འཇམ་དབྱངས་དོན་གྲུབ།
དགེ་རྒན། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

གླེང་གཞི་མདོར་བསྡུས།

      མི་རིགས་ཤིག་ཡར་རྒྱས་འགྲོ་མིན་ནི་ཤེས་ཡོན་ལ་རག་ལས་ཤིང་། ཤེས་ཡོན་ཡག་པོ་ཞིག་ཡོང་མིན་ནི་དགེ་རྒན་ལ་རག་ལས་ཡོད་པ་ནི་འཛམ་གླིང་མཁས་པ་ཡོངས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་ཁས་ལེན་ཞུ་བཞིན་ཡོད། དེ་དང་ཕྱོགས་མཚུངས་ལག་པ་ཡ་གཅིག་གིས་ཐལ་མོ་མི་ཡོང་བས་ལག་ཟུང་མཉམ་དུ་བརྡབ་ན་ད་གཟོད་འབྲུག་སྒྲ་གྲགས་པ་བཞིན་ཐལ་སྒྲ་སྒྲོགས་ཀྱི་ཡོད་པ་བཞིན། དགེ་སློབ་གཉིས་ཟུང་དུ་མ་འབྲེལ་ནས་མཉམ་རུབ་མ་བྱས་ན་སློབ་མའི་སློབ་སྦྱོང་གི་གནས་ཚད་ཡར་རྒྱས་མི་འགྲོ་བ་བརྗོད་མི་དགོས་པ་ཡིན། ལྷག་པར་དུ་བོད་ཀྱི་ཁ་དཔེར། རྟ་གཅིག་བྱུང་ན་རྟེའུ་ནས་བྱུང་། མི་ཞིག་བྱུང་ན་ཆུང་ནས་བྱུང་ཞེས་པ་ལྟར་གཞི་རིམ་སློབ་མ་ཚོ་ནི་མི་རིགས་ཀྱི་སོན་རྩ་དང་འབྱུང་འགྱུར་རྒྱལ་ཁབ་དེའི་བདག་པོ་དང་དབུ་ཁྲིད་ངོ་མ་དེ་ཆགས་ངེས་པས། ཞོགས་པའི་ཉི་གཞོན་དང་འདྲ་བའི་བྱིས་པ་ཚོར་ཤེས་ཡོན་སློབ་སྦྱོང་ལེགས་པོ་ཞིག་སྤྲོད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།
      འོ་ན་གཞི་རིམ་སློབ་མའི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་འགྲོ་མིན་ནི་གཙོ་བོ་ཕ་མ་དང་དགེ་རྒན་ལ་རག་ལུས་ཡོད་པ་མ་ཟད། ལྷག་པར་དུ་སློབ་མ་ཚོའི་སེམས་གཏིང་ནས་བརྩི་འཇོག་དང་ཡིད་ཆེས་བྱེད་ས་ནི་དགེ་རྒན་ཡིན་པས། དགེ་རྒན་ཚོས་ལྷག་བསམ་རྣམ་དག་དང་སློབ་མ་སྐྱོང་བའི་རྣམ་དཔྱོད་ཀྱི་ཐབས་ཤེས་གཉིས་ཟུང་དུ་དམ་པོར་སྦྲེལ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ལས་འགུལ་དེའི་ཆ་ཤས་སུ་གྱུར་བ་གཅིག་ནི། སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད་དུ་ནང་སྦྱོང་བསྐུལ་རྒྱུ་དེ་ཡིན་པས། དེ་རིང་འདིར་རང་ཉིད་བོད་ཕྱི་ནང་གཉིས་ནང་མི་ལོ་ཉེར་གསུམ་རིང་སློབ་གྲྭར་བསྐྱོད་པ་དང་། མི་ལོ་བདུན་ལྷག་ཙམ་རིང་དགེ་རྒན་བྱས་པའི་མྱོང་བ་གཞི་ལ་བཞག་ནས་སློབ་མ་ཚོར་ནང་སྦྱོང་ཇི་ལྟར་བསྐུལ་དགོས་མིན་སྐོར་ལ་མདོ་ཙམ་བརྗོད་རྒྱུ་ཡིན་པས། མ་འོངས་པར་གཞི་རིམ་སློབ་གྲྭའི་དགེ་བའི་བཤེས་གཉེན་རྣམ་པ་དག་གིས་སློབ་མ་ཚོར་ནང་སྦྱོང་ཇི་ལྟར་བསྐུལ་དགོས་མིན་ཐད་ཀྱི་དཔྱད་གཞིའི་རྒྱུ་ཆ་ཆུང་ངུ་ཙམ་ཞིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་དང་རེ་བ་ཞུ་རྒྱུ་ཡིན།

སློབ་མ་རྣམས་ལ་ནང་སྦྱོང་བསྐུལ་བའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་སྐོར།

      སྤྱིར་ཆོས་དང་འཇིག་རྟེན་གྱི་ལས་དོན་གང་ཞིག་བསྒྲུབ་དགོས་ཀྱང་ཐོག་མར་ལས་དོན་དེ་བསྒྲུབ་དགོས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་ངེས་ཅན་ཞིག་ངེས་པར་དུ་རྟོགས་དགོས་ཤིང་། དམིགས་ཡུལ་མེད་པའི་ལས་ཀ་ནི་ཁ་ཕྱོགས་མེད་པའི་གྲུ་རྫིངས་བཞིན། ནམ་ཞིག་མཚོ་རླུང་དང་འཕྲད་དེ་འགལ་རྐྱེན་བར་ཆད་འཕྲད་རྒྱུར་གཏན་འཁེལ་བས། ཐོག་མར་དགེ་བའི་བཤེས་གཉེན་རྣམ་པ་ཚོས་སློབ་མ་རྣམས་ལ་ནང་སྦྱོང་བསྐུལ་རྒྱུའི་དགོས་དམིགས་གང་ཡིན་གསལ་པོར་མཁྱེན་དགོས། སློབ་མ་རྣམས་ཞོགས་པ་སྔ་པོ་ནས་ལངས་ཏེ་ཁ་ངོ་གཙང་མར་བཀྲུས་ཤིང་ཞོགས་ཟས་བཟས་རྗེས། དེ་རིང་རྒན་ལགས་ཀྱི་འགྲམ་ནས་ཤེས་བྱ་གསར་པ་ཅི་ཞིག་འཐོབ་ཀྱི་ཡོད་དམ་སྙམ་ནས་མཚར་སྣང་དང་དགའ་སྣང་གཉིས་སྦྲེལ་གྱིས་འཛིན་གྲྭར་བསྐྱོད་ཀྱི་ཡོད་པ་དང་། དེ་དང་ཕྱོགས་མཚུངས་དགེ་རྒན་ཚོའི་ངོས་ནས་ཀྱང་དེ་རིང་སློབ་མ་ཚོར་ཤེས་བྱ་གསར་པ་དང་བློ་བསྐྱེད་གསར་པ་འདི་འདྲ་ཞིག་སྤྲད་དགོས་འདུག་སྙམ་ནས་སྔོན་ཚུད་ནས་གྲ་སྒྲིག་འཐུས་སྒོ་ཚང་བའི་རྨང་གཞིའི་ཐོག་སྤྲོ་སེམས་འཁོལ་བའི་ངང་ནས་འཛིན་གྲྭར་བསྐྱོད་དགོས་ཀྱི་ཡོད། སློབ་ཚན་འགོ་ཚུགས་པ་དང་མཉམ་དུ་སྐར་མ་བཅུ་ཙམ་རིང་ཁ་སང་གི་སློབ་ཚན་ལ་དྲན་གསོ་དང་སྦྲགས་བསྐྱར་ཞིབ་ཏོག་ཙམ་བྱས་རྗེས་གཞི་ནས་སློབ་ཚན་གསར་པ་འཁྲིད་དགོས་ཀྱི་ཡོད་ཅིང་།
      ཐོག་མར་སློབ་ཚན་གསར་པ་འདིའི་སྤྱི་བཤད་ངོ་སྤྲོད་དང་དེ་ནས་ས་བཅད་ཁག་རིམ་པ་བཞིན་དུ་དབྱེ་སྟེ། ས་བཅད་སོ་སོའི་ནང་དོན་མདོར་བསྡུས་རེ་སློབ་མ་ཚོར་ངོ་སྤྲོད་བྱེད་དགོས་ཀྱི་ཡོད། དེ་ནས་ས་བཅད་དང་པོ་ནས་འགོ་བཙུགས་ཏེ་རིམ་བཞིན་ཐ་སྙད་གསར་པ་དང་། བྱ་ཚིག་གསར་པ། ཚིག་རྒྱན་གསར་པ་སོགས་ངོ་སྤྲོད་ཞིབ་ཕྲ་བྱེད་དགོས་པ་མ་ཟད། བྱུང་ན་དཔེ་རིས་དང་བརྙན་པར་སོགས་ཀྱི་ལམ་ནས་ངོ་སྤྲོད་བྱེད་པ་དང་། མཚམས་རེར་གློག་བརྙན་དང་སྒྲུང་གཏམ་གྱི་ལམ་ནས་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པས། སློབ་མ་ཚོས་དེ་རིང་གི་འཁྲིད་བྱའི་སློབ་ཚན་དེ་མཐིལ་ཕྱིན་པ་ཤེས་རྟོགས་ཡོང་བའི་ཆེད་དུ་དགེ་རྒན་ཚོས་ཐབས་ལམ་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་སློབ་ཁྲིད་བྱེད་དགོས། དེ་ནས་སློབ་ཚན་གྲོལ་བ་དང་མཉམ་དུ་སློབ་མ་ཚོར་དེ་རིང་གི་སློབ་ཁྲིད་དང་འབྲེ་བའི་ཐོག་ནས་ནང་སྦྱོང་བསྐུལ་དགོས་པ་ལས། དགེ་རྒན་གྱིས་སློབ་ཁྲིད་མ་བྱས་པའི་སློབ་ཚན་གསར་པ་ནང་སྦྱོང་བསྐུལ་ན་སློབ་མ་ཚོར་རྡོག་འཁྲེས་ཆགས་ཀྱི་ཡོད། དེས་ན། ནང་སྦྱོང་བསྐུལ་བའི་དགོས་དམིགས་ནི། དེ་རིང་གི་སློབ་ཁྲིད་དེ་སློབ་མ་ཚོས་ཤེས་ཡོད་མེད་ལྟ་བའི་ཚད་ཐིག་ལྟ་བུ་ཡིན་པ་དེ་ངེས་པར་དུ་མཁྱེན་དགོས།

དགེ་རྒན་གྱིས་སློབ་མ་རྣམས་ལ་དུས་རྒྱུན་དུ་ནང་སྦྱོང་བསྐུལ་དགོས་པའི་སྐོར།

      གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ལས། ཉིན་རེ་ཟས་ཀྱང་མི་དྲན་རྩོམ་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་འཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཞིག་ཨང་། །ཞེས་གསུངས་པ་ལྟར། ལས་དོན་གང་དང་གང་ཞིག་སྒྲུབ་དགོས་ཀྱང་ངེས་པར་དུ་རྟག་སྦྱོར་གྱི་བརྩོན་འགྲུས་བསྟེན་དགོས་པ་ལས། ཨ་གསར་རྟ་ལས་མགྱོགས་པ། །གཞུག་གུ་ལུག་ལས་ཐུང་བ། ཞེས་པ་ལྟར་ཉིན་ཤས་རིང་བརྩོན་འགྲུས་རྩོམ་ཞིང་དེ་ནས་དབྱར་གྱི་འཇའ་ཚོན་ཇི་བཞིན་ཡལ་བར་གྱུར་ན་གཏན་ནས་མི་འགྲིགས་པས། སློབ་མ་ཚོར་ནང་སྦྱོང་བསྐུལ་རྒྱུ་དེ་ཡང་དུས་རྟག་ཏུ་ཆད་མེད་བསྐུལ་དགོས་པ་ལས་མཚམས་རེར་བསྐུལ་ཞིང་མཚམས་རེར་མ་བསྐུལ་བར་བཞག་ན་སློབ་མ་ཚོའི་ཤེས་ཡོན་ཡར་རྒྱས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད། འདིར་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཞལ་ལག་མཆོད་རྒྱུ་དང་གཟིམ་ཁུག་རྒྱུ་གཉིས་ཀྱི་ཐོག་ནས་དཔེ་མཚོན་ཙམ་ཞིག་ཞུས་ན། ང་ཚོ་ཚང་མ་ཉིན་ཞག་ཕྲུག་གཅིག་གི་ནང་དུས་ཐོག་ལ་ཞལ་ལག་མཆོད་དགོས་པ་ལས་མཚམས་རེར་ཚད་ལས་བརྒལ་བ་མཆོད་པ་དང་། ཡང་མཚམས་རེར་ཉིན་ཤས་ཞལ་ལག་མ་མཆོད་པར་བསྡད་པ་སོགས་བྱས་ན་འཕྲོད་བསྟེན་ལ་གནོད་སྐྱོན་ཡོང་གི་ཡོད་པ་ཡོངས་གྲགས་ཡིན་པས། དུས་ཐོག་ལ་ཞལ་ལག་མཆོད་རྒྱུ་ནི་འཕྲོད་བསྟེན་གྱི་སྨན་མཆོག་ཡིན་པ་དང་། དེ་བཞིན་ཆེད་ལས་སྨན་པ་མཁས་པ་ཚོས་ལམ་སྟོན་གནང་བ་བཞིན་མཚན་མོར་མི་ཚད་ལྡན་ཞིག་ཡིན་ཕྱིན་ཆུ་ཚོད་བདུན་ངེས་པར་དུ་གཟིམ་ཁུག་དགོས་ཀྱང་། ང་ཚོས་དེ་ལས་ལྡོག་སྟེ་མཚམས་རེར་ཆུ་ཚོད་ལྔ་ལས་མི་ཉལ་བ་དང་། ཡང་མཚམས་རེར་ཆུ་ཚོད་བཅུ་ལྷག་ཉལ་བའི་དབང་དུ་བཏང་ན་གཟུགས་པོའི་འཕྲོད་བསྟེན་ལ་ཧ་ཅང་གནོད་སྐྱོན་ཡོང་གི་ཡོད་པར་གསུངས་ལ། རང་གི་ཉིན་ཞགས་ཕྲུག་གཅིག་གི་ལས་རིམ་དེ་དག་ཡོངས་སུ་འཁྲུགས་ཏེ་ལས་དོན་ཚགས་ཚུད་མི་ཡོང་བ་ཆོས་ཉིད་ཡིན་པས། དགེ་རྒན་རྣམ་པ་ཚོས་སློབ་མ་ཚོར་ཉིན་ལྟར་སྦྱོང་ཚན་ཚད་རན་པོ་ཞིག་རྒྱུན་མཐུད་དེ་བསྐུལ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན།

སློབ་མ་རྣམས་ལ་ནང་སྦྱོང་ཚད་རན་པོ་ཞིག་བསྐུལ་དགོས་པའི་སྐོར།

      སྤྱིར་ཆོས་དང་འཇིག་རྟེན་གི་བྱ་བཞག་གང་ཞིག་བསྒྲུབ་དགོས་རུང་མཚམས་དང་ཚད་རན་པོ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཞིང་། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་བསོད་སྙོམས་ཀྱི་མཐའ་དང་། སྤོང་བ་བསམ་གཏན་གྱི་མཐའ་གཉིས་སྤངས་ཏེ་དབུ་མའི་ལམ་ལ་ཞུགས་དགོས་པའི་བཀའ་གནང་ཡོད། དེས་ན་དགེ་རྒན་ཚོས་ཀྱང་སློབ་མ་ཚོར་ནང་སྦྱོང་བསྐུལ་སྐབས་མང་ཉུང་ཚད་རན་པོ་ཞིག་བསྐུལ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་ཞིང་། རྫོགས་རྒྱུ་མེད་པའི་སྦྱོང་ཚན་བསྐུལ་ན་སློབ་མའི་སེམས་ནང་རྡོག་ཁྲེས་ལྕི་མོ་ཞིག་གིས་མནན་བཞག་པ་ལྟ་བུའི་ཚོར་བ་སླེབས་ཀྱིན་ཡོད་ལ། ཁྱིམ་དུ་སླེབས་རྗེས་སློབ་ཚན་ཁག་ཁ་ཤས་ཀྱི་སྦྱོང་ཚན་ཆ་ཚང་འབྲི་བར་ཉུང་མཐར་ཆུ་ཚོད་ཁ་ཤས་འགོར་ཏེ་དངོས་སུ་ཉལ་དུས་མཚན་གུང་ཆུ་ཚོད་བཅུ་གཉིས་སམ་དང་པོ་ཟིན་ལ་ཁད་བྱེད་ཀྱི་ཡོད་པས། ན་ཆུང་སློབ་མ་ཚོར་རྩེད་མོ་རྩེ་ཡག་གི་གོ་སྐབས་ལྟ་ཞོག་ཐ་ན་དགོང་མོ་གཉིད་ཡག་པོ་ཞིག་ཀྱང་ཁུག་ཡག་གི་དུས་ཚོད་འདང་ངེས་ཤིག་ཀྱང་མི་རག་པས། དེ་ནི་ཤེས་ཡོན་སློབ་གསོའི་ནོར་འཁྲུལ་ཚབས་ཆེན་ཞིག་ལ་བརྩི་བཞིན་ཡོད། སྔོན་མ་གུས་པ་བོད་ནང་སློབ་གྲྭར་འགྲོ་བའི་སྐབས་སུ་དགེ་བའི་བཤེས་གཉེན་རྣམ་པ་ཚོས་ནང་སྦྱོང་མང་ཉུང་འཚམས་པོ་བསྐུལ་གྱི་ཡོད་པས། ཕྱི་དྲོའི་སློབ་ཚན་གྲོལ་བ་ནས་དགོང་མོ་ཁ་ལག་མ་བཟས་བར་གྱི་དུས་ཡུན་ཆུ་ཚོད་གཉིས་གསུམ་རིང་ཕྲུ་གུ་ཕན་ཚུན་རྩེད་མོ་སྣ་ཚོགས་རྩེ་ཡི་ཡོད་པར་བརྟེན་སློབ་མའི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་རེད། འོན་ཀྱང་བར་སྐབས་ཤིག་ནས་བོད་ནང་ལ་སློབ་མ་ཚོའི་ཤེས་ཡོན་གྱི་གནས་ཚད་ཡིག་རྒྱུགས་ཀྱི་སྐར་གྲངས་ཁོ་ན་ལ་གཞི་བཅོལ་བའི་ལྟ་ཚུལ་ངན་པ་ཞིག་འབྱམས་ཀླས་སུ་ཁྱབ་སྟབས། དགེ་རྒན་ཚོས་སློབ་མ་རྣམས་ལ་སྦྱོང་ཚན་ཤིན་ཏུ་མང་པོ་བསྐུལ་བའི་ལུགས་སྲོལ་ཁྱད་མཚར་ཞིག་དར་བས། དེས་སློབ་མའི་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པ་མ་ཟད་སློབ་སྦྱོང་ཡག་པོ་ཡོང་རྒྱུའི་ཚབ་ལ་ཤེས་ཡོན་གྱི་གནས་ཚད་ལོ་རེ་ནས་ལོ་རེར་སྐྱོ་རུ་འགྲོ་བཞིན་ཡོད་པ་དང་། སློབ་མའི་སེམས་ཁམས་ལ་ཕོག་ཐུག་དང་གནོན་ཤུགས་ཚད་ལས་བརྒལ་བས་སློབ་སྦྱོང་ལ་སྤྲོ་སྣང་མེད་པར་འགྱུར་བ། དེ་བཞིན་གནོན་ཤུགས་དེའི་དབང་གིས་སེམས་ཁམས་མི་བདེ་བའི་སློབ་མའི་གྲངས་འབོར་ཡང་ལོ་རེ་ནས་ལོ་རེར་འཕར་བཞིན་ཡོད་པས། འདི་ལྟ་བུའི་མི་སྣའི་གྲངས་འབོར་མང་དུ་ཕྱིན་ན་སྤྱི་ཚོགས་ཀྱི་ཁུར་པོ་ཆགས་ཀྱི་ཡོད་པས། སྤྱི་ཚོགས་དང་མི་སྒེར་གཉིས་ཀར་ཕན་ཐོགས་གང་ཡང་མི་ཡོང་བ་ཆོས་ཉིད་ཡིན། དེས་ན་སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༨ ཚེས་ ༣༠ ཉིན་བོད་ལྗོངས་སློབ་གསོ་པུའུ་ནས་སློབ་གསོའི་སྤུས་ཚད་ཡར་རྒྱས་གཏོང་ཆེད་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་“གཉིས་གཅོག”་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་ཁུར་པོ་དང་། སློབ་ཕྱིའི་གསོ་སྦྱོང་ཁུར་པོ་ཡང་དུ་གཏོང་རྒྱུའི་སྲིད་བྱུས་གསར་པ་ཞིག་བཟོས་ཏེ། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ནང་སྦྱོང་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་ལོ་རིམ་གཞན་དག་ལ་ཉིན་ལྟར་སྦྱོང་ཚན་འབྲི་བའི་དུས་ཚོད་ཆ་སྙོམས་ཆུ་ཚོད་གཅིག་ལས་མི་བརྒལ་བ། དམའ་འབྲིང་ལ་ཉིན་ལྟར་སྦྱོང་ཚན་འབྲི་བའི་དུས་ཚོད་ཆ་སྙོམས་སྐར་མ་དགུ་བཅུ་ལས་མི་བརྒལ་བའི་སྒྲིག་ཁྲིམས་གཏན་འབེབས་ཡང་དག་པ་བཟོས་ཡོད་པས། དགེ་རྒན་རྣམ་པ་ཚོས་སློབ་མ་ཚོའི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཐུགས་བསམ་ཡག་པོ་བཞེས་ནས་ངེས་པར་དུ་སྦྱོང་ཚན་ཚད་རན་པོ་ཞིག་བསྐུལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

ནང་སྦྱོང་བསྐུལ་རྗེས་དགེ་རྒན་གྱིས་ངེས་པར་དུ་དག་བཅོས་བྱེད་དགོས་པའི་སྐོར།

      དགེ་རྒན་གྱིས་སློབ་མ་ཚོར་ནང་སྦྱོང་བསྐུལ་ཚར་བའི་རྗེས་ངེས་པར་དུ་བྱེད་དགོས་པའི་ལས་དོན་གཅིག་ནི། དགེ་རྒན་གྱིས་སློབ་མའི་སྦྱོང་ཚན་ལ་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཞུ་དག་ཡག་པོ་གཏོང་དགོས་ཤིང་། སླད་དོ་སྣང་བྱེད་དགོས་པ་དང་ཡར་རྒྱས་གཏོང་དགོས་པའི་གནས་གང་ཡིན་གསལ་སྟོན་གནང་དགོས། དེ་ལྟར་བྱས་ན་བལྟས་བལྟས་རིག་རིག་ལ་སློབ་མའི་ཤེས་ཡོན་སློབ་སྦྱོང་གི་ཆུ་ཚད་ཡར་ངོའི་ཟླ་བ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པ་སྨོས་མི་དགོས། འོན་ཀྱང་སློབ་མའི་སེམས་ཁམས་དང་བསྟུན་ནས་ངག་འཇམ་པོའི་སྒོ་ནས་སློབ་གསོ་རྒྱག་དགོས་པ་ལས། ཁྱོད་རང་ལས་སྐྱོ་བ་སུ་ཡང་མི་འདུག་ཟེར་བ་ལྟ་བུ་དང་། ཁྱོད་ལ་ག་ཚོད་བསླབས་ཀྱང་ཤེས་ཡག་མི་འདུག་ཟེར་བ་ལྟ་བུའི་གཤེ་གཤེ་གཏོང་བ་དང་དམའ་འབེབས་གཏོང་བའི་རིགས་རྩ་བ་ནས་གནང་མི་རུང་། དེ་བཞིན་ནང་སྦྱོང་ཡག་པོ་འབྲི་མཁན་གྱི་སློབ་མ་ཚོ་འཛིན་གྲྭའི་ནང་དུ་སློབ་མ་ཡོངས་ཀྱི་མདུན་དུ་བསྔགས་བརྗོད་བྱེད་དགོས་ལ། སློབ་མ་གཞན་ཚོར་ཡང་ཁོ་ལྟ་བུ་བྱེད་དགོས་ཞེས་སེམས་ཤུགས་སྤར་བ་དང་སྐུལ་མ་བཏང་བ་ཡིན་ན། སློབ་མ་གཞན་ཚོའི་སེམས་ལ་ཡང་རང་བཞིན་གྱིས་སྐུལ་ལྕག་ཐེབས་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། སློབ་མ་སྤྱི་དང་བྱེ་བྲག་གཞི་རིམ་སློབ་མ་རྣམས་ཀྱི་སེམས་ཁམས་ནི་དྭངས་གཙང་ལྷད་མེད་ཀྱི་དཀར་གཙང་ཤོག་བུ་ཞིག་དང་འདྲ་བས། སློབ་མའི་སེམས་ཁམས་ལ་ཕོག་ཐུག་རྩ་བ་ནས་གཏོང་མི་ཉན་པ་ནི་དགེ་རྒན་ཞིག་གི་མི་ཚེའི་ནང་ངེས་པར་དུ་ཡིད་ལ་བཅངས་དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་ཡིན། ཅི་སྟེ་སློབ་མ་འགའ་ཞིག་སློབ་སྦྱོང་རྩ་བ་ནས་མ་ཤེས་པ་དང་། སྤྱོད་ལམ་ཚུལ་བཞིན་མི་སྲུང་མཁན། དེ་བཞིན་ནང་སྦྱོང་དུས་ཐོག་ཏུ་མི་འབྲི་མཁན་གྱི་སློབ་མ་སྒལ་རལ་བཙོང་མཁན་དེ་འདྲ་ཡོད་ཚེ་དགེ་བའི་བཤེས་གཉེན་ཚོས་ཟུར་དུ་བསྐོངས་ནས་འཇམ་པོའི་སྒོ་ནས་ཁ་ཏ་བསླབ་བྱ་བྱེད་དགོས་པ་མ་ཟད། ཐབས་ཤེས་འདྲ་མིན་གྱི་སྒོ་ནས་ཕ་རོལ་པོར་ཁྱིམ་ཚང་གི་དཀའ་ངལ་དང་། མི་སྒེར་གྱི་བསམ་བློའི་དཀའ་ངལ། འཚོ་བའི་དཔལ་འབྱོར་གྱི་དཀའ་ངལ་གང་ཡོད་མེད་ཐོག་སྐད་ཆ་དྲིས་ནས་རྒྱུས་ལོན་དང་ཤེས་རྟོགས་བྱ་དགོས་ཤིང་། རིམ་བཞིན་ཕ་རོལ་པོའི་དཀའ་ངལ་ཤེས་རྟོགས་བྱུང་རྗེས་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དེ་འདྲ་བའི་སློབ་མ་ཚོའི་དཀའ་ངལ་སེལ་ཐབས་གནང་ན་ད་གཟོད་སློབ་མ་དེའི་ཤེས་ཡོན་གྱི་ཆུ་ཚད་རིམ་བཞིན་ཡར་རྒྱས་འགྲོ་རྒྱུར་གདོན་མི་ཟ་ལ། མི་ཚེ་ཧྲིལ་པོའི་ནང་དགེ་རྒན་གྱི་བཀའ་དྲིན་སྙིང་ལ་བཅངས་ངེས་རེད། དགེ་རྒན་ཞིག་ལ་མཚོན་ན་དེ་ལས་ལྷག་པའི་སློབ་མའི་ལེགས་སྐྱེས་ཤིག་གཞན་གང་ཡང་མེད་དོ། །

མཇུག་བསྡུ་བའི་གཏམ།

      གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ནི། གསར་དུ་བཞད་མ་ཐག་པའི་མེ་ཏོག་ཅིག་དང་འདྲ་ཞིང་། དེར་ལུད་གཤེར་དྲོད་གསུམ་ལྡན་ན་ནམ་ཞིག་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཅིག་ཏུ་འགྱུར་ནས་ལྡུམ་རའི་ནང་བཀྲག་མདངས་འཚེར་ངེས་ཡིན་པ་དང་། ཡང་དེ་ལས་ལྡོག་སྟེ་སད་དང་སེར་བ་སོགས་ཀྱི་རྐྱེན་ངན་བར་ཆད་བྱུང་ན་ག་ལེར་མེ་ཏོག་དེ་ཉིད་རྙིད་ནས་ལྟ་ན་མི་སྡུག་པའི་གད་སྙིགས་ཤིག་ཏུ་འགྱུར་ངེས་པ་ཡིན། དཔེ་འདི་བཞིན་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ནི་མི་ཞིག་གི་མི་ཚེའི་ཁྲོད་ཀྱི་དུས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་ཤིག་ལ་མཚོན་ན་ཡང་མ་འོངས་པར་རེ་བ་བཅོལ་སའི་མི་རབས་གསར་པ་ཞིག་ཆགས་ངེས་ཡིན་པས། དགེ་རྒན་རྣམ་པ་ཚོས་རང་གི་མིག་འབྲས་བཞིན་གཅེས་ཤིང་སྐྱོང་དགོས་པ་ནི། གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། ལྷག་དོན་དུ་སློབ་མ་ཚོའི་རྒྱུད་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ཆེད་ཐབས་ཤེས་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་སློབ་གསོ་སྤྲོད་དགོས་ཤིང་། དེའི་ཆ་ཤས་སུ་གྱུར་བའི་ཡན་ལག་གཅིག་ནི་ནང་སྦྱོང་བསྐུལ་རྒྱུ་དེ་ཡིན་པས། གོང་དུ་ཁོ་བོས་ལམ་ཙམ་ཞུས་པ་བཞིན་སློབ་མ་ཚོར་ནང་སྦྱོང་བསྐུལ་དགོས་པའི་དགོས་དམིགས་གསལ་པོར་མཁྱེན་པའི་ཐོག གཅིག་ནས་ནང་སྦྱོང་རྒྱུན་དུ་བསྐུལ་དགོས་པ་དང་། གཉིས་ནས་ནང་སྦྱོང་ཚད་རན་པོ་བསྐུལ་དགོས་པ། གསུམ་ནས་ནང་སྦྱོང་བསྐུལ་རྗེས་དག་བཅོས་ཡང་དག་པ་ཞིག་གནང་དགོས་པ་ནི་སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་ལ། སློབ་མ་རྣམས་ལུས་སེམས་གཉིས་ཀ་བདེ་ཐང་ངང་འཚར་ལོངས་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་ཞུ་འདོད་བྱུང་།