ལྷ་མོ་ཆོས་སྒྲོན། འཛིན་གྲྭ་བདུན་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།
༄༅། །སྤྱིར་བཏང་འཛམ་གླིང་འདིའི་སྟེང་འགྲོ་བ་མི་རིགས་དེ་ཆགས་པ་ནས་བཟུང་གླིང་ཕྲན་བདུན་དུ་དབྱེ་བ་ཕྱེ་ནས་དེ་དག་རེ་རེའི་ནང་མི་རིགས་དང་སྐད་རིགས་མི་འདྲ་བའི་རྒྱལ་ཁབ་མང་པོ་ཞིག་ཆགས་ཡོད། རྒྱལ་ཁབ་ཁ་ཤས་ནི་སྟོབས་ཆེན་དང་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཁ་ཤས་ནི་ད་ལྟ་ཡར་རྒྱས་འགྲོ་བཞིན་ཡོད། དེའི་ནང་ནས་རྒྱལ་ཁབ་མང་དག་ཅིག་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་པ་དང་ཡང་ཁ་ཤས་ནི་ད་ལྟ་ཡང་རྒྱལ་ཁབ་གཞན་གྱི་བཙན་འཛུལ་བྱས་ནས་རང་བཙན་མེད་པའི་རྒྱལ་ཁབ་ཡང་ཡོད། དེའི་ནང་ནས་རང་བཙན་མེད་པ་རྒྱལ་ཁབ་གཅིག་ནི་ང་ཚོའི་བོད་རེད། དེ་འདྲ་ཡིན་དུས་ངའི་མ་འོངས་པའི་ཕ་ཡུལ་བོད་གང་འདྲ་ཞིག་ཡོད་དགོས་པ་དེའི་སྐོར་ལ་རྩོམ་ཞིག་བྲི་རྒྱུ་ཡིན། འོ་ན་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིའི་སྟེང་འཚོ་ཞིང་ཡོད་པའི་སྐྱེ་བོའམ་མི་ཚང་མ་ལ་སོ་སོའི་ཕ་ཡུལ་ཡོད་པ་ནང་བཞིན་ང་ཚོ་བོད་པ་ཚོ་ལ་ཡང་ཕ་ཡུལ་ཡོད་པ་དེ་ནི་བོད་ཡིན། བོད་ནི་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་ཡང་ཐོག་ལ་ཆགས་ཡོད་ཅིང་ལོ་རྒྱུས་ལྡན་པའི་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཀྱང་རེད། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་གླང་དར་མ་བར་རྒྱལ་པོ་རབ་དང་རིམ་པ་བྱུང་ཡོད། དེ་སྐབས་སུ་ཡང་བོད་ནི་རྒྱལ་ཁབ་གཞན་དང་མ་འདྲ་ཞིག་རེད། དམིགས་བསལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་པའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་བྱས་པ་ཙམ་མ་ཡིན་པར་བོད་ལ་སངས་རྒྱས་ཀྱི་བསྟན་པ་ནང་ཆོས་སྤེལ་ཐུབ་པ་བྱུང་ཡོད། བོད་ལ་མཁར་གྱི་ཐོག་མ་ཡུམ་བུ་ལྷ་ཁང་དང་རྩེ་ཕོ་བྲང་པོ་ཏ་ལ་རྒྱལ་བའི་བཞུགས་སྒར། དེ་བཞིན་གདན་ས་ཆེན་པོ་སེ་ར་དང་འབྲས་སྤུངས་དགའ་ལྡན་ལ་སོགས་པ་ཆོས་ཀྱི་སློབ་སྦྱོང་བྱེད་སའི་བསྟི་གནས་མང་དག་ཅིག་ཀྱང་བྱུང་ཡོད། བོད་ཁ་བ་གངས་ཅན་པའི་གཅེས་ནོར་༸གོང་ས་སྐུ་ཕྲེང་རིམ་བྱོན་གཙོས་པའི་བོད་ཀྱི་བླ་སྤྲུལ་ཁག་གི་བཀའ་དྲིན་ལ་བརྟེན་ནས་བོད་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བཞིན་རྒྱས་བ་ཞིག་བྱུང་ཡོད། བོད་གངས་ཅན་པ་རྣམས་ཀྱི་རྩ་བའི་བླ་མའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་འཚོ་བཞིན་གནས་པའི་སྐབས་རྒྱ་དམར་པོས་བོད་ཤར་ཕྱོགས་ནས་བཙན་བཟུང་བྱས་འགོ་བཙུགས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ང་ཚོའི་ཕ་ཡུལ་བོད་ཡོངས་རྫོགས་རྒྱ་མིའི་འོག་ཤོར་བ་རེད། འོན་ཀྱང་། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་མི་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་རེད། དེ་ནས་རིམ་བཞིན་༧གོང་ས་མཆོག་གི་རྒྱ་གར་ནང་བོད་པའི་སློབ་གྲྭ་དང་གཞིས་ཆགས། བཙན་བྱོལ་བོད་གཞུང་བཅས་གསར་འཛུགས་གནང་བ་རེད། ད་ལྟ་ང་ཚོ་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་ལ་ཡོད་པ་ནང་བཞིན་སྐྱིད་པོའི་ངང་ནས་བཙན་བྱོལ་ལ་གནས་ཡོད།
མ་འོངས་པར་ང་ཚོའི་ཕ་ཡུལ་བོད་རང་བཙན་ཐོབ་པ་ཡིན་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ང་ཚོ་བོད་མི་ཚང་མ་རང་གི་ཕ་ཡུལ་བོད་ལ་ལོག་འགྲོ་ཡི་རེད། དང་པོ་ང་ཚོ་བོད་ལ་སླེབས་པ་དང་དཀའ་ངལ་མང་པོ་འཕྲད་སྲིད། ཡིན་ན་ཡང་ང་ཚོ་ལ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་རང་ཡུལ་ལག་ཏུ་ཐོབ་ཕྱིན་ཆད་ལ་ང་ཚོར་དབུ་ཁྲིད་ཡང་དག་ཅིག་ཡོད་པས་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་དེ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡོང་ངེས་རེད་། ང་ཚོའི་ཕ་ཡུལ་བོད་ནི་རང་བཞིན་མཛེས་པོ་དང་ལོ་རྒྱུས་རིང་པོ་དང་ལྡན་པའི་ཡུལ་ཞིག་རེད། དེ་འདྲ་ཡིན་དུས་ངའི་མ་འོངས་པའི་བོད་དེ་༸གོང་ས་མཆོག་གིས་གནང་བའི་མང་གཙོ་ཀ་བ་གསུམ་གྱི་གཞུང་ཞིག་ངེས་པར་དུ་ཡོད་དགོས། བོད་གཞུང་དེ་མང་གཙོ་གཞུང་ཞིག་ཡིན་པའི་ཆ་ནས་དེང་དུས་དང་མཐུན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་། བོད་མི་ཚང་མ་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་ནས་མ་འོངས་པར་བོད་ནང་སོ་སོའི་ཕྲུ་གུ་རྣམས་ལ་སློབ་གྲྭའི་ནང་བོད་སྐད་ཡིག་གཙོ་བའི་བོད་ཀྱི་རིག་གཞུང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས། མི་རབས་རྒན་པ་རྣམས་ཀྱིས་གཞོན་པ་ཚོ་ལ་སློབ་སྟོན་བྱས་ནས་མ་འོངས་པའི་བོད་མི་མིང་དོན་མཚུངས་པ་ཞིག་བཟོ་ཐུབ་པ་དགོས། དེ་བཞིན་ད་ལྟའི་བོད་ཕྲུག་རྣམས་སློབ་སྦྱོང་ཡག་པོ་བྱས་ནས་རྗེས་མ་བོད་པའི་ཚན་རིག་པ་དང་སྨན་པ་ཚད་ལྡན་སོགས་ཆགས་ངེས་རེད། གདན་ས་གསུམ་གཙོས་བའི་བོད་ཀྱི་དགོན་སྡེ་ཁག་རྒྱ་མིས་གཏོར་བ་རྣམས་བསྐྱར་གསོ་བྱས་ནས་གྲྭ་བཙུན་རྣམས་ནས་ཆོས་ཀྱི་སློབ་སྦྱོང་སྔར་ལས་ལྷག་པ་སྦྱང་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐུབ་པ་བཟོས་དགོས། དེ་ལྟར་བྱུང་ན་དགོན་སྡེ་ཁག་ནས་དགེ་བཤེས་ལྷ་རམས་པ་སོགས་མཁས་དབང་ཚད་དང་ལྡན་པ་མང་པོ་ཐོན་ངེས་རེད། མ་འོངས་པར་བོད་པའི་སྤྱི་ཚོགས་འདི་ནི་ཞི་བདེ་དང་རང་དབང་བདེ་སྐྱིད་ལྡན་པ། དེ་བཞིན་མི་རྣམས་ཡ་རབས་བཟང་སྤྱོད་ལྡན་པ། ཕན་ཚུན་གུས་བརྩི་ཡོད་པ་ཞིག་ཡོང་དགོས་པ་གལ་ཆེ། ཤིན་ཏུ་རྩ་ཆེ་བའི་བོད་ཀྱི་་ཁོར་ཡུག་དེ་ངེས་པར་དུ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་གངས་རི་དང་། ཆུ་བོ། རྩྭ་ཐང་། ས་གཏེར་སོགས་རིན་ཐང་ཅན་གྱི་ཁོར་ཡུག་དེ་རྩ་ཆེན་པོར་བརྩིས་ནས་ངེས་པར་ཏུ་ཡར་རྒྱས་བཏང་ནས་སྲུང་སྐྱོབ་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ནི་ང་ཚོར་ཡོད་པའི་རྩི་ཤིང་ནགས་ཚལ་དང་། རི་དྭགས་སེམས་ཅན་སོགས་ནི་ང་ཚོའི་ཁོར་ཡུག་གི་རྒྱན་ཆ་གལ་ཆེན་ཞིག་ཡིན་པས་སྲུང་སྐྱོབ་བྱེད་དགོས། དེ་དག་ལ་གནོད་པ་མ་བྱས་པར་སྲུང་སྐྱོབ་བྱས་ན་ང་ཚོའི་ཁོར་ཡུག་བརྗིད་ཆགས་ལྡན་པ་ཞིག་ཆགས་ཀྱི་རེད། ང་ཚོའི་མ་འོངས་པའི་བོད་དེ་དགའ་སྐྱིད་དང་ཡར་རྒྱས་ཡོད་པའི་ཡུལ་ཞིག་ཏུ་འགྱུར་ནས་དེའི་ནང་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་གཞུང་ཞིག་ཏུ་གྱུར་དགོས། ཡར་རྒྱས་དང་བདེ་སྐྱིད་ལ་དམིགས་པའི་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཆགས་དགོས། རང་གི་སྐད་ཡིག་དང་རིག་གནས་ལ་གཞིར་བཞག་ནས་དེ་དག་གཙོ་བོར་འཛིན་དགོས། དེ་དང་མཉམ་དུ་དེང་དུས་ཤེས་ཡོན་དང་ལག་རྩལ་གསར་པ་ཡང་བསླབ་དགོས། དེའི་རྒྱུ་མཚན་ལ་བརྟེན་ནས་མ་འོངས་མི་རབས་ཀྱི་བོད་མི་རྣམས་ཤེས་ཡོན་ཡོད་པ་ཞིག་བྱུང་ན། བོད་རྒྱལ་ཁབ་སྔར་ལས་ལྷག་པ་ཞིག་ཡོང་ངེས་རེད།
གལ་ཏེ་ང་ཚོའི་ཕ་ཡུལ་བོད་དེ་རྒྱ་དམར་པོའི་ལག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་མ་ཐོབ་ན། ༸གོང་ས་མཆོག་གི་ཐུགས་ཀྱི་དགོང་ས་པ་བཞིན་དབུ་མའི་ལམ་ཀྱི་རང་སྐྱོང་ལྗོངས་ཤིག་ཐོབ་རྒྱུ་ཡིན་པ་དང་། དེ་འདྲ་ཡིན་དུས་ངས་མ་འོངས་པའི་ཕ་ཡུལ་བོད་དེ་སྲུང་སྐྱོབ་བྱེད་ཆེད་རྒྱ་གར་ནང་ད་ལྟ་ཡོད་བཞིན་པའི་བཙན་བྱོལ་བོད་གཞུང་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་སོགས་དར་སྤེལ་དང་སྲུང་སྐྱོབ་བྱེད་དགོས། ང་ཚོ་ལ་ད་ལྟ་ཕ་ཡུལ་མེད་ན་ཡང་ང་ཚོས་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་དེ་གལ་ཆེ་ཤོས་ཤིག་ཏུ་བཟུང་ནས་བོད་མི་ཡིན་ཕྱིན་ཆད་ལ་བོད་པའི་སྐད་ཡིག་གཙོ་བོར་སྦྱང་དགོས། མ་འོངས་པའི་བོད་དེ་སྔར་ལྷག་དགོན་པ་དང་། བོད་པའི་སློབ་གྲྭ། བོད་པའི་གཞུང་བཅས་འཛུགས་རྒྱུ་ཡིན། ང་ཚོ་ཚང་མས་རྒྱུན་དུ་བོད་ཆས་གྱོན་པ། བོད་སྐད་བརྒྱབ་པ། བོད་ཟས་བཟའ་བ། རེས་གཟའ་ལྷག་པ་ནམ་ཡིན་ལ་སྒོར་གཞས་འཁྲབ་པ། གལ་ཆེའི་དུས་ཆེན་སྐབས་བོད་མི་ཚང་མ་མཉམ་དུ་འཛོམས་ཐོག་བོད་མི་རིགས་དེ་རྩ་ལག་ཏུ་མ་འགྲོ་བ་ཞིག་དང་། ༸གོང་ས་མཆོག་གི་ལམ་སྟོན་འོག་སྔར་ལས་ལྷག་པ་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་ཕྱུག་པོ་དེ་དག་མི་མཉམ་གོང་དུ་སྤེལ་ནས་འཛམ་གླིང་ཡོངས་ནས་མིག་དཔེ་ལྟ་འོས་པ་ཞིག་དུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན། ངའི་མ་འོངས་པའི་ཕ་ཡུལ་བོད་དེ་མགྱོགས་ནས་མྱུར་དུ་རང་བཙན་ཀྱི་རྒྱལ་ཁབ་ཅིག་ཆགས་པར་ཤོག །

ད་བར་དཔྱད་མཆན་མེད།