན་པར་སྤོབས་སེམས་དང་ཡིད་བློ་ཚིམ་པའི་ཚོར་སྣང་ཤུགས་ཆེན་པོ་ཞིག་ཐོབ་ངེས་ལ། རིམ་པས་དགེ་ལས་གཞན་དང་དེ་བཞིན་ནང་མི་ལྷན་འབྲེལ་བ་ཡང་བཟང་པོ་ཞིག་བསྐྲུན་ཐུབ་ནས་སློབ་ཁྲིད་དང་འབྲེལ་བའི་བྱེད་སྒོ་གང་ཞིག་སྤེལ་དགོས་ཀྱང་དེ་ལ་སུན་སྣང་དང་ངལ་གདུབ་མེད་པ་ཞིག་ཡོང་ཐུབ།
སྐབས་དོན་དངོས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ནི། སྤྱིར་མིའི་སེམས་ནི་རྣམ་གྲངས་ཧ་ཅང་མང་བས་དེ་ལ་ཚོད་འཛིན་དཀའ་བས་འཛིན་གྲྭ་སྟངས་འཛིན་བྱེད་སྐབས་ཀྱང་སེམས་ལྡན་གྱི་སློབ་ཕྲུག་དང་འབྲེལ་བ་ཡོད་སྟབས། འདིར་འཁོད་ཀྱི་ཐབས་ལམ་དག་སྐབས་འགའ་རེར་ནུས་པ་ཐོན་ཀྱང་འགའ་རེར་མི་ཐོན་པ་བྱུང་སྲིད། དེ་བཞིན་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཀྱི་ཐབས་ལམ་ལའང་གྲངས་ངེས་ཅན་ཞིག་ཡོད་མི་དགོས་ལ། དུས་ཀྱི་འགྱུར་བ་དང་མཉམ་དུ་ཐབས་ལམ་གསར་པ་ཁ་སྣོན་བྱེད་བཞིན་མདུན་བསྐྱོད་བྱེད་པ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན།
འཛིན་གྲྭ་སྟངས་འཛིན་ཡང་དག་པ་ཞིག་བྱེད་ཐུབ་པར་ཀུན་གྱིས་མཁྱེན་གསལ་ལྟར་སློབ་ཕྲུག་གི་སེམས་ཁམས་དང་མཐུན་པའི་སློབ་ཚན་འཆར་འགོད་(Lesson Plan)ཞིག་ཡོད་དགོས་ལ། ཡང་དེའི་སྟེང་དུ་སློབ་ཁྲིད་འཆར་འགོད་(Teaching Plan)ཚད་ལྡན་ཞིག་ཀྱང་ཡོད་དགོས། དགེ་རྒན་གྱི་ཉིན་ཐོའི་(Teacher’s Diary)ནང་དུ་སློབ་ཚན་འཆར་འགོད་ཡོད་ཀྱང་ཉིན་རེའི་འཛིན་གྲྭའི་ནང་གི་སློབ་ཁྲིད་འཆར་འགོད་ཞིབ་ཕྲ་འགོད་ཐབས་མེད་པས། ཡིག་ཐོག་ཏུ་མེད་ནའང་བློ་ཐོག་ཏུ་ཚོགས་ཐུན་གཅིག་གི་ནང་དུ་སློབ་ཚན་གྱི་ཚན་པ་གང་སློབ་རྒྱུ་ཡིན་པ་དང། ཐབས་ལམ་ཇི་ལྟར་སློབ་རྒྱུ་ཡིན་པ། དྲི་བ་གང་འདྲི་རྒྱུ་ཡིན་པ། འགྲེལ་བརྗོད་སྐར་མ་ག་ཚོད་བྱ་རྒྱུ་ཡིན་པ། བྱེད་སྒོ་གང་བྱ་རྒྱུ་ཡིན་པ། གལ་ཏེ་སྐར་མ་བཅུ་རིང་གི་འཛིན་རྒྱུགས་བཏང་རྒྱུ་ཡིན་ཚེ་དྲི་ཤོག་དཔར་ལོག་སྔ་ས་ནས་བྱས་པ་ལ་སོགས་པའི་གྲ་སྒྲིག་ཨང་གསར་སྔ་ས་ནས་གནང་རྒྱུ་དེ་རེད།
སྐར་མ་བཞི་བཅུའི་ཚོགས་ཐུན་ཡིན་ཚེ་སྐར་མ་བཞི་བཅུའི་རིང་སློབ་ཕྲུག་རྣམས་ཀྱི་དོ་སྣང་གང་སློབ་ཁྲིད་གནང་བཞིན་པའི་སྟེང་གནས་ཐུབ་ཐབས་བྱེད་པ་ལ་འཛིན་གྲྭ་སྟངས་འཛིན་བྱེད་པ་ཟེར་དགོས་པས། སྐར་མ་བཞི་བཅུའི་རིང་དགེ་རྒན་གྱི་ངོས་ནས་སློབ་ཕྲུག་རྣམས་ཉོབ་སྣང་མི་བསྐྱེད་པའི་ཆེད་ངང་ངམ་ཤུགས་ཀྱིས་དོ་སྣང་བྱེད་ཤོར་བའི་ཡིད་བློ་མགུ་ནུས་པའི་སློབ་ཁྲིད་འཆར་འགོད་གྲ་སྒྲིག་བྱེད་པར་འབད་དགོས། ཡང་དམིགས་ཡུལ་དེ་འདྲ་སྒྲུབ་ཐུབ་པར་འཁྲིད་བྱའི་སློབ་ཚན་ལ་གཞིགས་པའི་བྱེད་སྒོ་སྟེ། མཚུངས་བསྡུར་བྱེད་པའི་བྱེད་སྒོ། རྣམ་དཔྱོད་གོང་སྤེལ་གྱི་བྱེད་སྒོ། དྲན་ཤེས་གོང་སྤེལ་གྱི་བྱེད་སྒོ། དཀའ་ངལ་བསལ་ཐབས་ཀྱི་བྱེད་སྒོ། དག་ཆ་ཡར་རྒྱས་ཀྱི་བྱེད་སྒོ་ལ་སོགས་པ་ལས་གང་འོས་བདམ་པ་དང་། བྱེད་སྒོ་ལའང་སློབ་ཕྲུག་རང་ཉིད་གཅིག་པུས་བྱེད་དགོས་པའི་བྱེད་སྒོ་དང། སློབ་ཕྲུག་གཞན་དང་མཉམ་དུ་བྱེད་དགོས་པའི་བྱེད་སྒོ་ཡོད་པས་སྐབས་ཐོག་གང་འོས་པ་བདམ་གནང་དགོས། སྐར་མ་བཞི་བཅུའི་ནང་དུ་དུས་ཚོད་ཆ་བགོས་ཀྱིས་སློབ་ཚན་གྱི་འགྲེལ་བརྗོད་དང་། དྲི་བ་དྲིས་ལན། འབྲི་རྩལ། བྱེད་སྒོ་བཅས་སྐབས་བབ་དང་བསྟུན་ནས་གནང་ཐུབ་ཚེ་ཚོགས་ཐུན་གྱི་དུས་ཡུན་སྐར་མ་གཅིག་ཀྱང་ཆུད་ཟོས་སུ་མ་ཕྱིན་པ་དང། སློབ་ཕྲུག་རྣམས་ཀྱི་དོ་དབྱིངས་མུ་མཐུད་ནས་གནས་ཐུབ་པ། རང་ཉིད་ཀྱང་ལུས་སེམས་མི་ངལ་བ་སོགས་ཀྱི་ཁེ་ཕན་ཡོད།
དགེ་རྒན་མང་པོ་ཞིག་གིས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་མི་ཤེས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཚོགས་ཐུན་གཅིག་ཆ་ཚང་སློབ་ཚན་འགྲེལ་བརྗོད་གནང་བ་དང་། ཡང་ན་ཀློག་ཏུ་བཅུག་པ། ཡང་ན་འབྲི་རུ་བཅུག་པ་སོགས་གནང་བར་བརྟེན་སློབ་ཕྲུག་ཉོབ་སྣང་བསྐྱེད་དེ་ཅ་ཅོ་སྨྲ་བ་ལ་སོགས་པ་བྱེད་དེ་སྣང་བ་གཡེང་གི་ཡོད་པ་དང། ཡང་སྐབས་རེ་དགེ་རྒན་གྱི་ངོས་ནས་ཚོགས་ཐུན་གཅིག་ནང་དཀའ་ལས་གང་ཐུབ་བརྒྱབས་ནའང་མཐར་སློབ་ཕྲུག་ཚོས་གང་སློབ་ཁྲིད་བྱས་པ་མི་ཤེས་པ་དང་། ད་དུང་དགེ་རྒན་རང་ཉིད་ཐང་ཧ་ཅང་ཆད་པ་འབྱུང་གི་ཡོད་པས། དེ་ནི་སློབ་ཕྲུག་ཚོར་དགེ་རྒན་གྱིས་འགྲེལ་བརྗོད་དང་རོགས་རམ་མ་བྱེད་ན་སློབ་ཕྲུག་རང་ངོས་ནས་ཤེས་མི་ཐུབ་པའི་སྣང་བ་མཐུག་པོ་ཞིག་འཇགས་ཡོད་པས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་དགེ་རྒན་རང་ངོས་ནས་འཛིན་གྲྭའི་ནང་ཆ་ཚང་གནང་སྟེ་སློབ་ཕྲུག་ཚོར་བྱེད་རྒྱུ་གང་ཡང་མ་ལྷག་སྟབས་སློབ་ཕྲུག་རྣམས་འཛིན་གྲྭ་དེའི་ནང་འབྲེལ་མེད་ལྟ་བུའི་ཚོར་བ་ཤུགས་ཆེ་སླེབས་ཉེན་ཡོད་པས། འཛིན་གྲྭའི་ནང་དགེ་རྒན་ཚོས་སློབ་ཕྲུག་ཕན་ཚུན་སློབ་ཚན་འགྲེལ་བརྗོད་བྱེད་བཅུག་པ་དང། སློབ་ཕྲུག་རང་ངོས་ནས་སམ་གཞན་དང་གྲོས་བྱེད་དེ་དཀའ་ངལ་དང་དྲི་བ་ལ་སོགས་པའི་ལན་འཚོལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཚེ་དགེ་རྒན་སོ་སོ་ལུས་སེམས་མི་ངལ་བ་དང་། སློབ་ཕྲུག་ཡིན་ནའང་ཚོགས་ཐུན་དེ་ལས་ལེན་དགོས་པའི་སློབ་སྐྱེད་རྣམས་ཐོབ་པ། མདོར་ན་ངལ་རྩོལ་ཉུང་ཡང་གྲུབ་འབྲས་མང་བ་འཐོབ་ཐུབ་པ་ཡིན།
འཛིན་གྲྭ་སྟངས་འཛིན་བྱེད་སྐབས་དཀའ་ངལ་ཆེ་ཤོས་གཅིག་ནི་སློབ་ཁྲིད་བྱེད་སྐབས་དོ་སྣང་མི་སྤྲོད་པ་གང་ཞིག གཞན་སློབ་ཕྲུག་ཚོའི་དོ་སྣང་དཀྲུག་སྟེ་འཛིན་གྲྭར་བར་ཆད་བྱེད་པའི་སློབ་ཕྲུག་རེ་ཟུང་དག་ཡིན། སེམས་ནང་འཇོག་དགོས་པ་གཅིག་ནི་སློབ་ཕྲུག་དེ་རིགས་ཀྱིས་འཛིན་གྲྭའི་ནང་བར་ཆད་བསམ་བཞིན་དུ་བྱེད་ཀྱི་མེད་པས་དེ་དག་ལ་ཉེས་པ་ནམ་ཡང་གཏོང་རྒྱུ་མེད། དེ་མིན་ཉེས་མེད་ཉེས་ཆད་བཀལ་བར་བསམས་ཏེ་སེམས་ནང་འཁོན་འཛིན་གྱི་རྨ་ཁ་ཆེན་པོ་བཟོ་ཉེན་ཡོད། ཡང་སློབ་ཕྲུག་དེ་དག་འདི་འདྲའི་བྱ་སྤྱོད་བརྩམས་པའི་རྒྱུ་རྐྱེན་ལོ་མང་སྔོན་གྱི་སློབ་གྲྭའི་ཁོར་ཡུག་དང་། ནང་གི་གནས་སྟངས་ལ་སོགས་གང་ཡང་ཡིན་སྲིད་པས། དཀའ་ངལ་དེ་དག་བསལ་བ་སླ་མོ་ཞིག་རྩ་བ་ནས་མིན།
སློབ་ཕྲུག་དེ་རིགས་སྟངས་འཛིན་བྱེད་པའི་ཐབས་ལམ་ཡོངས་གྲགས་ནི། མདུན་གྲལ་དུ་སྡོད་བཅུག་པ་དང། སློབ་ཕྲུག་དྲག་གྲས་དང་མཉམ་དུ་སྡོད་བཅུག་པ། སློབ་ཁྲིད་བྱེད་སྐབས་ཡང་སེ་དྲི་བ་བཏང་བ་སོགས་ཡིན། འོན་ཀྱང་འཛིན་གྲྭའི་ནང་སློབ་ཕྲུག་དེ་དག་སྟངས་འཛིན་མཐར་ཕྱིན་པ་བྱེད་ཐུབ་པར་འཛིན་གྲྭའི་ཕྱིའི་བྱེད་སྒོ་དག་ལ་ཤུགས་ཆེར་རག་ལས་ཡོད། དཔེར་ན་བར་གསེང་སྐབས་སུའམ་འཛིན་གྲྭ་གྲོལ་རྗེས་སློབ་ཕྲུག་དེ་དག་ལ་ཟུར་དུ་འཛིན་གྲྭ་ཁྲིད་པའི་ལམ་ནས་འཛིན་གྲྭའི་ནང་དོ་སྣང་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་ཞིབ་འཇུག་བྱེད་པ་དང། ཡང་སློབ་ཕྲུག་དེའི་སེམས་ནང་དགེ་རྒན་ཚོས་ནུས་པ་ཡོད་ཚད་བཏོན་ནས་སློབ་ཕྲུག་གི་ཤེས་ཡོན་གོང་མཐོར་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་པ་བྱེད་པ། དེ་བཞིན་སློབ་ཕྲུག་དེའི་ཁྱིམ་དུ་ཕ་མ་གཉིས་ཀྱིས་ལྟ་རྟོག་རན་པོོ་གནང་གི་མེད་ཚེ་ཕ་མ་གཉིས་དང་འབྲེལ་བ་གནང་སྟེ་ལམ་སྟོན་གནང་བ་སོགས་ཡིན། བརྒྱུད་རིམ་འདིའི་ཁྲོད་སློབ་གྲྭའི་མདུན་ལམ་སློབ་སྟོན་པའི་ཕྱག་རོགས་ལེན་ཐུབ་ཚེ་ཧ་ཅང་ཕན་རླབས་ཆེ་བ་ཡོང་ངེས་ཡིན།
དེ་བཞིན་སློབ་ཕྲུག་དེ་དག་ཤེས་ཡོན་ཞན་པ་དང་ཀུན་སྤྱོད་ངན་པ་སོགས་ཇི་ལྟར་ཡོད་ནའང། དེ་དག་གི་རྒྱུད་ལ་བཟང་བའི་ཆ་རེ་གཉིས་ཡོད་ངེས་ཡིན་ཏེ། དཔེར་ན་རྩེད་མོ་དང་གླུ་གཞས། ཞབས་བྲོ་དང་རི་མོ་སོགས་གང་རུང་ལ་མཁས་པ་ལྟ་བུ་ཡིན། སློབ་གྲྭའི་བྱེད་སྒོ་དང་། འདུ་འཛོམས་སྐབས་སློབ་ཕྲུག་དེ་དག་གིས་རྩེད་མོ་དང་ཞབས་བྲོ་སོགས་ཡག་པོ་འཁྲབས་པར་འཛིན་གྲྭའི་ནང་དུ་བསྟོད་བསྔགས་གཏོང་བ་དང་། ཡང་སློབ་ཕྲུག་དེ་དག་རི་མོའི་དགེ་རྒན་ནམ། ཟློས་གར་དགེ་རྒན། ཡང་རྩེད་མོའི་དགེ་རྒན་སོགས་སུ་ལ་དགའ་མོས་ཡོད་ནའང་དགེ་རྒན་དེ་དང་འབྲེལ་བ་གནང་སྟེ་སློབ་ཕྲུག་དེ་རིམ་པས་སློབ་སྦྱོང་ལ་དོ་སྣང་སླེབས་ཐུབ་པ་ཞིག་བྱེད་དགོས།
མི་སུ་འདྲ་ཞིག་ཡིན་ནའང་རྟག་ཏུ་སྐྱོན་བརྗོད་རྐྱང་བྱེད་པ་ལས་སྐབས་སྐབས་སུ་བསྟོད་བསྔགས་གཏོང་ཚེ་ཡར་རྒྱས་ཆེ་བ་འགྲོ་བ་ནི་ཡོངས་གྲགས་ཡིན་ལ། དེ་ལས་གལ་ཆེ་བ་ནི་མི་དེའི་སེམས་ནང་གི་བསམ་ཚུལ་ལམ་འཆར་གཞི། ཚོར་བ་སོགས་ལ་ངང་རྒྱུད་རིང་པོས་ཉན་ཏེ་བསམ་ཤེས་བྱེད་པ། མི་དེ་ལ་ཡིད་ཆེས་བློས་བགེལ་བྱེད་པ་སོགས་གནང་ཚེ་མི་དེ་ལ་གནམ་སའི་འགྱུར་བ་ཕྱིན་རྒྱུ་ཡོད་པས། སློབ་ཕྲུག་དེ་དག་ལའང་དགེ་རྒན་རྣམ་པས་ཡིད་ཆེས་གནང་བ་དང། ཁོང་ཚོའི་དཀའ་ངལ་ལ་གསན་བསམ་གནང་བ་སོགས་ཀྱི་ལམ་ནས་གདིང་ནས་འགྱུར་བ་སླེབས་ཐུབ་པ་ཞིག་གནང་སྟེ་འཛིན་གྲྭ་སྟངས་འཛིན་གནང་ཐུབ་པ་ཞིག་གནང་དགོས།
ཡང་འཛིན་གྲྭའི་བཀོད་སྒྲིག་སྟེ་གྱང་སྦྱར་འདྲ་མིན་སྦྱར་བ་དང་། སློབ་ཁྲིད་ཡོ་བྱད་སྣ་མང་སྒྲིག་གཤོམ་བྱེད་ཚེ་འཛིན་གྲྭ་སྟངས་འཛིན་ལེགས་པ་བྱེད་ཐུབ་པའང་ཡོད། ལྷག་པར་དུ་འཛིན་གྲྭའི་སློབ་ཕྲུག་ཕན་ཚན་བར་གཅིག་གིས་གཅིག་ལ་ཡིད་ཆེས་དང་། བསམ་ཤེས་སོགས་ཡོད་པའི་འབྲེལ་བ་བཟང་པོ་ཞིག་ཚུགས་ཐུབ་པ་གནང་ཚེ་སློབ་ཕྲུག་རྣམས་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ནས་འཛིན་གྲྭའི་སྐབས་གཞན་ལ་བར་ཆད་མི་བྱེད་པ་དང་། སློབ་ཕྲུག་གཅིག་གིས་དྭོགས་འདྲི་བྱེད་ཚེ་དེ་ལ་འཕྱ་སྨོད་མི་བྱེད་པ་སོགས་ཀྱི་ཁེ་ཕན་ཡོད།
མཐར་འཛིན་གྲྭ་སྟངས་འཛིན་བྱེད་ཐུབ་པའི་ཆ་རྐྱེན་གལ་ཆེ་ཤོས་ནི་དགེ་རྒན་རང་ཉིད་ཀྱི་རང་བཞིན་ནམ་སྒོ་གསུམ་གྱི་ཀུན་སྤྱོད་ཡིན་ཏེ། དཔེར་ན། དགེ་རྒན་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་ལེགས་ཉེས་སམ། ཀུན་སྤྱོད་བཟང་ངན། རྣམ་འགྱུར་ཡག་སྡུག ཐ་ན་བུ་དང་བུ་མོའི་དབར་ཉེ་རིང་མི་གནང་བར་ཚང་མར་གཅིག་མཚུངས་ལྟ་བ་དང་། དེ་བཞིན་ནང་ལས་དུས་ཐོག་ཏུ་ཞུ་དག་གཏོང་བ་དང། ཡིག་རྒྱུགས་སྐབས་དྲང་པོ་དྲང་བཞག་སྐར་ཨང་སྤྲོད་པ། ཡིག་རྒྱུགས་དྲི་ཤོག་ཚད་ལྡན་བཟོ་གནང་བ། སློབ་ཁྲིད་གལ་ཆེ་རྩིས་པ་སོགས་ཀྱི་བརྒྱུད་ནས་སློབ་ཕྲུག་ཚོའི་བློ་ངོར་རང་ཉིད་དགེ་རྒན་ཡང་དག་པ་ཞིག་ཡིན་པའི་ལྟ་ཚུལ་འཇགས་ཐུབ་པ་གནང་ཐུབ་ཚེ་འཛིན་གྲྭ་སྟངས་འཛིན་བྱེད་པར་དཀའ་ངལ་དེ་ཙམ་མི་འཕྲད་པ་ཐག་ཆོད་པོའི་ཐོག་བརྗོད་ཐུབ།
མཐར་དགེ་རྒན་ཞིག་ཡིན་པའི་ཆ་ནས་འཛིན་གྲྭ་སྟངས་འཛིན་བྱེད་སྐབས་སེམས་ཤུགས་མི་ཆག་པར་ངང་རྒྱུད་རིང་པོས་ཐབས་ལམ་གསར་པ་ལག་བསྟར་གནང་སྟེ་སློབ་ཕྲུག་དག་གི་སེམས་རྒྱུད་ལ་འགྱུར་བ་ཕྲན་བུ་ཞིག་ཡོང་བར་འབད་གང་ཐུབ་གནང་དགོས་ལ། ཐ་ན་ཕྱི་སྟོན་ཐོག་གི་འབྲས་བུ་སྨིན་པར་ཟླ་བ་ནས་ལོ་འགོར་བཞིན་མཆིས་ན། རིན་ཆེན་མིའི་སེམས་འགྱུར་བ་འགྲོ་བར་ལོ་ནས་ལོ་འགོར་ཡང་དེ་ཙམ་ཧང་སང་མི་དགོས་ཏེ། སོར་མོའི་ཕྲེང་བས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད་རྗེས་སེམས་བཏུལ་ནས་དགྲ་བཅོམ་གྱི་གོ་འཕང་ཐོབ་པ་ལྟར་ཡིན། དེ་ལས་ལྡོག་སྟེ་ལན་འགའ་འབད་བརྩོན་བྱས་རྗེས་འུ་ཐུག་ནས་སློབ་ཕྲུག་ཆེ་གེ་མོ་ཞིག་ལ་ད་ཁྱོད་འགྱུར་བ་འགྲོ་རྒྱུ་མ་རེད། ཁྱོད་ལྐུག་པ་ཆགས་ནས་ལྷག་གི་རེད་ལྟ་བུ་ཚིག་ངན་འདྲ་མིན་སྨྲས་ཚེ་སློབ་ཕྲུག་དེས་དགེ་རྒན་གྱིས་གང་གསུངས་པ་ཚད་མར་བཟུང་ནས་བློ་ཞུམ་པ་དང་། གཉའ་ཆག་ནས་བྱ་བ་གང་ཡང་བྱེད་པའི་གདེང་ཚོད་མེད་པར་འགྱུར་ཉེན་ཡོད་པས། ངང་རྒྱུད་རིང་པོས་འཛིན་གྲྭ་སྟངས་འཛིན་བྱེད་པའི་ཐབས་ལམ་ཇི་ཙམ་ལག་བསྟར་གནང་དགོས་ཀྱང་དེ་ལ་ངོ་ཚ་མཚེར་སྣང་གནང་མི་དགོས་ཀྱང། ཁོང་ཁྲོ་དང་ངང་ཐུང་གི་དབང་དུ་ཤོར་ནས་སློབ་ཕྲུག་སུ་རུང་གི་སེམས་ཤུགས་བཅག་པའི་ཚིག་གི་དུག་མདའ་འཕེན་ཚེ་དེ་ནི་དོན་དངོས་ཀྱི་ངོ་ཚའི་གནས་ཡིན་པས། དགེ་རྒན་རྣམ་པས་ངང་རིང་བཟོད་བསྲན་གནང་གལ་ཧ་ཅང་ཆེ་བ་ཡིན།
དེ་ལྟར་དགེ་རྒན་ཞིག་གིས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་སྐོར་རང་གི་ཉམས་མྱོང་དང་ཚོར་སྣང་ལ་གཞི་བཅོལ་ཏེ་ཡིག་ཐོག་ཏུ་ཕབ་པ་འདི་ཉིད་ཀྱང་ངོས་རང་གཅིག་པུའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཞིག་མིན་པར། ངེད་ཀྱི་ཕྱག་རོགས་དགེ་རྒན་གཞན་རྣམ་པ་ཚོ་དང་སློབ་ཁྲིད་ཐབས་ལམ་དང་། འཛིན་གྲྭ་སྟངས་འཛིན་བྱེད་སྟངས་སྐོར་གྲོས་མོལ་ཡང་ཡང་གནང་སྟེ་ཁོང་རྣམ་པ་ཚོའི་ས་ནས་ལེགས་སྐྱེས་མི་ཉུང་བ་ཞིག་ཐོབ་པའི་བཀའ་དྲིན་གྱིས་ཀྱང་ཡིན། དེར་བརྟེན་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོར་ཤེས་ཡོན་ཤེས་པ་བཟོས་པ་ལ་ཐོག་མར་སློབ་ཕྲུག་གི་རྒྱུད་ལ་ཤེས་བྱ་གསར་པ་ཤེས་འདོད་ཀྱི་བློ་བསྐྲུན་དགོས་པས། དགེ་རྒན་རང་ཉིད་ཀྱིས་ཀྱང་ཁེངས་དྲེགས་སྤངས་ཏེ་རང་ལས་ལོ་ཆུང་བའམ་གོ་ས་དམའ་བ་ཚོ་དང་ལྷན་དུའང་བསམ་ཚུལ་བརྗེ་ལེན་གྱིས་གནས་ཚུལ་གསར་པ་ཤེས་གང་ཐུབ་གནང་བའི་སྒོ་ནས་སློབ་ཕྲུག་ཚོར་ཤེས་འདོད་ཀྱི་བློ་ཡོད་དགོས་པ་ངག་ཐོག་ནས་བརྗོད་པ་ཙམ་མིན་པར་དོན་ལག་ལེན་གྱི་ཐོག་ནས་དམིགས་དཔེ་སྟོན་ཐུབ་ཚེ་ཕན་རླབས་ཆེ་བ་ཡོད་པ་ནི་སྨོས་མི་དགོས་པ་ཡིན།
ཡུལ་གྱར་བོད་ཕྲུག་གཞན་དྲིང་མི་འཇོག་པར། །
གནའ་དེང་རིག་པའི་གདབ་གཤོག་གཉིས་ལྡན་པ། །
གང་གི་ཐུགས་རྗེའི་བྱིན་མཐུ་ལས་བྱུང་བའི། །
༸ སྐྱབས་མགོན་༸རྒྱལ་བའི་དབང་པོ་ཞབས་བརྟན་ཤོག། །
ད་བར་དཔྱད་མཆན་མེད།