བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་གསུམ་པ།
ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ།

བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཨ་མདོ་སྐུ་འབུམ་སྟག་འཚེར་དུ་སྐུ་འཁྲུངས། ༸གོང་ས་མཆོག་གི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞུ་ཞིང་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་ཟེར། ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་དང་ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་ཞུ་བ་དང། ཡབ་ཡུམ་གཉིས་ཀ་ཡ་རབས་བྱམས་བརྩེ་ཅན་གྱི་ཞིང་པ་ཞིག་ཡིན། ཁོང་ལ་གཅེན་གཅུང་དྲུག་ཡོད་པའི་ནང་ནས་ད་ལྟ་གཅུང་མོ་རྗེ་བཙུན་པདྨ་ལགས་སྐུ་འཚོ་བཞུགས་ཡོད།

དགུང་ལོ་བཞི་ལ་ཕེབས་སྐབས་ཁོང་ཉིད་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་བཟུང་ཁོང་གིས་དབུ་ཅན་དབུ་མེད་ཀྱི་འབྲི་ཀློག་ནས་བཟུང་། བརྡ་སྤྲོད་སུམ་རྟགས་དང་ནང་པའི་གཞུང་ཆེན་ཁག་ལ་ཐུགས་གཉེར་ཧུར་ཐག་གནང་། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་ཏེ། བོད་མིའི་བདེ་སྐྱིད་ཆེད་སྐུ་ལས་མང་པོ་བསྐྱོན།

ཕྱི་ལོ་ ༡༩༥༩ ལོར་བོད་ནང་གནས་སྟངས་ཛ་དྲག་ཏུ་གྱུར་བས་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། ཁོང་རྒྱ་གར་དུ་ཕེབས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཆེད་དགོན་སྡེ་དང་སློབ་གྲྭ་མང་པོ་གསར་འཛུགས་གནང་། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་ཕྲུག་ལྔ་བཅུ་ཡོད་པའི་བོད་པའི་སློབ་གྲྭ་ཐོག་མ་དེ་གསར་འཛུགས་མཛད་དེ། བཙན་བྱོལ་བོད་མིའི་སློབ་གསོའི་རྨང་གཞི་བཏིང་གནང་བ་རེད།

༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་སུ་བསྒྱུར་གནང་བ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་། ཁོང་གིས་འཛམ་གླིང་ཡོངས་ལ་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པའི་བཀའ་སློབ་རྒྱུན་ཆད་མེད་པར་བསྩལ་བར་བརྟེན། ༡༩༨༩ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། དེ་རྗེས་ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་སྙན་གྲགས་ཅན་གྱི་བྱ་དགའ་མང་པོ་འབུལ་བཞེས་གནང་ཡོད།

མདོར་ན། ༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཞིག་ཡིན། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་རིག་གཞུང་བཟང་པོ་འདི་འདྲ་ཡོད་པ་རེད། ང་ཚོ་བོད་པའི་སློབ་མ་ཚོས་ཁོང་གི་བཀའ་སློབ་སེམས་ལ་བཅངས་ཏེ། བོད་ཡིག་ཡག་པོ་སྦྱོང་བ་དང་། གཞན་ལ་ཕན་ཐོགས་མཁན་གྱི་མི་ཡ་རབས་ཤིག་བྱེད་རྒྱུ་ནི་༸གོང་ས་མཆོག་དགྱེས་པའི་མཆོད་པ་ཡིན་པས། ང་ཚོས་ནམ་ཡང་བཀའ་གསུང་ཅི་སྒྲུབ་བྱེད་དགོས།