བྱམས་པ་བཀྲ་ཤིས།
འབྲིང་རིམ་བོད་དགེ། ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ།


ཆེད་བརྗོད།

      སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་བསྐྱར་སྦྱོང་དང་དྲན་ཤེས་བརྟན་པོ་ཟེར་བ་ནི་དོན་གནད་ཅིག་རེད། ལྷག་དོན་དུ་དགེ་རྒན་གཅིག་གི་ངོས་ནས་སློབ་ཚན་གང་ཞིག་བསླབས་ཀྱང་དེ་ནི་འདས་མ་ད་གསུམ་གྱི་དུས་རིམ་ཁྲོད་དུ་སྤྱི་ཚོགས་ཀྱི་ཁོར་ཡུག་དང་བསྟུན་མཁས་གནང་ནས་སློབ་ཁྲིད་ཡང་དག་པ་ཞིག་ཡོང་བར་འབད་དགོས། སློབ་ཁྲིད་སྐབས་སུ་བརྗོད་གཞི་གཅིག་ལ་འགྲེལ་བརྗོད་མི་འདྲ་བ་གསུམ་གྱི་སྒོ་ནས་སློབ་ཐབས་དགོས་ངེས་རེད། དེ་ནི་སློབ་མའི་དབང་པོའི་བབ་དང་བསྟུན་བཤེར་བྱས་པའི་རྒྱུན་གཏན་གྱི་སློབ་ཁྲིད་བཟང་པོ་ཞིག་ཡིན།
      སློབ་མ་རྣམས་ལ་སློབ་ཁྲིད་མིང་དོན་མཚུངས་པའི་ཐབས་མཁས་ཀྱིས་ཤེས་སུ་མ་བཅུག་ན། ནང་ལས་ཀྱིས་དོན་སྙིང་ལྡན་པའི་ཡར་རྒྱས་དང་དོན་ཐོག་ཏུ་འཁྱོལ་བའི་ལག་ལེན་ཞིག་མི་འོང་བ་ནི་བརྗོད་སླ་བ་ཞིག་མ་རེད་དམ།  ནང་ལས་འབྲི་རུ་བཅུག་པ་ནི་སྦྱོང་བརྡར་ཞིག་དང་བསླབས་ཟིན་པ་རྣམས་རང་རྒྱུད་དུ་གཏན་དུ་མ་ཡལ་བར་ཤེས་བྱ་རིག་གནས་ཀྱི་ས་བོན་བཏབ་པ་དང་ཁྱད་མེད་ཙང་། ནང་ལས་སྐུལ་ཐབས་ལའང་བསམ་གཞིགས་ཀྱི་སྒོ་མོ་ཕྱེ་སྟེ་སློབ་མ་ཚོའི་གནས་ཚད་དང་མཉམ་པ་ཞིག་དགོས་པ་མ་ཟད་ནང་ལས་གང་ཞིག་འབྲི་འདོད་ཀྱི་བློ་ཡོད་པ་ཞིག་སྐུལ་ཐབས་གནང་དགོས། གཞན་ཡང་། སློབ་མ་རྣམས་ལ་ནང་ལས་བསྐུལ་དགོས་ཟེར་བ་ནི་དགེ་རྒན་གྱིས་བསླབས་ཟིན་པའི་སློབ་ཚན་ཁག་གཅིག་པུ་ལ་ངོས་འཛིན་ཐབས་མེད་པ་ཞིག་རེད། འོན་ཀྱང་། དེང་སྐབས་ཕལ་མོ་ཆེས་ནང་ལས་ནི་སློབ་ཚན་གྱི་བསླབ་གཞི་ཙམ་དང་འབྲེལ་བའི་ནང་སྦྱོང་བསྐུལ་བ་ལས་གཞི་རྒྱ་ཆེ་བའི་གནམ་འོག་གི་ཤེས་བྱའི་གཏེར་མཛོད་གཞན་དག་ལ་ལྷོད་གཡེང་ཆེན་པོ་ཤོར་བའི་སྐྱོན་ཆ་ཡོད། 
      ནང་ལས་ནི་སློབ་ཚན་གྱི་སྦྱོང་ཚན་ཙམ་མིན། ནང་ལས་ནི་སློབ་ཚན་བསྐྱར་སྦྱོང་དང་ཟིན་ཐོ་འགོད་པ་ཙམ་དང་སློབ་ཚན་གྱི་ནང་དོན་ཤེས་པ་ཙམ་ལ་དམིགས་པའི་ནང་སྦྱོང་ཞིག་ག་ལ་ཡིན། འདི་འདྲ་རིགས་རྐྱང་རྐྱང་གིས་མཐའ་ཡས་པའི་ཤེས་བྱའི་ནོར་ལོངས་སྤྱོད་ལ་བྲོ་བ་མྱོང་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་སློབ་མའི་རིག་གསར་གྱི་གནས་སྐབས་ཀྱང་ཆུད་ཟོས་གཏོང་བཞིན་ཡོད་པར་ཚོར་དགོས་ངེས་རེད། གཤམ་ལ་དོན་ཚན་མི་འདྲ་བ་ཁ་ཤས་ཀྱིས་གུས་པའི་ནང་སྦྱོང་དང་འབྲེལ་བའི་ཐོག་ཅུང་ཟད་བཤད་འདོད་པ་ནི་འདི་དག་ཡིན།


དང་པོ། ནང་སྦྱོང་དང་དགེ་རྒན་བར་གྱི་འབྲེལ་བ།

      ནང་ལས་སྦྱོང་ཚན་ཟེར་བ་ནི་རྒྱུན་དུ་དགེ་རྒན་གྱི་སློབ་ཁྲིད་བཟང་ངན་ལ་ཁྱད་པར་ཆེན་པོ་ཡོད། དགེ་རྒན་གྱིས་སློབ་ཚན་རྐྱང་རྐྱང་མ་གཏོགས་དེ་ལས་གཞན་དག་གཞི་རྒྱ་ཆེ་སར་རིག་པའི་སྤྲོ་འཆམ་མ་ཁྲིད་ན།  སློབ་མའི་ནང་སྦྱོང་དེ་ཡང་ཁྲོམ་པའི་ནང་གི་སྦལ་པ་བཞིན་མཐོང་རྒྱ་ཐོས་རྒྱ་གང་ཡང་མེད་མཁན་ཞིག་ཏུ་གསོ་སྐྱོང་བྱེད་ཀྱིན་ཡོད་པ་ཡིན། ནང་སྦྱོང་སྤྲོད་མཁན་དགེ་རྒན་དེ་ནི། རང་ཉིད་ཀྱི་སློབ་ཚན་ལ་རྒྱུས་མངའ་ཆེན་པོ་ཡོད་དགོས་པ་དང་སློབ་ཚན་ལས་འཕྲོས་ནས་ནང་སྦྱོང་ཞིག་སྐུལ་ཐུབ་པ་ཡིན་ན།  དེའི་དགེ་མཚན་གྱིས་སློབ་མར་བློ་མིག་གསལ་དུ་འགྲོ་རྒྱུ་དང་སློབ་བུའི་སེམས་རྒྱུད་དུ་རིན་ཐང་བྲལ་བའི་ལེགས་བཤད་གསར་པ་ཞིག་སྦྱིན་ནུས་སྙམ་པའི་བློ་སྟོབས་ཀྱང་དགོས་ངེས་རེད། མ་ཟད་དགེ་རྒན་གྱིས་སློབ་མའི་ནང་སྦྱོང་ལ་ཞུ་དག་བྱེད་བདེ་པོ་དང་སྟབས་བདེ་པོ་ཡོང་སླད་ལ་མ་བསམ་པར་གཙོ་བོ་ཀུན་སློང་བཟང་པོ་ཞིག་གིས་སྒོ་ནས་ནང་སྦྱོང་གིས་རྒྱུད་ནས་མ་འོངས་པར་ཕུགས་མདུན་ལ་ཕན་ཐོགས་ཆེན་པོ་ཡོང་བ་རིགས་སྐུལ་ཐབས་དགོས།  དཔེར་ན། རྩོམ་རིག་གང་མང་འབྲི་རུ་བཅུག་པ་དང་ཤེས་བྱའི་གནས་སྟངས་རིགས་མི་འདྲ་བ་མང་པོ་ཞིག་དང་མྱོང་བ་ཆེན་པོའི་སྒོ་ནས་རྒྱུས་མངའ་ཡོང་བ་ཞིག་ལ་རྩེ་གཅིག་ཏུ་སེམས་གཏད་དགོས།ནང་ལས་ཀྱིས་རྒྱུད་ནས་རྩོལ་བའི་ནུས་སྟོོབས་གོང་འཕེལ་དང་རྩོན་པ་ཧུར་ལེན་གྱི་གོམས་གཤིས་བསྐྲུན་ཐབས་བྱེད་དགོས། དེ་འདྲ་བྱ་ན། ནང་ལས་ནང་སྦྱོང་འབྲི་པ་པོལའང་གོ་ཆོད་པ་རེད།


གཉིས་པ། ནང་སྦྱོང་འབྲི་བར་དགེ་རྒན་གྱི་ཀུན་སྤྱོད་དང་འབྲེལ་བ་གཏིང་ཟབ་ཡོད།

      དགེ་རྒན་རང་ཉིད་ནང་སྦྱོང་བྱེད་རྒྱུ་དང་རྒྱུན་དུ་སློབ་མའི་མིག་གཤམ་དུ་སློབ་སྦྱོང་ལ་དོན་གཉེར་ཆེན་པོ་ཡོད་པ་ཞིག་ར་སྤྲོད་བྱེད་དགོས་མ་ཟད། དུས་ཁོམ་བྱུང་ཚེ་དཔེ་ཀློག་དང་ཤེས་བྱ་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པའི་རྣམ་དཔྱོད་ཀྱི་རྩལ་ཡང་ངོམ་དགོས། དགེ་རྒན་གྱི་གནས་ཚད་དང་ལྗིད་མི་མཉམ་པའི་སློབ་ཁྲིད་པ་ཞིག་གིས་ཤེས་བྱའི་བང་མཛོད་ལ་སྤྲོ་བ་སྟེར་རྒྱུའི་ཚབ་ལས་རིན་ཐང་ལྡན་པའི་དམིགས་སྟོན་གྱི་ཁྱད་ཆོས་ལ་གཏོར་བརླག་བཏང་བ་དང་ཁྱད་ག་ལ་ཡོད། དེའི་རྐྱེན་གྱིས་སློབ་མའི་སྦྱང་ཤེས་ཀྱི་སེམས་ཁུར་ལ་དོ་ཕོག་ཆེན་པོ་གཏོང་སྲིད། དེར་བརྟེན་ནང་སྦྱོང་སྤྲོད་མཁན་ནམ་སློབ་སྟོན་བྱས་ཏེ་རང་ཉིད་ཀྱིས་འགན་དབང་དང་རང་དབང་ཆེན་པོ་བེད་སྤྱད་ནས་རང་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན་སྤྲོ་བ་གཏད་མཁན་ཞིག་དགོས་ངེས་རེད། དགེ་རྒན་གྱི་ཀུན་སྤྱོད་ནི་སློབ་མ་ཚོའི་མེ་ལོང་ལྟ་བུ་རེད། མེ་ལོང་ནང་དུ་བྱད་གཟུགས་མཛེས་པོ་ཞིག་མཐོང་ན་དེ་ལ་དགའ་མོས་དང་སྤྲོ་སྣང་སྤྲོད་ཐུབ། དེ་བཞིན་དགེ་རྒན་བཟང་པོ་དང་ལྷག་བསམ་རྣམ་དག་གིས་སློབ་མའི་སྦྱང་བརྩོན་ལ་སྤྲོ་བ་སྟེར་ཐུབ་དང་ནང་ལས་ཀྱང་ཁོང་གིས་སྐུལ་བ་བཞིན་བཀའ་གསུང་ཅི་སྒྲུབ་ཞུ་ཡི་རེད། དཔེར་ན། སློབ་མ་ཁག་གཅིག་གིས་རྒན་དེ་ལ་དགའ་བོ་ཡོད་ཙང་ཁོང་གི་སློབ་ཚན་ལའང་དགའ་བོ་གནང་གི་རེད། དེ་ནི་སློབ་ཚན་ནང་གི་ཉི་དགའ་མེ་ཏོག་ཞེས་པའི་བསྡུས་བརྗོད་ཀྱི་རྩོམ་ཡིག་དང་དོན་སྙིང་གཅིག་པ་རེད། ལྷག་བསམ་དུང་ལྟར་དཀར་བ་མ་ཟད་འདམ་གྱི་དྲི་མ་དང་བྲལ་བའི་མེ་ཏོག་པདྨ་བཞིན་ཀུན་གྱིས་དགའ་བ་འགྱུར། སློབ་མའི་བློ་འགུགས་ཐབས་ནི་གལ་གནད་དོན་ཆེན་ཞིག་ཡིན་པ་དང་སློབ་ཁྲིད་པའི་ཆ་རྐྱེན་གལ་ཆེ་ཤོས་ཡིན་པ་རེད། གལ་ཏེ་རང་ཉིད་དེ་དག་གི་ཆ་རྐྱེན་ཚང་གིན་མེད་ན་ཚང་བར་བྱ་རྒྱུ་ནི་འདོར་དུ་མེད་པའི་འོས་འགན་ཞིག་ཡིན་པ་སྨོས་དགོས་དོན་མེད།


གསུམ་པ། ནང་སྦྱོང་གི་རང་བཞིན་འདི་འདྲ་ཞིག་དགོས་པ་སྙམ།

      སྦྱང་ཤེས་ཕྲན་ཙམ་གྱིས་འདོད་བློ་ཁེངས་པའི་ཡོན་ཏན་འཐོབ་པར་དཀའ་བར་མ་ཟད་ཁུངས་འཁྱོལ་བ་ཞིག་ཀྱང་གཏན་ནས་མིན། སློབ་ཁང་དུ་སྦྱང་ཤེས་ཕྲན་ཙམ་བྱས་པའི་རྨང་གཞིའི་ཐོག་འཚོལ་སྒྲུག་གི་གོམས་གཤིས་ལྷན་སྐྱེས་སུ་འབྱར་ཐུབ་པ་ཡིན་ན། གསར་གཏོད་དང་བློ་སྐྱེད་ཅིག་འཐོབ་ངེས་པ་ཞིག་རེད། དེ་ནས་རང་གི་ནང་སྦྱོང་གི་གནད་དོན་ངོ་མ་ཤེས་ཐུབ་པར་མ་ཟད་ཡང་དག་པའི་སློབ་སྦྱོང་གི་དགོས་མཁོ་ཡང་སྒྲུབ་ཐུབ་ཀྱི་ཡོད། སྦྱང་ཤེས་ནི་བྱ་དངོས་ཀྱི་རང་བཞིན་ལྡན་པའི་ཤེས་བྱ་སྣ་མང་གི་རང་བཞིན་དང་ངོ་བོ་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་ཙང་། བྱ་བྱེད་གང་དང་དེའི་རྟེན་གཞིར་སྡུད་པའི་རྣམ་གྲངས་དུ་མའི་མཚན་ཉིད་ལྡན་པའི་ཤེས་བྱའི་ཁ་གྲངས་མི་ཉུང་བ་ཞིག་ལ་ལག་གིས་སྙོབ་པར་བྱེད་དགོས། དེ་ནི་འཚོལ་སྒྲུབ་རང་བཞིན་ལ་ཐུག་ཡོད་ཅིང་། འཚོལ་སྒྲུབ་ཀྱི་སྤོབས་པ་དང་གོམས་གཤིས་སུ་འཇགས་མ་ཐུབ་ན་ཤེས་ཡོན་གོང་མཐོ་དང་གནད་ལ་ཁེལ་བའི་སྦྱངས་འབྲས་ཤིག་རྒྱུན་འཁྱོང་ཡོང་བར་དཀའ་ལས་ཁག་པོ་རེད་སྙམ། དེས་ན། རང་སྦྱོང་བསྐུལ་རྒྱུའི་ཐད་ལ་གྲ་སྒྲིག་དང་ཁྱབ་ཚད་བཅས་ལ་རང་དབང་མེད་པར་བསམ་གཞིགས་ནན་པོ་ཞིག་དགོས་པའི་གནས་སུ་ལྷུང་། གུས་པས་བསམ་བློ་ག་ཚོད་བཏང་ཡང་ནང་ལས་ནི་ལས་སླ་པོ་ཞིག་མིན་པ་ར་སྤྲོད་གསལ་བོ་བྱུང་སོང་།  མ་ཚད་འཚོལ་སྒྲུག་གི་རང་བཞིན་ནི་འཇིག་རྟེན་སྐྱེ་འགྲོ་ཡོང་གི་རང་བཞིན་ཞིག་རེད། སོ་སོའི་འཚོ་བའི་ཆེད་དུ་འཚོལ་སྒྲུབ་བྱེད་མཁན་ཤ་སྟག་རེད། འཚོལ་སྒྲུག་གི་རང་བཞིན་ནི་ཤེས་རབ་ཀྱི་ཆེད་དུ་འཚོལ་བརྙེད་བྱ་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ནང་ལས་ཀྱི་ངོ་བོ་ཐོག་ནས་སྣ་ཚོགས་ཀྱི་རང་བཞིན་མང་པོ་ཞིག་འཚོལ་ཐུབ་ཀྱི་རེད། དེ་ནི་ལེ་ལོའི་རྣམ་གཡེང་དུ་མི་འགྲོ་བར་སོ་སོས་གང་ཐུབ་བྱ་ན་སོ་སོའི་ཁམས་དང་མོས་པ་དང་འཚམ་པའི་ལེགས་བཤད་ཅིག་ཐོབ་ངེས་རེད། དེ་ལ་ཡིད་ཆེས་ཆེན་པོ་དགོས། བརྗོད་གཞི་འདི་ནི་རྒྱ་ཆེ་ཞིང་གཏིང་ཟབ་པར་མ་ཟད་འཇིག་རྟེན་སྐྱེ་བོ་དམ་པ་དག་གིས་རང་སྦྱོང་ཡང་དག་པ་གནང་ནས་འཛམ་བུ་གླིང་དུ་སྐད་ཀྱིས་ཆོད་པར་བྱས་ཡོད་པའི་ཚོར་ཤུགས་དྲག་པོས་གནས་ལུགས་ཤིག་ཤེས་སུ་བཅུག་སོང་། ལྷག་དོན་དུ་ད་བར་སློབ་ཚན་གྱི་སྦྱོང་ཚན་ཟེར་བའི་ངོ་གདོང་སྐམ་པོ་ཞིག་ལ་འཇུས་ནས་ཤི་འཐམ་རོ་འཐམ་བྱས་པ་ནི་མ་འགྲིགས་པའི་སྣང་བ་ཞིག་དབང་མེད་དུ་ཡིད་ཀྱི་མཚོ་མོར་འཆར་ཡོང་གི་ལགས།
      ང་ཚོའི་མི་རབས་གསར་པའི་ཤེས་བྱའི་ལྡུམ་རྭ་མཛེས་སྡུག་ལྡན་པ་ཞིག་ཡོད་ཀྱང་། རྐང་དྲུག་བུང་བས་མེ་ཏོག་གི་ཐེའུ་ནང་གི་དྲི་ཞིམ་འཇིབས་པའི་སྣང་བ་ཞིག་མ་གཏོགས་མེ་ཏོག་བཅུད་ཀྱི་སྙིང་པོ་ལ་སྣང་ཆུང་ཆེན་པོ་ཤོར་བའི་འགྱོད་གདུང་གི་དྲ་བར་ཚུད་པར་སྣང་། རེ་འགས་ནང་ལས་བྲིས་ཤོག་ཅེས་བསྐུལ་བ་དང་། ལ་ལས་ནང་ལས་དུས་ཐོག་ཏུ་སྟོན་རྒྱུ་ཡོད་པ་དགོས་ཟེར། ནང་ལས་ནི་དོན་དུ་ཤོག་བུའི་སྟེང་དུ་སྟོན་རྒྱུ་ཡོད་པའི་བྲིས་ཚད་ཙམ་མིན་པར་སྐབས་རེ་འབྲི་མི་དགོས་པར་གནད་དོན་གཅིག་གི་ཐོག་ཏུ་དྲི་བ་ཁ་ཤས་བཏོན་ནས་བསམ་ཚུལ་བཟང་ངན་ཅི་ཞིག་ཡིན་རུང་ངག་ཐོག་ནས་བཤད་དུ་འཇུག་དགོས། འདི་ནི་དབྱིན་སྐད་དུ་conceptual analysis ཟེར་བ་ཡིན། གནས་ལུགས་ལ་རྒྱུ་མཚན་དགོས། རྒྱུ་མཚན་ལས་འཚོལ་སྒྲུབ་ཀྱི་རང་བཞིན་རྙེད་ཐུབ་པས། ཡིག་ངག་གཉིས་ལྡན་གྱི་ནང་ལས་ནི་དུས་ནས་དུས་སུ་སྦྱོང་བརྡར་ཞིག་བརྒྱུད་འཛིན་དགོས་རྒྱུ་གལ་འགངས་ཆེ། 


བཞི་པ། ནང་ལས་ནི་བློ་རིག་རྩལ་གསུམ་ལ་ཁྱབ་པའི་ཤེས་བྱའི་རྣམ་གྲངས་ཅན་ཞིག་སྐུལ་ཐུབ་ན་ཤིན་ཏུ་དགེ་མཚན་ཆེ།

      བློ་རིག་རྩལ་གསུམ་ཟེར་བ་ནི། བློ་ཡུལ་དུ་ཤོང་བའི་ལས་གཞི། རིག་པ་དབང་རྟུལ་དང་འཚམ་པའི་སྦྱོང་གཞི། ཁྱད་ཆོས་འདི་གཉིས་ལ་སློབ་སྦྱོང་ཤེས་སྦྱང་གི་རྩལ་དེ་མངོན་ཐུབ་པ་ཞིག་དགོས།
བློ་ཡུལ་དང་འཚམ་པའི་སློབ་ཁྲིད་དང་ནང་སྦྱོང་སོགས་ནི། གནའ་ནས་ད་བར་སློབ་གསོའི་ཁྱད་ཆོས་དཔའ་མཛངས་ལྡན་པ་ཞིག་ཡིན་ལ། ནང་སྦྱོང་དེ་ཡང་བློ་རིག་གིས་རྩལ་དུ་བཏོན་པའི་ཐུན་མོང་མ་ཡིན་པའི་ཤེས་བྱའི་ཉམས་རྟོགས་གསར་བའམ་ཟབ་ཅིང་བརླིང་བའི་མཐའ་ཡས་ཀྱི་ཤེས་བྱའི་གནས་ལ་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་ཞིག་སླེབས་ཐབས་བྱེད་དགོས། ངས་སྐབས་རེར་སློབ་ཚན་གྱི་རྒྱབ་ངོས་སུ་བཀོད་པའི་སྦྱོང་ཚན་དེ་དག་ལའང་ཐེ་ཚོམ་ཟ་མྱོང་བར་མ་ཟད། སྦྱོང་ཚད་དེ་དག་ནི་སློབ་དེབ་བསྐྱར་ཞིབ་བྱེད་མཁན་རེ་གཉིས་ཀྱི་དགོངས་ཚུལ་ཙམ་ལ་བསམ་བློ་འཁོར་མྱོང་། སྦྱོང་ཚན་དེ་དག་ནི་སྦྱོང་མཁན་དང་སློབ་ཕྲུག་ཚོའི་དོགས་འདྲི་མ་རེད་ལ། དེ་བས་ཤེས་ཡོན་གྱི་ཁྱབ་ཁོངས་ཁྲོད་དུ་རྣམ་དཔྱོད་དང་དོགས་སློང་གི་སྙིང་སྟོབས་ལ་བཀག་འགོག་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་མྱོང་། གཅིག་བྱས་ན། ངའི་བསམ་ཚུལ་དེ་ནོར་འཁྲུལ་ཡིན་སྲིད་ཀྱང་། དེ་ལ་གནས་ལུགས་མེད་པའི་ཁུངས་མེད་རང་སྣང་འཆར་བའི་འཆོལ་གཏམ་ཞིག་རེད་ཟེར་ན་དེ་ཡང་ཡིད་ཆེས་བྱེད་དཀའ་བ་ཞིག་རེད་སྙམ། གང་ཡིན་ཟེར་ན། སྦྱོང་ཚན་དེ་དག་སློབ་མའི་རིག་སྟོབས་མཐུན་པའི་དོགས་གནད་གཅིག་ལ་ངོས་འཛིན་བྱེད་དཀའ་བ་ཞིག་རེད། ཁ་ཤས་ཀྱིས་བསམ་བློའི་ནང་མ་ཤོང་པ་དང་།  ཁ་ཤས་ཀྱིས་ཐ་སྙད་ཚུན་ཆད་ནས་གོ་དཀའ་བ་ཞིག་རེད། གནས་སྟངས་སྣ་ཚོགས་ཀྱི་ཁྲོད་དུ་སེལ་མ་ཐུབ་པའི་དོན་གནད་མང་པོ་ཞིག་རང་སེམས་སུ་རྒྱ་མཚོའི་རྦ་རླབས་འཕྱུར་བ་ལྟར་རླབས་ཀྱིས་གཙེས། 

      མདོར་ན། ནང་ལས་སྐུལ་བའི་ཁྱད་ཆོས་ལ་གཞིགས་ན་ཟབ་བརླིང་གཏིང་གསུམ་གྱི་ཆ་ཤས་སུ་གྱུར་པའི་གནས་ལུགས་ཤིག་སྤྱི་ཚོགས་དང་བྱ་བྱེད་ལ་རྒྱུས་མངའ་སློང་བྱེད་ཀྱི་སྦྱོང་གཞི་ལག་ལེན་དང་ལྡན་པ་ཞིག་དགོས། སློབ་ཕྲུག་ནི་མིའི་རང་བཞིན་དང་བྱ་དངོས་ཀྱི་རང་བཞིན་བསམ་སྤྱོད་སོགས་འཇིག་རྟེན་ཁམས་ཀྱི་གནས་སྟངས་དང་མཐོང་རེག་དང་ལྐོག་ཏུ་འགྱུར་བའི་གནས་ཚུལ་མང་པོ་ཞིག་ལ་འཚོལ་སྙེག་གི་རང་ནུས་ལྡན་པའི་སློབ་ཕྲུག་ཅིག་གསོ་སྐྱོང་བྱེད་དགོས་པ་དེ་ཡིན། དེ་ནི་མཐར་ཐུག་ན་དོགས་སློང་གི་སྙིང་སྟོབས་ནི་དགག་རྩ་ཞིག་རེད།  ནང་སྦྱོང་གི་བརྗོད་བྱ་ནི་རང་དབང་ལྡན་པའི་རིག་པའི་སྤྱོད་སྒོ་ཞིག་ཡིན་དགོས། ནང་སྦྱོང་གང་ཞིག་སྐུལ་བ་ནི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་མྱོང་རྒྱུ་ཡོད་དགོས་པའི་ཚོར་སྣང་དག་ལ་བསམ་ཞིབ་ཅན་གྱི་སྦྱོང་ཚན་ཞིག་ཡིན་དགོས་སྙམ།  ང་ཚོས་གང་ཞིག་བྱེད་ཀྱང་དོན་སྙིང་ནི་རང་གི་ལག་ཏུ་ཡོད་ཙང་། སོ་སོས་བྱེད་ཤེས་པ། སོ་སོས་སོ་སོར་གདེང་འཇོག་བྱེད་ཐུབ་པའི་ཚད་དང་ལྡན་པའི་མི་ཞིག་གསོ་སྐྱོང་སླད་དུ་སྦྱོང་ཚན་ཡང་དེ་དང་ཉེ་བ་ཞིག་སྐུལ་དགོས། དེས་ན། ནང་ལས་སྐུལ་རྒྱུའི་ཐད་ལ་མནོ་བསམ་གྱི་སྒོ་མོ་ཕྱེ་ནས་ལེགས་ཉེས་དང་ཁེ་གྱོང་གཉིས་ཀྱི་དགག་རྩ་གང་ཡིན་པར་ཤེས་པའི་ཐོག་ནས་སློབ་མ་བཟང་པོ་གསུམ་ལྡན་གྱི་སོན་རྩ་ཞིག་གསོ་སྐྱོང་བྱེད་དགོས་པ་ཡིན།
གུས་ཤིང་བརྩེ་བའི་ཤེས་བྱའི་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་དགེ་བའི་བཤེས་གཉེན་རྣམ་པ་དང་མཛའ་གཅུགས་ཀྱི་མདུད་པ་ཐེབས་པའི་ཤེས་ལྡན་གྱི་ཀློག་པ་པོ་རྣམ་པས། བརྡ་སྤྲོད་རིག་གནས་གང་ཅིའི་ཐད་ནས་ནམ་འཕང་གཅོད་པའི་ཤེས་ཡོན་དང་འཇོན་ཐང་གིས་མ་འདང་བའི་གུས་པ་བོད་དགེ་ཞིག་གིས་འཆར་སྣང་ཡིག་ཐོག་ཏུ་བྲིས་པ་འདི་དག་ལ་བཀའ་སློབ་ལམ་སྟོན་དང་། ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་དང་བཀའ་མངགས་ཅི་ནས་ཀྱང་ཡོད་པ་མཁྱེན་མཁྱེན་ཞུ། ཚིག་ནོར་དང་བརྗོད་དོན་གནས་ལུགས་ལས་འགལ་བ་རིགས་ཡོད་ཚེ་ཁྱེད་རྣམ་པར་དགོངས་སེལ་ཞུ་བ་དང་བཅས། །