འགྱུར་མེད་ཚེ་རིང་།
བོད་དགེ། ལ་དྭགས་བོད་ཁྱིམ།
ཐ་སྙད་ལ་བསམ་པ།
རང་རེའི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་སྐབས་དོན་གང་གླེང་བར་བྱ་བའི་དོན་གང་དེར་མཚོན་བྱེད་ཐ་སྙད་འབོད་སྲོལ་གཅིག་ཏུ་སོང་བ་ཞིག་མི་འདུག གཞིས་ཀྱི་སློབ་གྲྭའི་སྤྱི་ཚོགས་ཕལ་ཆེ་བས་སྦྱོང་ཚན་ཞེས་ཡོངས་ཁྱབ་སྤྱོད་སྲོལ་ཆགས་ཡོད་འདུག་ནའང་། རང་རེའི་བྱེས་འབྱོར་བོད་ཕྲུག་རྣམས་ཀྱི་སློབ་གྲྭའི་སྤྱི་ཚོགས་ནང་། སྔོན་ཆད་ནང་ལས་ཞེས་དང་། དེང་ནང་སྦྱོང་ཞེས་ཐ་སྙད་སྤྱོད་ཕྱོགས་ཐད་ངེས་གཏན་ཆགས་མ་ཐུབ་པའི་འཕོ་འགྱུར་གྱི་རིམ་པ་ཞིག་བརྒྱུད་དགོས་བྱུང་བའི་རྣམ་པ་ཞིག་སྣང་རྒྱུ་འདུག ནང་ལས་ནི་ཨིན་ཇིའི་ཐ་སྙད་(Home Work)ཞེས་པ་དེ་ཐད་བསྒྱུར་གནང་བའི་རྣམ་པ་མངོན་པས། དེས་བརྗོད་བྱའི་དོན་མཚོན་པའི་ནུས་པ་གའུ་ཁ་སྦྱོར་ལྟ་བུ་བྱུང་ཡོད་མེད་ཀྱི་གནས་སྟངས་རིམ་པར་ཉམས་མྱོང་ལག་བསྟར་ལས་ཤེས་རྟོགས་བྱུང་རྗེས། གུས་རང་ཉིད་ཚུད་པའི་ལས་རོགས་མང་པོས་ནང་ལས་ལས་ནང་སྦྱོང་ཞེས་པའི་ཐ་སྙད་འདི་བློར་འཐད་པ་དང་སྤྱོད་སྙིང་གི་འདུན་པས། མདུན་གྱི་སློབ་མ་རྣམས་ལ་ནང་སྦྱོང་ཞེས་པའི་ཐ་སྙད་འདི་འཇགས་ཐབས་གཙོ་འདོན་བྱེད་འདུག རང་རེའི་བྱེས་འབྱོར་བོད་མིའི་སློབ་གྲྭའི་ནང་སྦྱོང་ཚན་ནི། སློབ་དེབ་ཀྱི་སློབ་ཚན་རེ་རེ་རྫོགས་མཚམས། སློབ་ཚན་གྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ལས་གཙོ་བོ་བརྗོད་བྱ་གཞི་རྩར་བཟུང་ནས་བསྒྲིགས་པའི་དྲི་བའི་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་གོ་བ་དང་། ནང་སྦྱོང་ནི་ཉིན་མོའི་སློབ་ཕྲུག་ཅིག་ལ་མཚོན་ན་ཕ་མའི་ཁྱིམ་དང་། གཏན་སློབ་ཀྱི་སློབ་མ་ཞིག་ལ་མཚོན་ན་སྡོད་ཁང་སོགས་ཀྱི་ནང་ལ་བྱ་རྒྱུའི་སློབ་ཚན་དང་འབྲེལ་བའི་ལས་བྱ་རྣམས་ལ་གོ་དགོས། གཞི་རིམ་བར་མ་བར་གྱི་སློབ་མ་རྣམས་ལ་ནང་སྦྱོང་སྐུལ་མཁན་གཙོ་བོ་དགེ་རྒན་ཡིན་དགོས་ཀྱང་། གཞི་རིམ་བར་མ་རྗེས་ཀྱི་སློབ་མ་ཚོས་རང་གིས་རང་ལ་སྐུལ་ནས་སློབ་ཚན་གྱི་ནང་སྦྱོང་གཞན་ནས་བཙལ་ཏེ་བྲི་རྒྱུའི་གོམས་གཤིས་འགོ་འཛུགས་དགོས་པ་ཡིན། སྤྱིར་ནང་སྦྱོང་ནི་སློབ་ཕྲུག་གིས་སློབ་སྦྱོང་གི་འདུན་པ་རྒྱུན་བསྲིངས་ཐུབ་ཐབས་ལ་དམིགས་ནས་སྐུལ་གྱི་ཡོད།།
ནང་སྦྱོང་ཇི་ལྟར་སྐུལ་དགོས་སམ། མདོར་བསྡུས་ནས་བཤད་ན། སློབ་མར་ནང་སྦྱོང་སྐུལ་བའི་དུས་ནི་གཉིས་ཏེ། སློབ་དུས་ཀྱི་སྐབས་དང་། སློབ་དུས་མ་ཡིན་པའི་དབྱར་གནང་དང་དགུན་གནང་གི་སྐབས་གཉིས་ཡིན། དབྱར་གནང་དང་དགུན་གནང་གཉིས་སུ་སློབ་མར་གུང་སེང་གི་དུས་ཡུན་ཅུང་རིང་བས། ཐད་ཀར་བསླབ་རྒྱུའི་སློབ་ཚན་དང་འབྲེལ་བ་ཡོད་པའི་ནང་སྦྱོང་སྐུལ་ན་ཆོག་ལ་ཐད་ཀར་འབྲེལ་བ་མེད་པའི་སྤྱིར་བཏང་གི་ཤེས་བྱ་དང་། སྐད་ཡིག་གི་ཆུ་ཚད་ཡར་རྒྱས་ལ་དམིགས་པའི་ནང་སྦྱོང་སྐུལ་ནའང་མ་འཚམ་པ་མི་འདུག །
སློབ་དུས་ཀྱི་སྐབས་སུ་དགེ་རྒན་གྱིས་རང་གི་སློབ་མར་སྐུལ་བའི་ནང་སྦྱོང་དེ་ངེས་པར་བསླབས་ཟིན་སློབ་ཚན་གྱི་ནང་དོན་དང་འབྲེལ་བ་ཡོད་ཐོག བསླབས་ཟིན་སློབ་ཚན་གྱི་བརྗོད་བྱ་རྗོད་བྱེད་གཉིས་ལ་གོ་རྟོགས་རྒྱ་བསྐྱེད་གཏང་རྒྱུ་དང་། གཏིང་ཟབ་ཏུ་གཏང་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་དགོས། དེ་ལྟ་བུ་ཞིག་མེད་ཚེ་ནང་སྦྱོང་མ་སྐུལ་ནའང་ཆོག ཡང་ཅི་ནས་ཀྱང་མནོ་བསམ་བྱ་དགོས་པ་གཞན་ཞིག་ལ། ཁྱེད་ཉིད་འཛིན་རིམ་བརྒྱད་པའི་འཛིན་ཁང་སྡེ་ཚན་བཞི་ཡོད་པ་དེ་དག་ཐམས་ཅད་ལ་བོད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་ཡིན་ན། འཛིན་གྲྭ་སོ་སོའི་རྣམ་དཔྱོད་དང་འཇོན་ནུས་ལ་གཞིགས་ནས་ནང་སྦྱོང་སྐུལ་ཐུབ་ན་དགེ་མཚན་ཆེ། དེ་ཡང་དགེ་མཚན་ཅི་དང་གང་ཞིག་ཡོད་དམ་ཞེ་ན། སློབ་མ་ནང་ཕན་ཚུན་བར་ནང་སྦྱོང་ལེབ་བཤུས་བྱེད་པའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་རྣམས་ཉུང་དུ་གཏོང་ཐུབ་པ་མ་ཟད། སྐབས་རེར་ཕན་ཚུན་ལེབ་བཤུས་བྱས་ནའང་། དགེ་རྒན་གྱིས་རྟོག་ཞིབ་གནང་སྐབས་ངོས་འཛིན་ལམ་སེང་ཐུབ་ཀྱི་མེད་སྟབས། འཛིན་གྲྭ་སོ་སོར་ནང་སྦྱོང་མི་གཅིག་སྣ་ཚོགས་བསྐུལ་ན་དཀའ་ངལ་དེ་ཡང་ཉུང་དུ་གཏོང་ཐུབ་པའི་དགེ་མཚན་ཡོད། དེ་དང་ཕྱོགས་མཚུངས་དགེ་མཚན་གཞན་ཞིག་ལ། སློབ་ཕྲུག་དོ་བདག་སོ་སོར་མཚོན་ན། ནང་སྦྱོང་བྱ་རྒྱུར་སྤྲོ་སྣང་འཕེལ་བ་དང་། གང་བྱས་པའི་ནང་སྦྱོང་གི་བརྒྱུད་ནས། སློབ་མའི་གོ་རྟོགས་ཀྱི་ཆུ་ཚད་དང་། ཡར་རྒྱས་ཀྱི་ཕྱོགས་གང་ཡིན་གསལ་རྟོགས་ཐུབ་ངེས་ཡིན། །
ནང་སྦྱོང་སློབ་མའི་ཁུར་བོར་འགྱུར་མི་ཆོག སློབ་མར་ནང་སྦྱོང་མང་དྲགས་ན། སློབ་སྦྱོང་ལ་སྤྲོ་སྣང་བརླག་ཉེན་ཡོད། མང་ཉུང་འོས་འཚམ་ཅན་ཞིག་དང་། སློབ་མའི་སློབ་སྦྱོང་ཕྱོགས་ཀྱི་སྤྲོ་སྣང་མི་བརླག་པའི་ནང་སྦྱོང་ཞིག་ཡོང་ཐབས་སུ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམས་འབྲེལ་བ་བཟང་པོ་དགོས། སློབ་ཚན་བྱེ་བྲག་གཅིག་གི་ནང་སྦྱོང་མང་པོ་ཆགས་ཀྱི་ཡོད་ན། འབྲེལ་ཡོད་དགེ་རྒན་དེས་དགེ་རྒན་གཞན་རྣམས་ལ་ཐད་ཀར་འབྲེལ་བ་བྱས་ནས། སློབ་ཚན་གཞན་དང་གཞན་གྱིས་ནང་སྦྱོང་མི་བསྐུལ་རྒྱུའི་འབོད་སྐུལ་བྱེད་དགོས། མ་གཞི་ནས་དགེ་རྒན་རྣམས་ཀྱིས་སློབ་མར་ནང་སྦྱོང་སྐུལ་སྐབས། ཁ་ཤས་ཀྱིས་བྲི་རྒྱུའི་ནང་སྦྱོང་བསྐུལ་གྱི་ཡོད་ན། ལ་ཤས་ཀྱིས་བཀླག་རྒྱུའི་ཕྱོགས་དང་། ལ་ལས་མཉན་རྒྱུའི་ནང་སྦྱོང་བསྐུལ་དགོས། གཅིག་གིས་བྲི་རྒྱུ་ཡིན་ན་ཀུན་གྱིས་བྲི་རྒྱུ་དང་། མཉན་རྒྱུ་ཡིན་ན་ཀུན་གྱིས་མཉན་རྒྱུ་བསྐུལ་ན། སློབ་མ་ངལ་བའི་རྒྱུ་རུ་འགྱུར་ཉེན་ཡོད་པས། དེ་རིགས་མ་སྐུལ་ན་མཆོག་ཡིན། །
ནང་སྦྱོང་གཅིག་གིས་དོན་གཉིས་ཙམ་གྲུབ་ཐབས་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེ། དཔེར་ན་སློབ་མར་བརྗོད་པ་བྲི་རྒྱུའི་ནང་སྦྱོང་བསྐུར་གྱི་ཡོད་ན། མཉམ་དུ་ཡིག་གཟུགས་ལ་དོ་སྣང་དགོས་པའི་ནང་སྦྱོང་སྐུལ་ཐུབ་ན། གཅིག་གོ་ཉིས་ཆོད་ལྟ་བུ་བྱས་ཐུབ་པ་ཡིན། དེ་མིན་སློབ་ཕྲུག་མང་པོས་གང་སྐུལ་བའི་ནང་སྦྱོང་དེ་རང་ལ་བློ་གཏད་ནས། ཡིག་གཟུགས་དང་། དག་ཆ། ཁྲིད་ཟིན་སློབ་ཚན་རྣམས་ལ་ཐུགས་སྣང་ཙམ་ཡང་མི་གནང་བའི་བྱ་བྱེད་ཀྱི་རིགས་ནི། ཀུན་གྱིས་གཟབ་དགོས་པ་ཞིག་ཡིན། དེ་ལྟར་ཡོང་བར་དགེ་རྒན་གྱིས་སློབ་མར་ནང་སྦྱོང་སྐུལ་སྐབས་དོ་ནན་ཏིག་ཏིག་བྱས་ནས་མངགས་ཆ་བྱ་དགོས་པ་དེ་ཤིན་ཏུ་གལ་ཆེ།།
ནང་སྦྱོང་ནམ་ཡང་སྐུལ་མི་ཉེན་པའི་དུས། ནང་སྦྱོང་སྐུལ་མ་ཤེས་ན་སློབ་མའི་སེམས་ཁམས་ལ་གནོད་ཆེ་བས། དགེ་རྒན་ཚོས་དེའི་ཕྱོགས་ལ་མནོ་བསམ་ཏན་ཏན་བྱ་དགོས་པ་ཡིན། རང་རེའི་སྤྱི་ཚོགས་ཀྱི་སློབ་མ་ཕལ་ཆེ་བ་གཏན་སློབ་ཀྱི་སློབ་མ་ཡིན། ཁོང་ཚོས་ལོ་གཅིག་ནང་གི་ཟླ་བ་བཅུ་མ་ཟིན་ཙམ་གྱི་རིང་སློབ་གྲྭའི་ཁོ་ར་ཁོར་ཡུག་གི་ནང་ལ་བསྡད་ནས་ཕ་མ་དང་སྤུན་མཆེད་ཀྱི་མཉམ་ལ་མཉམ་གཤིབ་མཉམ་སྡོད་བྱ་རྒྱུའི་གོ་སྐབས་དགོས་དབང་གིས་བརླག་པ་ལྟ་བུ་ཆགས་ཡོད། སློབ་མ་དེ་རིགས་ལ་ཉིན་བཅུའི་དབྱར་གནང་གི་སྐབས་སློབ་ཚན་གྱི་དགེ་རྒན་རྣམས་ཀྱིས་བྲི་རྒྱུ་དང་བཀླག་རྒྱུ། བློ་འཛིན་དགོས་པའི་རིགས་མང་པོ་སྐུལ་ན། སློབ་མ་དང་དགེ་རྒན་གཉིས་ཀྱི་འབྲེལ་ཟམ་ལ་སྐྱོན་ཆག་ཐེབས་པ་དང་། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བརླག་པ། གུང་སེང་གི་སྐབས་ལ་ཕ་མ་དང་བུ་ཕྲུག་རྣམས་སྤྲོ་སྣང་དང་དགའ་དགའ་སྐྱིད་སྐྱིད་བྱ་རྒྱུ་ལས་ལྡོག་སྟེ། སེམས་ཁྲེལ་ལུ་གུ་བརྒྱུད་དུ་བྱ་དགོས་པའི་གནས་སྟངས་དེས་ཀུན་གྱི་ལུས་སེམས་གཉིས་ལ་དོ་ཕོག་ཆེན་པོ་ཡོད། དེས་ན་བདག་དང་ལས་དབང་གཅིག་པའི་དགེ་རྒན་རྣམས་ཀྱིས་ཅི་ནས་ཀྱང་དགོངས་པ་བཞེས་ཐུབ་ན་བཟང་སྙམ། །
དེ་བཞིན་བོད་མིའི་སྒེར་ལངས་ཀྱི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་། ༸རྒྱལ་བའི་སྐུའི་འཁྲུངས་སྐར་དུས་ཆེན། ཀུན་གྱིས་མཆོད་མཇལ་ལ་བསྐྱོད་པའི་ས་ཟླའི་ཚེས་བཅོ་ལྔ། སློབ་གྲྭ་སོ་སོའི་དབྱར་སྐྱིད་ཀྱི་དུས། ས་གནས་སུ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཆིབས་སྒྱུར་དང་གསུང་ཆོས་ཀྱི་སྐབས། ཡིག་ཚད་ཉེ་འགྲམ་གྱི་སྐབས་སོགས་ལ་སློབ་མར་འབྲི་ཀློག་གཉིས་དང་འབྲེལ་བའི་ནང་སྦྱོང་སྐུལ་མི་ཉེན། དེའི་ཚབ་ལ་མཐོང་ཐོས་གཉིས་དང་། འཚོ་བ་དངོས་དང་དོན་སྣ་ཚོགས་ལ་བློས་རྟོག་དཔྱོད་བྱ་རྒྱུའི་ནང་སྦྱོང་འདྲ་སྐུལ་ན་མི་ཆོག་པ་དེ་ཙམ་མི་འདུག ཉིན་མོའི་སློབ་ཕྲུག་ཚོར་གཏན་སློབ་དང་ལྟོས་ན། དཀའ་ངལ་ཉུང་གྲས་ཡིན་ནའང་། ནང་སྦྱོང་བྱ་རྒྱུའི་ཐད་ལ་དཀའ་ངལ་གཅིག་མཚུངས་ཡིན། ། སྤྱིར་བཏང་སློབ་ཕྲུག་ཚོས་ནང་སྦྱོང་འབྲི་དགོས་པ་མཉམ་ནའང་། དངོས་འབྲེལ་སློབ་མ་ནད་ཀྱིས་མནར་བའི་སྐབས་དང་། ཕ་མའི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པའི་སྐབས། སློབ་མ་ནང་ཁུལ་མི་མཐུན་པ་འབྱུང་བའི་ཟང་ཟིང་ཆེས་མང་བའི་སྐབས་སོགས་ལ་དགེ་རྒན་ཚོས་ནང་སྦྱོང་བྲིས་ཡོད་མེད་ཀྱི་ཐད་ལ་ནན་གཟབ་ཆེ་ན་ཕན་ལས་གནོད་ཆེ། དེ་དག་ལ་སྐབས་དོན་སོ་སོར་གཞིགས་ནས་བྱ་ཐབས་གང་མཁས་དགོས་པ་ཡིན། །
ནང་སྦྱོང་ལ་ཞིབ་བཤེར་དང་ཞུ་དག་གཏོང་དགོས་སམ།
ནང་སྦྱོང་ལ་ཞིབ་བཤེར་དང་ཞུ་དག་བྱ་དགོས་པ་གལ་ཆེ། ནང་སྦྱོང་ལ་ཞིབ་བཤེར་མེད་ན་སློབ་མས་རང་སྦྱོང་ལ་ལྷོད་གཡེང་དང་། སློབ་མས་དགེ་རྒན་ལ་ཡུལ་དངོས་དང་མི་འཚམས་པའི་ཚོད་བགམ་ཕྱོགས་སུ་ལྷུང་བ་ཡོང་ཉེན་ཡོད། ད་དུང་ངན་ཕྱོགས་བཟུང་ནས་བཤད་ན། སློབ་མ་ཁ་ཤས་ཀྱིས་དགེ་རྒན་ལ་མཐོང་ཆུང་དང་གླགས་འཚོལ་ཐབས་ཀྱི་ཁོག་རྩིས་སྐྱོན་སྲིད། དེ་ན་ནང་སྦྱོང་ཞིབ་བཤེར་དང་ཞུ་དག་ཅི་ནས་བྱ་དགོས་པས་ཐེག་གུ་སྣེ་ཤོར་ལ་གཏོང་མི་རིགས། །
ཞིབ་བཤེར་རམ་ཞུ་དག་དེ་ཡང་སྐབས་དུས་སོ་སོར་བསམས་ནས་བྱ་ཆོག་པ་ཡིན། སྐབས་རེར་མིག་བཤེར་ཙམ་གྱིས་ཆོག་པ་ཡིན་ལ། སྐབས་རེར་དག་ཆ་དང་ཡིག་གཟུགས་གཉིས་གཙོ་བོར་བལྟ་བ་དང་། སྐབས་རེར་བརྗོད་བྱ་རྗོད་བྱེད་གཉིས་ཀ་དོ་དོ་ནན་ནན་ཏིག་ཏིག་གིས་བྱ་དགོས་པ་སོགས་རྒྱས་བསྡུས་སྣ་ཚོགས་དུས་ཁོམ་ལ་ལྟོས་ནས་བྱ་དགོས། །
ཞུ་དག་གཏོང་བའི་དུས་ཚོད་ནི། ཚོགས་ཐེངས་མེད་པའི་དུས་སྟོངས་ཀྱི་སྐབས་དང་། ཚོགས་ཐེངས་ཀྱི་མགོ་མཇུག་གཉིས་སུ་སྐར་མ་བཅུ་ཙམ་སྤྱད་ནས་བྱ་ཆོག ཞུ་དག་གཏོང་སྐབས་དགེ་སློབ་གཉིས་གནས་གཅིག་ལ་འཛོམས་ནས་ཚིག་དོན་རེ་རེར་ཞིབ་བཤེར་དོ་ནན་བྱས་པ་ནི། སློབ་མས་ཕྱིན་ཆད་དོ་སྣང་བྱ་རྒྱུར་ཤུགས་སྣོན་ཐེབས་རྒྱུར་རེ་བ་ཆེ་བ་ཡོད། །
ཞར་བྱུང་བཤད་སྙིང་འདོད་པ་ཞིག་ནི། ཅི་ནས་ཀྱང་ཞུ་དག་དགོས་པའི་ནང་སྦྱོང་གི་རིགས་ནི། སློབ་ཚན་རེ་རེ་རྫོགས་མཚམས་སྦྱོང་ཚན་གྱི་སྡེ་ཚན་རྣམས་ཡིན། ནང་སྦྱོང་དེ་ལས་སློབ་མས་སློབ་ཁྲིད་ཀྱི་ནང་དོན་ཇི་ཙམ་གསལ་རྟོགས་ཐུབ་ཡོད་མེད་ཤེས་ཐུབ། ནང་སྦྱོང་དེ་རིགས་གཟབ་ནན་གྱིས་ཞུ་དག་མ་ཕྱིན་ན། ཡིག་རྒྱུགས་ཀྱི་སྐབས་སུ་སློབ་མ་རྣམས་ཀྱིས་དེར་གཟིགས་ནས་སྦྱོང་སྲོལ་ཡོད་རྐྱེན། དང་པོ་ཐོག་མ་ཉིད་ནས་དགེ་རྒན་ཚོས་དེར་གཟབ་ནན་མ་བྱས་ན། སློབ་མའི་ངལ་བ་མང་ཆུས་བཟོས་སུ་འགྱུར་ཉེན་ཡོད། །
ནང་སྦྱོང་ཞུ་དག་གཏོང་བྱེད་ཀྱི་སྨྱུ་གུའི་ཚོན་མདོག་གང་བྱ་དགོས་སམ། ཞུ་དག་གཏོང་བྱེད་ཀྱི་སྨྱུ་གུའི་ཚོན་མདོག་གང་དང་གང་སྤྱོད་དགོས་མིན་ཐད་མང་པོས་བསམ་བློ་གཏོང་གི་མེད་སྲིད། ཡིན་ནའང་བྱིས་པའི་སེམས་ཁམས་ཀྱི་དགའ་ཕྱོགས་དང་། བྱིས་པའི་ཡིད་སེམས་ཀྱི་དང་བ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དང་། སློབ་སྦྱོང་གི་ཕྱོགས་ལ་ཕྱོགས་དགོས་མཁན་ཞིག་ཡིན་ན། དེ་ནི་དོན་ཕྲན་ཚེགས་ཤིག་རྩ་ནས་རེད་མི་འདུག་སྙམ།། ཡོངས་གྲགས་དགེ་རྒན་ཚོས་ནང་སྦྱོང་སོགས་ཞུ་དག་གཏོང་སྐབས་སྨྱུ་གུ་ཁ་དོག་དམར་པོ་ཅན་ལ་མཉེས་པོ་ཡོད་ནའང་། སྤྱིར་བཏང་ཁ་དོག་དམར་པོ་ནི་ཉེན་ཁ། མི་བཟོད་པ། བཙན་པོ། དམ་པོ། དོག་པོ། འཇིགས་སྣང་སོགས་མཚོན་ཕྱིར་གནས་མང་པོར་སྤྱད་དང་སྤྱོད་བཞིན་ཡོད་སྟབས། སློབ་མ་མང་པོའི་སེམས་ལ་འཇུག་བདེ་པོ་རྩ་ནས་མེད་པ་འགྲེལ་བཤད་སྐྱོན་མཁན་འདུག དེ་ལས་བུ་དང་བུ་མོ་ཁྱད་མེད་ལ་ལྗང་ཁུ་དང་། བུ་རམ་སྨུག་པོ། བུ་མོར་ཟིང་སྐྱའི་ཁ་དོག་ཅན་གྱི་སྨྱུ་གུས་ཞུ་དག་བྱས་ན་འཚམས་པོ་རེད་འདུག །
རྒྱུན་པར་བྱེད་སྟངས་སྤྱོད་སྟངས་དང་། ལུས་ཀྱི་ན་བཟའ་བསྣམས་ལུགས་། ན་བཟའི་ཁ་དོག་བཀྲག་མདངས་ཆེ་མིན་གྱིས་སློབ་མའི་སེམས་ལ་བག་ཆགས་ཆེན་པོ་བཞག་གི་ཡོད། རང་ཅག་རྣམས་དགེ་རྒན་འོས་སྦྱོང་བྱེད་སྐབས་བྱིས་པ་ཆུང་ཆུང་རྣམས་བཀྲག་མདངས་ཆེ་བའི་ཁ་དོག་ལ་དགའ་པོ་ཡོད་པས། དགེ་རྒན་ཚོས་རང་གི་སློབ་ཚན་སློབ་མས་དགའ་པོ་དང་ཤེས་མགྱོགས་པོ་ཡོང་སླད་ལུས་ཀྱི་རྣམ་འགྱུར་གང་སྙིང་རྗེ་རྗེ་དང་། ན་བཟའི་ཁ་དོག་བཀྲག་མདངས་ཅན་ལ་རང་ཉིད་དགའ་པོ་མེད་ནའང་། སློབ་མའི་ཆེད་དུ་དེ་ལྟར་གྱོན་དགོས་པའི་ལམ་སྟོན་གནང་གི་ཡོད་པ་དེ་དག་ཀྱང་ཟུར་འཇོག་སྣང་མེད་བཞག་ན་མི་འགྲིག་པ་མ་ཟད། ཞུ་དག་གཏོང་སྐབས་སློབ་མའི་འབྲི་དེབ་ཀྱི་ནང་ལ་སློབ་མའི་ཁམས་དང་མོས་པར་ལྟོས་ནས་གང་ལ་གང་འོས་གནང་གལ་ཆེ་བར་མི་འདུག་གམ། །
ནང་སྦྱོང་འོག་གི་ཞབས་མཆན།
ནང་སྦྱོང་ཞུ་དག་ཟིན་མཚམས་དགེ་རྒན་གྱིས་ཞབས་མཆན་སྣ་ཚོགས་བཀོད་སྲོལ་ཡོད། ཞབས་མཆན་གྱིས་མང་པོར་སློབ་སྦྱོང་གི་འདུན་པར་ཕན་གནོད་རྗེས་འབྲེལ་སྣ་ཚོགས་ཐོན་གྱི་ཡོད་པ་མངོན་སུམ་ཡིན། གཞི་རིམ་བར་འོག་གཉིས་ཀྱི་དགེ་རྒན་ཚོས་སློབ་ཕྲུག་གི་ནང་སྦྱོང་དང་འཛིན་ལས་བྱས་ཟིན་རྗེས། འགྲིག་རྟགས་དང་། ཚོན་བཀྲག་སྣ་ཚོགས་ཅན་གྱི་མཐེ་བོང་ཀེར་བའི་རི་མོ་དང་། སྐར་མའི་གཟུགས་རིས་སོགས་འགོད་སྲོལ་ཡོད་པ་དེ་རྣམས་ཀྱང་བྱིས་པའི་སེམས་ཁམས་དང་བསྟུན་ནས་བཤད་ན་གལ་འགངས་ཆེན་པོ་ཡིན། རང་ཉིད་སློབ་ཆུང་ལ་ཡོད་པའི་དོན་ཞིག་ད་ལྟའང་བློར་མ་བརྗེད་པར་གནས་ནས་ཡོད་པ་ཞིག་འདིར་བཤད་ན། ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྣམས་རྟག་ཏུ་འབྲི་དེབ་ནང་གི་འགྲིག་རྟགས་དང་ཀུ་རུ་ཁ་གྲངས་ཀ་བརྒྱག་རྒྱུར་དགའ་པོ་ཡོད། སྐབས་མང་པོར་དགེ་རྒན་མེད་པའི་ཚོགས་ཐེངས་སྟོངས་པའི་དུས་དང་། བར་གསེང་སོགས་ལ་གཅིག་དང་གཅིག་ལ་འགྲན་སློང་ཆེད། འགྲིག་རྟགས་དང་ཀུ་རུ་ཁ་མང་ཉུང་རྩིས་པའི་སྲོལ་དང་། འབྲི་དེབ་ནང་ལ་ཤིན་ཏུ་ལེགས་དང་ལེགས་ཀྱི་གྲངས་ཀ་བགྲངས་ནས་བཟང་ངན་དང་། ཡག་བཙོག་ཐག་བཅད་བྱེད་ཀྱི་ཡོད། དེས་ན་དེ་རིགས་གལ་ཆེན་པོ་ཡིན་པ་སྒྲུབ་བྱེད་གཞན་དགོས་མཁོ་མ་མཆིས་སོ། །
མཇུག་གི་གཏམ།
ནང་སྦྱོང་མང་ཉུང་འོས་མཚམས་སྐུལ་དགོས་པ་མ་ཟད། བྲི་རྒྱུ་ཁོ་ནའི་ནང་སྦྱོང་ཙམ་མ་ཡིན་པར་བཀླག་རྒྱུ་དང་། ཉན་རྒྱུ། བལྟ་རྒྱུ། བསམ་སྒོམ་བྱ་རྒྱུའི་ནང་སྦྱོང་ཡང་བསྐུལ་རྒྱུ་ཡོད། ནང་སྦྱོང་མང་དྲགས་ན་སློབ་མར་དཀའ་ངལ་ཆེ་ཁར་སང་ཉིན་གྱི་སློབ་ཁྲིད་ལ་བར་ཆད་བཟོ་སྲིད། ཉིན་རྗེས་མའི་སློབ་ཁྲིད་ལ་བར་ཆད་འགྲོ་ཉེན་ཡོད་པའི་ནང་སྦྱོང་གི་རིགས་སྔོན་ཚུད་ནས་དགོངས་བཞེས་དགོས་པས། ནམ་ཡང་སྐུལ་མི་ཉེན། ནང་སྦྱོང་བྲིས་ཡོད་མེད་ཀྱི་ལྟ་རྟོག་ཅི་ནས་བྱ་དགོས། འབྲི་རྒྱུ་མིན་པའི་ནང་སྦྱོང་གི་རིགས་ཞིབ་བཤེར་བྱ་རྒྱུ་ཅུང་དཀའ་བས། དེ་རིགས་ལ་ཞིབ་བཤེར་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི། མྱོང་ཚོར་བཤད་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དང་། བརྗོད་བྱ་དང་འབྲེལ་བའི་དགེ་སློབ་ཕན་ཚུན་ལབ་གླེང་བྱ་རྒྱུ་དེ་རེད།། །།
ད་བར་དཔྱད་མཆན་མེད།