མགོ་རས་དཀྲིས་པ། རྩྭ་ཞྭ་གྱོན་པ། བཙས་མ་རྔ་བ། ཁལ་བཀལ་བ། དབོར་འདྲེན་བྱེད་པ། གྲོ་ཤོག་བརྩིགས་པ། ཇ་དེམ་འཁུར་བ། རྩེད་མོ་རྩེ་བ། སྙེ་མ་འཐུ་བ། ཕྱུགས་འཚོ་བ།
གྲོང་འདབས་ཀྱི་ཞིང་ཁ་ཀུན་ཏུ་མགོ་རས་དམར་པོ་དཀྲིས་པའི་བུད་མེད་དང་། རྩྭ་ཞྭ་གྱོན་པའི་སྐྱེས་པ་རྣམས་ཟང་ཟིང་ལང་ལོང་གིས་བཙས་མ་རྔ་ཞིང་གྲོ་ཤོག་རྣམས་ཤིང་རྟའི་ནང་བརྩིགས་པའམ། ཡང་ན་བོང་བུར་ཁལ་བཀལ་ཏེ་གཡུལ་ཁའི་ནང་དུ་དབོར་འདྲེན་བྱེད་བཞིན་འདུག སྟོན་ཁའི་དུས་སུ་མི་སུ་ཡིན་ཡང་ཅི་ནུས་ཀྱིས་གཡུལ་ཁ་རུ་གྲོ་ཤོག་བརྩིགས་རོགས་སམ་ཡང་ན་ཞིང་ཁར་ཇ་དེམ་འཁུར་ནས་འགྲོ་བཞིན་ཡོད། ང་ཚོ་ཕྲུ་གུ་རྣམས་ལ་ཡང་རྩེད་མོ་་རྩེ་ཁོམ་མི་འདུག་སྟེ། ང་ཚོ་ནི་མཇུག་མ་གྱེན་དུ་རྩེང་སྟེ་སྨྱོ་རྒྱུག་བྱེད་པའི་བ་ཕྱུགས་ཀྱི་རྗེས་སུ་རྔུལ་ནག་འབབ་བཞིན་བརྒྱུགས་པ་དང་། ཁ་ཤས་ཤིག་གིས་ཞིང་ཁར་སྙེ་མ་འཐུ་བཞིན་ཡོད། སྟོན་ཁ་ནི་དངོས་གནས་བྲེལ་ཟིང་ཆེ་བའི་དུས་ཚིགས་ཤིག་རེད་ཨང་། ཡིན་ནའང་། བྲེལ་ཟིང་གི་དུས་ཚོད་དེ་ཡུན་ཐུང་བ་ཞིག་རེད། ངལ་རྩོལ་ལ་བརྟེན་ནས་ཡུལ་མི་ཚོས་ལོ་ལེགས་ཀུན་གཡུལ་ཁར་བརྩིགས་ཤིང་། གྲོང་ཚོའི་ཁོར་ཡུག་ཀུན་ཏུ་གྲོ་ཞིང་བརྔས་ཤུལ་དུ་སོག་མ་སྐྱ་ཐག་གེར་བསྐྱུར་འདུག རི་མགོར་བཀག་ཡོད་པའི་གནག་ཕྱུགས་ཚང་མ་ད་ནི་ཞིང་ཁུག་ཏུ་གང་དགར་འཚོ་ཞིང་། འཚོ་བ་ཡང་རིམ་གྱིས་སྟབས་བདེ་རུ་གྱུར་།
 
མཆན་འགྲེལ།
འདབས། ཉེ་ལོགས་ཀྱི་མིང་སྟེ། ཉེ་འདབས། རྔ། རྩི་ཤིང་འབྲེག་པ། གཡུལ་ཁ། སྟོན་ཐོག་ཚར་མའི་ལས་ཀ་བྱེད་ས། རྩེང་། ཡར་ལང་བ། སྙེ་མ། ལོ་ཏོག་གི་འབྲས་བུ་མང་པོ་འདུས་པའི་ཆུན་པོ། འཐུ། སྡུད་པ་དང་སྒྲུག་པ། སོག་མ། འབྲུའི་འབྲས་བུ་ཕྱུང་ཟིན་པའི་གཟན་པ། གནག་ཕྱུགས། འབྲི་གཡག་དང་མཛོའི་རིགས།