བསྟན་འཛིན་དགེ་འདུན། འཛིན་གྲྭ་གསུམ་པ།
མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་གཞི་འོག་སློབ་གྲྭ།

ང་ཚོའི་རྒྱ་གར་ལུང་པ་ལ་སཾ་བྷོ་ཊ་སློབ་གྲྭ་མང་པོ་ཡོད། ང་ཚོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་འདིའི་ནང་ལ་སཾ་བྷོ་ཊ་སློབ་གྲྭ་གསུམ་ཡོད། སློབ་གྲྭ་གཅིག་གཞིས་གྲོང་གསུམ་པ་ལ་ཡོད། དེ་ལ་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་ཡོད། འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་གྲྭ་གཉིས་ཡོད། གཅིག་ནི་དགའ་ལྡན་དགོན་པའི་འགྲམ་དུ་ཡོད། གཅིག་ནི་གཞིས་གྲོང་དྲུག་པ་ལ་ཡོད། གཞིས་གྲོང་དྲུག་པའི་སློབ་གྲྭ་ལ་གཞིས་གྲོང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་སློབ་ཕྲུག་ཡོད། ངའི་ནང་གཞིས་གྲོང་དྲུག་པ་ལ་ཡོད་པས། ང་རང་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན། སློབ་གྲྭ་ངའི་ནང་དང་ཧ་ཅང་ཉེ་པོ་ཡོད། ངའི་ནང་གི་རྒྱལ་སྒོ་ཕྱི་ལ་ཐོན་ནས་སྐར་མ་གཅིག་ཀྱང་མ་འགོར་བར་སློབ་གྲྭ་ལ་སླེབས་ཀྱི་རེད།

ང་ཚོའི་སློབ་གྲྭའི་ཁོར་ཡུག་གཙང་མ་དང་སྙིང་རྗེ་མོ་ཡོད། སློབ་གྲྭའི་ནང་དུ་མེ་ཏོག་ལྡུམ་ར་ཡག་པོ་ཞིག་ཡོད། དེའི་མིང་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཟེར། དེའི་ནང་མེ་ཏོག་མང་པོ་ཡོད། ད་ལོ་དེའི་ནང་ཕོ་བྲང་པོ་ཏཱ་ལའི་རྡོ་བརྐོས་ཧ་ཅང་སྙིང་རྗེ་མོ་ཞིག་བརྒྱབས་ཡོད་པ་མ་ཟད། ལྡུམ་རའི་ནང་སློབ་ཕྲུག་ཚོའི་སྡོད་ས་རྐུབ་བཀྱག་དང་། ལྕགས་ཤོག་གི་ཐོག་གཡབ་ཞིག་ཀྱང་ཡོད། སྔོན་མ་ང་ཚོའི་སློབ་གྲྭ་ལ་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་ཡོད། ལོ་ཁ་ཤས་སྔོན་ལ་འཛིན་གྲྭ་ལྔ་པ་བར་ཆགས་རེད། དེ་ནས་གཞིས་གྲོང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་སྔོན་འགྲོ་ང་ཚོའི་སློབ་གྲྭ་ལ་སྤོས་པ་རེད།

ད་ལྟ་སློབ་གྲྭ་ལ་སློབ་ཕྲུག་ཁྱོན་བསྡོམས་ ༩༠ ཙམ་ཡོད། ང་ཚོའི་སློབ་གྲྭའི་སློབ་ཕྲུག་རྣམས་ཡག་པོ་དང་བཟང་པོ་ཡོད། སློབ་གྲྭའི་ནང་ང་ལ་གྲོགས་པོ་མང་པོ་ཡོད། གྲོགས་པོ་ཡག་ཤོས་ནི་བསྟན་འཛིན་དགེ་འདུན་དང་བསྟན་འཛིན་མཆོག་རབ་ཡིན། གྲོགས་པོའི་མཉམ་དུ་སློབ་གྲྭའི་རྩེད་ཐང་དུ་རྩེད་མོ་རྩེ་གི་ཡོད། ང་ཚོའི་སློབ་གྲྭའི་ནང་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་དགེ་རྒན་ ༡༠ དང་། སྔོན་འགྲོ་ལ་དགེ་རྒན་གཉིས་ཡོད། ང་ཚོའི་དགེ་རྒན་ཚོས་ང་ཚོ་ལ་བོད་ཡིག་དང་། ཨང་རྩིས། དབྱིན་ཡིག རྩེད་མོ། ལུས་རྩལ། ཟློས་གར། རི་མོ་བཅས་སློབ་ཀྱི་ཡོད།

ང་ཚོའི་སློབ་གྲྭའི་དགེ་ཆེ་ཕུར་བུ་སྒྲོལ་དཀར་ལགས་ཡིན། མོ་རང་ང་ཚོ་ལ་རང་བྱུང་ཚན་རིག་སློབ་ཀྱི་ཡོད། དགེ་ཆེ་ལགས་ཡག་པོ་འདུག ཟློས་གར་རྒན་ལགས་བདུན་ཕྲག་གཅིག་ནང་ང་ཚོ་སློབ་གྲྭ་ལ་ཐེངས་གཉིས་དང་། རི་མོ་དང་ལུས་རྩལ་རྒན་ལགས་ཉིན་གསུམ་གསུམ་སློབ་འཁྲིད་གནང་གི་རེད། ང་འཛིན་གྲྭ་གསུམ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོའི་འཛིན་གྲྭའི་རྒན་ལགས་ནི་རྒན་པ་སངས་ལྷ་མོ་ལགས་ཡིན། ང་རང་སློབ་ཚན་ཚང་མའི་ནང་ནས་དགའ་ཤོས་བོད་ཡིག་ཡིན། ང་ཚོར་བོད་ཡིག་སློབ་མཁན་རྒན་པ་སངས་ལྷ་མོ་ལགས་རེད། དགེ་རྒན་ཚོས་སློབ་གྲྭའི་ནང་དུ་སློབ་ཚན་གསར་པ་དང་སྤྱོད་ལམ་བཟང་པོ་སློབ་ཀྱི་འདུག། དགེ་རྒན་རྣམས་ནི་ཤིན་ཏུ་ཡག་པོ་ཡོད། དགེ་རྒན་ནི་ང་ཚོའི་ཕ་མ་གཉིས་པ་ལྟ་བུ་ཡིན།

ང་ཚོའི་སློབ་གྲྭའི་ནང་དུ་འཛིན་གྲྭ་ལྔ་དང་། རི་མོ་ཁང་། རྩེད་ཆས་ཁང་། ཟློས་གར་ཁང་། དཔེ་མཛོད་ཁང་། ཚོགས་ཁང་། ཀློག་ཀླད་ཁང་སོགས་ཡོད་པ་མ་ཟད་ཆུ་གཙང་མ་འཐུང་རྒྱུ་ཡང་ཡོད། སློབ་གྲྭའི་བར་གསེང་སྐབས་ཉིན་ལྟར་ང་ཚོ་ལ་ཤིང་ཏོག་སོགས་འདྲ་མིན་གནང་གི་རེད། ཉིན་ལྟར་ང་ཚོས་ཞོགས་ཚོགས་ལ་བྱེད་སྒོ་མི་འདྲ་བ་མང་པོ་བྱེད་ཀྱི་ཡོད། དེ་ཡང་བདུན་ཕྲག་གཅིག་ནང་བོད་ཡིག་དང་། དབྱིན་ཇི། ཨང་རྩིས། རང་བྱུང་ཚན་རིག ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱེད་སྒོ་ཡོད། རེས་གཟའ་པ་སངས་ཉིན་བོད་ཡིག་གི་སྒྲུང་དེབ་ཀློག་གི་ཡོད། ལྷག་དཀར་ཉིན་ལ་བདུན་ཕྲག་གཅིག་དགེ་རྒན་དང་སློབ་མ་རྣམས་མཉམ་དུ་ཞབས་བྲོ་འཁྲབ་ཀྱི་ཡོད། བདུན་ཕྲག་རྗེས་མ་དེ་ལ་༸གོང་ས་མཆོག་གི་བཀའ་སློབ་ཀློག་གི་ཡོད།

ལོ་ལྟར་ང་ཚོའི་སློབ་གྲྭའི་ནང་བྱེད་སྒོ་འདྲ་མིན་སྤེལ་གྱི་ཡོད། དཔེར་ན་ལོ་ལྟར་རྩེད་མོའི་འགྲན་བསྡུར་ཞིག་ཚོགས་ཀྱི་ཡོད། ང་རང་དེའི་ནང་མཉམ་ཞུགས་བྱེད་རྒྱུར་དགའ་པོ་ཡོད། དེ་མིན་ང་ཚོའི་སློབ་གྲྭར་ས་ཡོམ་སྐབས་རང་ཉིད་ཀྱི་ངོས་ནས་ཉེན་སྲུང་ག་འདྲ་བྱེད་དགོས་ཡོད་མེད་ཀྱང་སློབ་ཀྱི་ཡོད། ང་ཚོའི་སློབ་གྲྭ་ལ་མ་བྱན་གསུམ་ཡོད། ད་དུང་ཉིན་ལྟར་ཕ་མའི་འཐུས་མི་ཡང་སློབ་གྲྭ་ལ་ཕེབས་ཀྱི་ཡོད། དགེ་རྒན་དང་ཕ་མའི་འཐུས་མིས་ཉིན་གུང་ཁ་ལག་མ་བཟས་གོང་ལ་ལག་པ་འཁྲུད་འཇུག་གི་ཡོད། སློབ་གྲྭའི་ཁ་ལག་ནི་བཅུད་ཆེན་པོ་དང་གཙང་མ་ཡོད། ངའི་སློབ་གྲྭ་ནི་ཡག་ཤོས་རེད། ང་སློབ་གྲྭ་ལ་དགའ་པོ་དང་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡོད།