ཟླ་བཟང་མོ་བླ་མ། འཛིན་གྲྭ་བཅུ་གཉིས།
བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ།

ང་ཚོ་ཚང་མས་ཤེས་པ་ལྟར་བོད་ནི་གངས་ལྗོངས་ཡུལ་ཞིག་ཡིན་པ་མ་ཟད། བོད་མི་དང་ས་ཁུལ་ཡང་ཧ་ཅང་གྱི་རིན་ཐང་ཆེན་པོ་ཞིག་ཡིན། བོད་ཡུལ་ཆེན་པོ་ནང་ལ་མི་འབོར་མང་པོ་མེད་ཀྱང་། ཚང་མ་ས་ཁུལ་གང་སར་ཐོར་ནས་བསྡད་ཡོད། ཡིན་ན་ཡང་བོད་མི་ཚང་མ་འ་ལྡོག་རྩ་གཅིག་སྒྲིལ་སྐྲུན་མཁན་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན། བུ་མོ་ངས་དུས་རྒྱུན་དུ་མ་འོངས་པར་ང་རང་ཚོའི་ཕ་ཡུལ་བོད་གང་འདྲ་ཞིག་འབྱུང་རྒྱུ་ཡིན་ན་ཞེས་བསམ་བློ་བཏང་ནས། ངའི་བསམ་པར་མ་འོངས་པའི་བོད་དང་བོད་མི་རྣམས་དགོས་པ་གཙོ་བོ་གསུམ་འདུག རྒྱ་མིས་ཕྱོ་ལོ་ ༡༩༥༩ ནས་ད་ལྟ་བར་དུ་བོད་བཙན་བཟུང་བྱས་ནས་ལོ་ངོ་མང་པོ་ཕྱིན་ཡང་། བོད་ལ་སྐྱིད་པའི་ཉི་མ་ཤར་ནས་བོད་ཀྱི་རང་བཙན་ཐོབ་རྒྱུ་རེ་སྨོན་ཡོད། བོད་ཕྲུག་ང་རང་སློབ་མ་ཞིག་ཡིན་པས། མ་འོངས་པའི་ཕ་ཡུལ་བོད་དེ་གང་འདྲ་དགོས་པ་ཞེ་དྲག་བཤད་མི་ཤེས་ཀྱང་། མ་འོངས་པའི་ཕ་ཡུལ་བོད་དེ་ཧ་ཅང་སྐྱིད་ཉམས་ལྡན་པ་ཞིག་འབྱུང་རྒྱུ་ལ་དོན་ཚན་གསུམ་ཐོག་ནས་བཤད་རྒྱུ་ཡིན།

དང་པོ། སྤྱིར་བཏང་གི་ཤེས་ཡོན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་བཟུང་བྱས་ནས་བོད་ནས་རྒྱ་གར་དུ་སྐུའི་ཉེན་གཡོལ་དུ་ཕེབས་ནས། ཐོག་མར་ཁོང་གིས་བོད་དང་བོད་མི་ཚོའི་སྐད་དང་རིགས་གཞུང་མི་ཉམས་པའི་ཆེད་དུ་སྐུ་ཞབས་ནེ་རུ་མཆོག་ལ་བོད་ཕྲུག་གི་ཆེད་དུ་སློབ་གྲྭ་ཞིག་དགོས་ཞུས། དེའི་བཀའ་དྲིན་ལ་བརྟེན་ནས་དེང་སང་བོད་ཕྲུག་ང་དང་ང་འདྲ་པོ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་གི་བླ་སྲོག་བདག་གཅེས་བྱ་རྒྱུའི་ཆེད་སློབ་གྲྭ་འགྲོ་བའི་དགོས་སྐབས་རྙེད། ང་རང་ཚོ་འདི་ལ་མིག་དཔེ་ལྟ་ནས་དུས་རབས་ད་ལྟ་ཡི་སློབ་གྲྭ་ལ་སློབ་བཞིན་པའི་ཤེས་ཡོན་གཅིག་པོ་གལ་ཆེ་བར་མ་བཟུང་ནས། སྤྱིར་བཏང་གི་ཤེས་ཡོན་ཡང་སྦྱོང་དགོས་པ་གལ་ཆེན་པོ་རེད། ང་ཚོ་ཚང་མ་ཤེས་པ་ལྟར་སློབ་གྲྭ་ལ་སློབ་པའི་ཤེས་ཡོན་གྱིས་ང་ཚོ་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་བཟོ་བ་དང་། འདི་མཉམ་དུ་ང་ཚོ་ལ་སློབ་གྲྭའི་སློབ་ཚན་འགྲིག་པའི་ཤེས་ཡོན་གྱིས་མི་ཞིག་ལ་རྒྱལ་པོ་བཟོ་ཡི་རེད། ད་ལྟ་ངས་སྤྱིར་བཏང་གི་ཤེས་ཡོན་བཤད་དུས་མི་ཞིག་སྤྱི་ཚོགས་ལ་གནས་ཐུབ་པའི་རྩ་བ་དེ་ཡིན། དེའི་ཕྱིར། ངའི་བསམ་པ་ལ་མ་འོངས་བོད་མི་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་གྱི་མཉམ་དུ་རྩལ་འདྲ་མིན་སྣ་ཚོགས་སྦྱོང་བའི་ཐོག་ནས་ང་ཚོའི་མ་འོངས་པའི་ཕ་ཡུལ་བོད་ནི་ཤེས་ཡོན་གང་ཅི་ཐོག་ནས་ཕུན་སུམ་ཚོགས་པ་བསྐྲུན་དགོས་པའོ།།

གཉིས་པ། བོད་ཀྱི་སྐད་དང་རིག་གཞུང་།

ཁྱེད་ཚོས་རྒྱ་སྐད་བཤད་ཤེས་པ་ནི་ཁྱེད་ཚོའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ཁྱེད་ཚོས་བཤད་མ་ཤེས་ནའང་ང་ཚོ་དགོས་དོན་མེད། འོན་ཀྱང་གལ་སྲིད་ཁྱེད་ཚོས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ཁྱེད་ཚོའི་ཞབས་འདྲེན་ཡིན་པས་རང་ཉེད་ངོ་ཚོ་དགོས་པ་ཞིག་རེད། ཅེས་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོ་བོད་མི་ཞིག་ཡིན་པས་བོད་སྐད་དེ་ང་ཚོའི་ངོས་ནས་བདག་གཅེས་བྱེད་དགོས་རེད། བོད་མི་ཞིག་གིས་རྒྱལ་ཁབ་གཞན་པའི་སྐད་ཡིག་ཤེས་ན་དེ་ནི་བོད་མི་རྣམས་ཀྱི་རྒྱན་ཆ་གྱོན་པ་དང་འདྲ་པོ་རེད། དེང་སང་བོད་པའི་སློབ་གྲྭ་ཁག་ནང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། བོད་མི་སློབ་ཕྲུག་དག་གིས་ཨིན་སྐད་དང་རྒྱ་གར་སྐད་ཧ་ཅང་སྙན་པོ་བཤད་ཀྱི་འདུག ཡིན་ན་ཡང་། བོད་ཕྲུག་རྣམས་ཀྱི་བོད་སྐད་བཤད་དུས་བོད་སྐད་གཙང་མ་བཤད་མི་ནུས་ནས་སྐད་ཆ་དགག་པ་དང་། རྒྱ་གར་དང་ཨིན་ཇིའི་ཚིག་མང་དག་བེད་སྤྱོད་གཏོང་གི་འདུག རྒྱ་ཁབ་གཞན་གྱི་སྐད་ཡིག་འདྲ་མིན་ཤེས་ན་བེད་སྤྱོད་མང་པོ་ཡོད་ཀྱང་། རང་ཉིད་ཀྱི་ཕ་སྐད་བོད་ཡིག་གོང་འཕེལ་བཏང་ནས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན། བུ་མོ་ངས་ཨིན་སྐད་དང་ཧིན་སྐད་ལ་སོགས་པའི་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཤེས་ན་ནོར་རེད་ལབ་ཀྱི་མེད། བོད་མི་ང་རང་ཚོའི་རིག་གཞུང་བློ་སྲོག་བོད་ཀྱི་སྐད་ཡིག་ཡིན་ཞིང་། བོད་སྐད་གཙང་མ་བཤད་ནས་བདག་གཅེས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

རྒྱལ་ཁབ་ཅིག་གི་སྐད་དང་རིག་གཞུང་གཉིས་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། འདི་ནི་རྒྱལ་ཁབ་དེ་ཡི་ངོ་བོ་ཞིག་ཡང་ཡིན་། རྒྱལ་ཁབ་ཚང་མ་ལ་རང་རང་སོ་སོའི་རིག་གཞུང་ཡོད་རེད། ང་ཚོ་བོད་པ་རང་ལ་ཡང་རིག་གཞུང་མང་པོ་ཡོད་པ་མ་ཟད། བོད་ནང་ལ་རིག་གཞུང་འདྲ་མིན་ཡོད་དེ། ཆོས་ལུགས་ལྔ་དང་། སྐད་ཆ་བཤད་བཏང་། མདོ་སྟོད་སྨད་བཅས་ཀྱི་གྱོན་ཆས་གྱོན་སྟངས་སོགས་ཡོད་ཅིང་། མ་འོངས་བོད་ལ་བོད་མི་ང་རང་ཚོའི་ངོས་ནས་རིག་གཞུང་བདག་གཅེས་བྱེད་པ་དང་གོང་འཕེལ་བྱེད་ཐུབ་པའི་སྨོན་ལམ་ཡོད། ང་ཚོའི་བོད་པའི་རིག་གཞུང་མང་པོ་ཡོད་པའི་ནང་ནས་རྒྱལ་ཁབ་གཞན་གྱི་མི་རྣམས་ཀྱི་དགའ་མོལ་བྱེད་པའི་རིག་གཞུང་ནི་། བོད་ཀྱི་གྱོན་ཆས་ཕྱུ་བ་དང་། ཟ་མ་བཅས་ཡིན་པས། དེ་ནི་ཁྱབ་སྤེལ་མི་བྱེད་ཀྱང་ཁྱབ་སྤེལ་དང་སྤེལ་བཞིན་ཡོད།

གསུམ་པ། ཆོས་དང་འབྲེལ་བའི་བཟང་སྤྱོད།

སྤྱིར་འཛམ་བུ་གླིང་འདིའི་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ད་ལྟའི་སློབ་གྲྭ་ཁག་གི་ནང་ལ་ཡང་བརྗོད་གཞི་དེའི་ཐོག་ཏུ་སློབ་ཁྲིད་བྱེད་ཀྱི་ཡོད། ང་ཚོ་བོད་པ་ལ་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་བྱམས་དང་སྙིང་རྗེ་དེ་ཨ་མའི་མངལ་ནས་སྐྱེས་པ་དང་ཡོད་པའི་ཁྱད་ཆོས་ཤིག་རེད། མཚམས་མཚམས་ང་རང་གིས་ཚོར་སྣང་ལ་མི་འདྲ་བ་འབྱུང་གི་འདུག གང་ཡིན་ཟེར་ན། སྤྱིར་བཏང་ང་ཚོས་སཱི་ཤེས་ཡོན་དེ་སློབ་གྲྭ་ལ་སྦྱང་དགོས་པའི་སློབ་ཚན་ཡང་མ་རེད། འདི་ནི་ང་ཚོ་བོད་མི་ཚོ་ལ་རང་བཞིན་ནས་ཡོད་རེད། ང་ཚོ་བོད་མི་ཞིག་ཡིན་པས་གཤིས་ཀ་ཡག་པོ་དེ་མ་འོངས་པའི་བོད་མི་ལ་ཡང་ཡོད་པ་དེ་ང་འདྲ་བའི་ན་གཞོན་དག་གི་ལན་འགན་རང་གི་རེད། ༸གོང་ས་མཆོག་གིས་དུས་རྒྱུན་དུ་མི་རྣམས་ཀྱི་སྤྱོད་བཟང་པོ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་དང་གསུང་བཞིན་པས། བོད་མི་ང་ཚོ་རྩ་བའི་བླ་མ་ཁོང་གི་སློབ་མ་ཡིན་པས་དེ་ལག་ལེན་བྱེད་དགོས་པ་ང་ཚོའི་ལན་འགན་ཡིན། གང་ཡིན་ཟེར་ན། དང་པོ་སོ་སོའི་ལག་ལེན་ལྟར་ན། གཞི་ནས་མི་གཞན་པས་ལག་ལེན་བསྟར་གྱི་རེད། གལ་སྲིད་རང་སོ་སོས་ལག་ལན་མ་བསྟར་ན། མི་གཞན་ལ་བྱེད་དགོས་རེད་བཤད་ན་ཡང་མི་སུ་ཡང་ཉན་རྒྱུ་མེད་པ་ལ་ལག་བསྟར་ག་ལ་བྱེད། འདི་ལ་བལྟས་ནས་བོད་མི་ང་ཚོ་ཚང་མས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ལ་ངེས་པརེ་དུ་ལག་ལན་བྱེད་དགོས་རེད།

མདོར་བསྡུས་ན། ངས་མ་འོངས་པ་བོད་ལ་གངས་ལྗོངས་རི་བོ་འཁོར་བ་དང་བོད་རང་དབང་ཐོབ་པའི་རྒྱལ་གཅིག་པོ་རེ་བྱེད་ཀྱི་མེད། ངས་བོད་མི་ཚོས་ཤེས་ཡོན་གཅིག་པུ་ཡོད་མ་ཟད། དེ་དང་མཉམ་དུ་རྩལ་འདྲ་མིན་ཡོད་པ་དང་། བོད་མི་ཚོས་བོད་སྐད་གཙང་མ་ངང་སྐད་བཤད་པ་དང་། བོད་ཀྱི་རིགས་གཞུང་མ་ཉམས་ནས་གོང་འཕེལ་བཏང་ནས་བོད་ཀྱི་ན་གཞོན། ལོ་རྒན་པ་མཐའ་དག་རྡོ་རྩ་གཅིག་དྲིལ་ངང་དེ་ལ་བསྡད་པ་ཡོད་པའི་རེ་བ་བྱེད་ཀྱི་ཡོད། བོད་ཀྱི་རང་དབང་ཤོར་ནས་ལོ་ངོ་མང་པོ་ནས་བོད་ཀྱི་རིགས་གཞུང་དང་སྐད་ཡིག་གནས་ཐུབ་པ་པས། དེའི་ཆེད་དུ་སྐུ་ལས་ཚད་མེད་གནང་མཁན་ངས་༸གོང་ས་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་ལ་ངའི་སེམས་གཏིང་ནས་ཤིན་ཏུ་བཀའ་དྲིན་ཆེ་ཞུའོ།།