བསྟན་འཛིན་བྱང་སེམས། འཛིན་གྲྭ་བརྒྱད་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།

བོད་ཡིག་ནི་སྐད་ཡིག་གལ་ཆེན་པོ་ཞིག་ཡིན་པ་དང་བོད་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། བོད་ཡིག་ཐོག་མར་གསར་གཏོད་གནང་མཁན་ནི་ཐོན་མི་སམ་བྷོ་ཊ་ཡིན། ཐོག་མར་བོད་ནང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་མཆོག་གིས་གཅིག་ནས་བོད་ཀྱི་སྐད་ལ་ཞིབ་འཇུག་དང་གཉིས་ནས་རྒྱ་གར་གྱི་ཡི་གེ་ལ་ཞིབ་འཇུག་གནང་སྟེ། མཐར་བོད་རང་ཉིད་ཀྱི་སྐད་དང་ཡོངས་སུ་མཐུན་པའི་བོད་ཡིག་གསར་གཏོད་གནང་བ་རེད། ཐོན་མི་སམ་བྷོ་ཊ་ནི་ཆུང་དུས་ནས་བློ་རིག་རྣོ་ལ་ཁོག་རྒྱ་ཧ་ཅང་ཆེན་པོ་ཡོད། ཁོང་འཚར་ལོངས་བྱུང་རྗེས་རྒྱལ་པོ་སྲོང་བཙང་སྒམ་པོའི་བློན་པར་བསྐོས་གནང་བ་རེད། ཁོང་གིས་བརྩམས་པའི་བོད་ཡིག་འདི་ད་ལྟ་འཛམ་གླིང་ཡོངས་ལ་སྐད་གྲགས་ཆེན་པོ་ཡོད། དཔེར་ན། ཕྱི་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་བའི་ཆེད་དུ་བོད་ཡིག་སྦྱོང་གི་ཡོད། རྒྱུ་མཚན་ནི། ཁོང་ཚོས་བོད་ཡིག་མ་ཤེས་ན་བོད་པའི་ནང་ཆོས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་ཤེས་ཀྱི་ཡོད། ང་ཚོ་བདེན་པའི་འཐབ་རྩོད་བྱེད་མཁན་ཚང་མས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་ན། དེ་ཡང་འཐབ་རྩོད་བྱེད་སྟངས་ལེགས་ཤོས་ཤིག་ཡིན། ད་ལྟ་བོད་ནང་ལ་ཆ་བཞག་ན་བོད་ནང་གི་བོད་ཕྲུག་རྣམས་རྒྱ་མིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་སྟེ། བོད་ཡིག་སློབ་ཁྲིད་མ་བྱེད་པ་དང། བོད་སྐད་བཤད་བཅུག་གི་མེད། དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ཆེད་དུ་རེད། དེར་བརྟེན། ང་ཚོ་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་པའི་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་ལ་དམིགས་བསལ་འབད་བརྩོན་བྱེད་དགོས། རྒྱ་མིས་བོད་ནང་བོད་ཡིག་རྩ་མེད་དུ་བཏང་དགོས་དོན་ནི། ཁོང་ཚོས་བོད་མི་རྣམས་མ་འོངས་པར་རྒྱ་མི་ལ་བསྒྱུར་ཐབས་ཀྱི་ཆེད་དུ་ཡིན། བོད་ནང་གི་བོད་མི་རྣམས་ལ་རང་དབང་མེད། ང་ཚོ་བཙན་བྱོལ་གྱི་ནང་ལ་རང་དབང་ཆ་ཚང་ཡོད་པས། ང་ཚོས་གོ་སྐབས་དེ་དམ་འཛིན་བྱེད་ནས་སྦྱང་བརྩོན་བྱེད་དགོས། ང་ཚོས་གོ་སྐབས་བཟང་ཤོས་དེ་ཆུད་ཟོས་སུ་གཏང་རྒྱུ་མེད།

ང་རང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ཡིག་ལ་དམིགས་བསལ་དོ་སྣང་དང་སྦྱང་བརྩོན་བྱེད་ཀྱི་ཡོད། ངའི་ངོས་ནས་དུས་ཁོམ་བྱུང་དུས་བོད་ཡིག་སྒྲུང་དེབ་མང་པོ་ཀློག་གི་ཡོད་པ་དང། བོད་ཡིག་ཡིག་གཟུགས་འབྲི་སྦྱོང་བྱེད་རྒྱུར་དམིགས་བསལ་དགའ་པོ་ཡོད། ངས་ད་དུང་རེས་གཟའ་ཉི་མའི་གུང་གསེང་ལ་འགྲོ་རྒྱུའི་དགོངས་ཞུ་ཚང་མ་བོད་ཡིག་གི་ནང་ལ་འབྲི་ཡི་ཡོད་པ་མ་ཟད། ངས་བོད་ཡིག་འབྲི་སྟངས་དང་རྩོམ་ཡིག་འབྲི་སྟངས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཉིན་ལྟར་བོད་ཡིག་གི་ནང་ལ་ཉིན་ཐོ་འབྲི་ཡི་ཡོད། ངས་རྒྱུན་གཏན་སློབ་གྲྭ་དང་ཉལ་ཁང། རྩེད་ཐང་སོགས་སུ་རྒན་ལགས་དང་ཡང་ན་སློབ་གྲོགས་ནང་ཁུལ་སྐད་ཆ་བཤད་པ་དང་འབྲེལ་བ་བྱེད་དུས་བོད་སྐད་གཙང་མ་བཤད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོ་སློབ་ཕྲུག་ཚོ་ཨིན་ཇེའི་སྒྲུང་དེབ་དང་གཞས་ལ་ཧ་ཅང་དགའ་པོ་ཡོད་རེད། ཡིན་ནའའང། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་གི་སྒྲུང་དེབ་མང་ཙམ་ཀློག་དགོས་པ་དང། སོ་སོའི་རིག་གཞུང་ལ་དགའ་ཞེན་ངེས་པར་དུ་བྱེད་དགོས། གལ་སྲིད་ང་ཚོས་རྒྱུན་གཏན་འཚོ་བའི་ནང་དུ་བོད་ཡིག་བེད་སྤྱོད་མ་བྱེད་པ་དང་བོད་སྐད་གཙང་མ་མ་བཤད་ན། བོད་ཡིག་འདི་གསོན་པོར་གནས་ཐུབ་ཀྱི་མ་རེད། བོད་ཡིག་ཉམས་རྒུད་ཕྱིན་ན་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན། བོད་ཡིག་ནི་ངའི་སྐད་ཡིག་ཡིན་པ་དང། ང་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ཡིག་ལ་དགའ་ཞེན་ཆེན་པོ་ཡོད།