བསྟན་འཛིན་མཆོག་འཛིན། འཛིན་གྲྭ་བདུན་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།

ང་ཚོ་བོད་མི་རིགས་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད་དེ་མེད་ཚེ་བོད་མི་རིགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ། བོད་ཀྱི་ཡི་གེ་ནི་ཐོག་མར་ཐོན་མི་སམ་བྷོ་ཊ་ཡིས་གསར་གཏོད་གནང་བ་རེད། གལ་སྲིད་ང་ཚོ་བོད་པ་ཚོས་བོད་སྐད་མ་ཤེས་པ་དང་བོད་སྐད་བཤད་མ་ཤེས་ན་ངོ་ཚ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། དེང་སང་སྤྱི་ཚོགས་ཀྱི་ནང་དུ་བོད་སྐད་བཤད་དུས་ཨིན་སྐད་དང་རྒྱ་གར་སྐད་མཉམ་བསྲེས་བྱས་ཏེ་བཤད་མཁན་ཧ་ཅང་མང་པོ་འདུག མི་དེ་འདྲའི་རིགས་རྣམས་རྗེས་སུ་བོད་ཀྱི་སྐད་ཡིག་རྩ་མེད་དུ་འགྲོ་རྒྱུའི་རྐྱེན་ཞིག་ཆགས་ངེས་རེད། དེར་བརྟེན་རང་གི་སྐད་དང་ཡི་གེ་ལ་དོ་སྣང་མང་ཙམ་སྤྲད་དགོས།

ཕྱི་ལོ་ ༡༩༥༩ ལོར་ང་ཚོའི་བོད་རྒྱལ་ཁབ་ཆེན་པོ་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་དབང་གྱུར་བྱས་ཏེ། ༸གོང་ས་མཆོག་དང་ང་ཚོ་བོད་མི་རྣམས་རྒྱ་གར་ཡུལ་དུ་བཙན་བྱོལ་ལ་ཡོང་དགོས་བྱུང། དེང་སང་སྤྱི་ཚོགས་ནང་བོད་ཀྱི་གཞོན་སྐྱེས་ཚོས་རང་གི་མ་སྐད་གཙང་མ་མ་བཤད་པར་སྐད་རིགས་གཞན་ལ་དོ་སྣང་སྤྲད་མཁན་མང་པོ་ཡོད་པ་མཐོང་གི་འདུག ང་ཚོ་བོད་ཀྱི་གཞོན་སྐྱེས་དང་ན་ཆུང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་སྦྱངས་དགོས་པ་དང་རྒྱུན་འཛིན་བྱེད་དགོས། རྒྱུ་མཚན་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དུས་རྟག་ཏུ་མི་དམངས་རྣམས་ལ་བཀའ་ཆོས་གནང་བའི་སྐབས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དོན་ཆ་ཚང་བ་ཞིག་བོད་ཡིག་ནང་བསྒྱུར་ཡོད། ཅེས་གསུང་གི་འདུག

ང་ཚོ་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་རང་གི་སྐད་དང་ཡི་གེ་ཇི་ལྟར་རྒྱུན་འཛིན་བྱེད་དགོས་ཞེ་ན།

༡། དེང་སང་ང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་བོད་སྐད་གཙང་མ་རྒྱག་མཁན་དང་བཤད་ཐུབ་མཁན་ཧ་ཅང་དཀོན་པོ་འདུག། དེར་བརྟེན། ད་ནས་བཟུང་ངས་ཨིན་ཇིའི་སྐད་ཡིག་ལས་རང་གི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།

༢། རྒྱུན་གཏན་སློབ་གྲྭའི་ནང་བོད་ཕྲུག་ཚོས་འཛིན་གྲྭའི་དགེ་རྒན་དང་སློབ་སྤྱི་ལགས་ལ་སྙན་ཞུ་དང་དགོངས་ཤོག་འབྲི་དུས་ལམ་སེང་ཨིན་སྐད་ནང་འབྲི་ཡི་འདུག ངས་དེ་ལྟར་མ་ཡིན་པར། དགོངས་ཤོག་རིགས་དང་སྙན་ཞུ་ཚང་མ་བོད་ཡིག་ནང་འབྲི་བ་ལས་ཨིན་ཇེའི་ནང་གཏན་ནས་འབྲི་ཡི་མིན།

༣། ངས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྩོམ་ཡིག་འགྲན་སྡུར་ནང་མཉམ་ཞུགས་གང་ཐུབ་བྱ་རྒྱུ་དང། ཨང་ཀི་ལེན་རྒྱུའི་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན།

ང་ཚོ་བོད་མི་རྣམས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་སློབ་གྲྭའི་ནང་བརྙན་སྟོན་འཕྲུལ་ཆས་དང་གློག་ཀླད་དྲ་རྒྱ་སོགས་ཡོད་པས། ང་ཚོས་དེ་དག་བེད་སྤྱོད་བྱས་ཏེ་བོད་ཡིག་སྦྱོང་གི་ཡིན། འདི་ང་ཚོའི་སློབ་གྲྭའི་ནང་དུ་བོད་ཀྱི་སྐད་ཡིག་འཛིན་ཁང་ཞིག་གསར་དུ་དབུ་འབྱེད་གནང་ཡོད། འཛིན་ཁང་འདི་ནི་ཤེས་རིག་ལས་ཁུངས་ནས་མཐུན་སྦྱོར་གནང་བ་ཞིག་རེད། དེའི་ནང་བོད་དང་རྒྱ་གར་ནས་པར་སྐྲུན་ཞུས་པའི་བྱིས་པའི་སྒྲུང་དེབ་ཧ་ཅང་མང་པོ་འདུག ངས་འཛིན་ཁང་དེའི་ནང་བསྡད་དེ་བོད་ཡིག་གི་སྒྲུང་དེབ་གང་མང་ཀློག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། འཛིན་ཁང་དེ་ང་ཚོ་བོད་ཡིག་སྦྱོང་རྒྱུར་ཕན་ཐོགས་ཆེན་པོ་འདུག སྐད་ཡིག་ནི་མི་རིགས་ཤིག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་ལ་ང་ཚོ་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན། གལ་སྲིད་བོད་ཡིག་རྩ་མེད་དུ་སོང་ན། ང་ཚོ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཐུབ་ཀྱི་མ་རེད་ལ། བོད་མི་རིགས་ཀྱང་རྩ་མེད་དུ་སོང་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན། རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར། བོད་མི་རིགས་གསོན་པོར་གནས་རྒྱུའི་ཆེད་དུ་བོད་ཀྱི་སྐད་ཡིག་ངེས་པར་དུ་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས། དམིགས་བསལ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས། འགན་ཁུར་ངེས་པར་དུ་ཕྲག་ཏུ་འཁྱེར་ཏེ། བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོའི་ངང་རང་གི་ཕ་སྐད་དང་ཡི་གེ་སྦྱོང་གི་ཡིན།