བསྟན་འཛིན་དགའ་བ།
འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།

      དེ་རིང་ཚོགས་ཐེངས་གསུམ་པའི་སྐབས་བོད་དགེ་མཆོག་གིས་ཤེས་རིག་ལས་ཁུངས་ནས་བཀོད་སྒྲིག་ཞུས་པའི་དགེ་སློབ་འབྲི་རྩོམ་གྱི་གསལ་བསྒྲགས་གནང་བ་དང་ང་ཚོར་རྩོམ་ཡིག་འབྲི་དགོས་པའི་བཀའ་གསུངས་ནན་པོ་གནང་སོང་། ངས་ཀྱང་ཐེངས་འདིར་རྩོམ་ཡིག་ཅིག་འབྲི་དགོས་བསམས་ཏེ་བརྗོད་གཞི་འོས་འཚམ་ཞིག་ལ་བསམ་བློ་གཏོང་སྐབས། རང་ཤུགས་ཀྱི་རང་ལ་བཀའ་དྲིན་ཆེ་བའི་ཨ་ཕ་ཡིད་ལ་དྲན་ནས་བསླེབས་སོང་། ངས་རྩོམ་དེབ་མར་བཏོན་ཏེ་ཨ་ཕའི་སྐོར་ལ་འབྲི་འགོ་ཚུགས་པ་ཡིན། ངའི་ཨ་ཕའི་མིང་ལ་ངག་དབང་ཐར་པ་ཟེར། ཁོང་ནི་བོད་ཀྱི་ཆོལ་ཁ་གསུམ་ཡོད་པའི་ནང་གསེས་། བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་ཀྱི་ཁམས་སོག་རྫོང་སོག་རོང་སྨད། སྲིང་སྟེང་གྲོང་ཚོའི་གེ་བ་ཚང་དུ་སྐྱེས། ཨ་ཕའི་ཕ་ལ་བུ་གསུམ་ཡོད་འདུག་ཅིང་། མིང་ལ་རྟ་མགྲིན་ནོར་བུ་དང་། ཟླ་རྒྱལ། ལྷ་རྒྱལ་བཅས་གསུམ་ཡིན། དེ་ནི་བོད་ཀྱི་ས་ཁུལ་ཁག་ཅིག་གི་ལམ་དང་ལུགས་སྲོལ་རེད་འདུག ཨ་ཕའི་ཨ་མའི་མིང་ལ་ཉི་སྒྲོན་ཟེར། ཁོང་གཉིས་ལ་བུ་ཕྲུག་བུ་གསུམ་དང་བུ་མོ་གསུམ་བཅས། མིང་སྲིང་དྲུག་ཡོད་པའི་ནང་ནས་ཨ་ཕ་བུ་རྒན་ཤོས་དེ་རེད་འདུག

      ཨ་ཕའི་ནང་མིའི་འཚོ་བ་ནི་ས་མ་འབྲོག་རེད། ཨ་ཕ་སོག་ཙན་དན་དགོན་དུ་གྲྭ་པ་བྱས་ནས་ནང་ཆོས་ལ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཡོང་སྐབས་ས་མཚམས་ནས་རྒྱ་མིའི་དམག་མིས་འཛིན་བཟུང་བྱས་ནས་ལོ་གཅིག་རིང་ས་མཚམས་སུ་ལྷག་པ་རེད། དེ་ནས་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་རྒྱ་གར་དུ་འབྱོར། དེ་རྗེས་ཁོང་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་ཨ་མ་སྐལ་བཟང་མཚོ་མོ་དང་མཉམ་དུ་གཉེན་སྒྲིག་བྱས། དེ་ནས་ ༢༠༠༡ ནས་ ༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲྭ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་བྱས། ༢༠༠༥ ལོ་ནས་གཞིས་བྱེས་ལྷན་འཛོམས་དྲྭ་རྒྱའི་འགན་འཛིན་དང་རྩོམ་སྒྲིག་འགན་འཛིན་བྱས། ཁ་བ་དཀར་པོ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། སྦྲ་སོག་འབྲི་གསུམ་གྱི་དུས་དེབ་རྩོམ་སྒྲིག་པ་སོགས་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཕྱག་ལས་མང་པོ་གནང་མྱོང་ཡོད་པ་རེད། ༢༠༠༦ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། བོད་ཀྱི་བང་ཆེན་ཚགས་པར་གྱི་གསར་འགོད་པ་བྱས། ༢༠༠༧ ལོར་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ལ་ཕྱིན་ནས་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ལས་འགུལ་སྤེལ་ཏེ། ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས།

      ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༣ ཉིན་བུ་མོ་བསྟན་འཛིན་ལྷ་མོ་སྐྱེས། ད་ལྟ་མོ་རང་གྷོ་པལ་པུར་སློབ་གྲྭར་འཛིན་རིམ་བཅུ་པ་ཡིན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ ཉིན་བུ་ཕྲུག་བསྟན་འཛིན་དགའ་བ་སྐྱེས། ད་ལྟ་དཔེ་སྟོན་སློབ་གྲྭའི་ནང་ལོ་རིམ་བརྒྱད་པར་སློབ་སྦྱོང་བྱེད་བཞིན་ཡོད། ༢༠༡༠ ལོར་ཨ་ཕ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་གི་ཚོགས་མི་བྱེད་སྐབས། དཔེ་སྟོན་སློབ་གྲྭ་བཙུགས་ནས་ལོ་ ༡༠ འཁོར་བའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་བྱས་ནས། ༸གོང་ས་མཆོག་དཔེ་སྟོན་སློབ་གྲྭར་ཕེབས་པ་ཐེངས་དང་པོ་ཆགས་འདུག དེ་རྗེས་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བ་དང་། དྷ་ས་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བཅས་བྱས། ༢༠༡༤ ལོར་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་གནང་། ༢༠༡༦ ལོར་མི་མང་གིས་འོས་འདེམས་བྱས་ནས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་ཡོད་པ་རེད། ངའི་ཨ་ཕ་ནི་མི་ཚང་མའི་སེམས་ཀྱི་བོད་མི་ཡག་ཤོས་དེ་མིན་རུང་། བུ་ཆུང་ང་ལ་མཚོན་ན་འཛམ་གླིང་འདིའི་ནང་གི་ཨ་ཕ་ཡག་ཤོས་དེ་ཡིན་པས། ང་ཆེན་པོ་ཆགས་དུས་ཨ་ཕ་ནང་བཞིན་བོད་མིའི་སྤྱི་ཚོགས་ལ་ཞབས་ཕྱི་གནང་མཁན་གྱི་བོད་མི་ཡ་རབས་ཤིག་བྱ་རྒྱུ་དེ་ངའི་སེམས་ནང་གི་དམ་བཅའ་གཙང་མ་དེ་ཡིན།