གནས་སྤོ་བ། རླང་འཁོར་དུ་བསྡད་པ། ཤེལ་ཡོལ་ཕབ་བ། མགོ་བོ་བསྲིངས་པ། ལག་གཡུགས་བྱེད་པ། མིག་སྐྱེལ་བྱེད་པ། མིག་ཆུ་བཞུར་བ།
དགེ་རྒན་མི་འགྱུར་གྱི་ཁང་པའི་ནང་གི་དཔེ་ཆ་དེ་དག་ཤོག་སྒམ་དུ་བཅུག་ནས་སྣུམ་འཁོར་དུ་བཞག་ཅིང་། དེ་ནས་ཅ་ལག་ཁ་ཤས་ཀྱང་བཞག་སྟེ། མཇུག་མཐར་སྣུམ་འཁོར་དུ་བསྡད་ནས་བུད་སོང་། སྣུམ་འཁོར་སློབ་གྲྭའི་ནང་ནས་མར་ཐོན་ཡོང་དུས། ངེད་ཅག་གི་སྙིང་ཉེ་བའི་དགེ་རྒན་ཏེ། ང་ཚོར་མི་ལོ་དུ་མའི་རིང་ལ་ཤེས་རིག་གི་གསོ་བཅུད་སྦྱིན་མཁན་གྱི་དགེ་རྒན་དེ། ང་ཚོར་ཁྱོད་ཚོ་ནི་བོད་ཀྱི་རེ་བ་ཡིན་ཟེར་མཁན་གྱི་དགེ་རྒན་དེ། སློབ་གྲྭ་གཞན་དུ་གནས་སྤོས་འགྲོ་མཁན་གྱི་དགེ་རྒན་དེ། དགེ་རྒན་དེས་སྣུམ་འཁོར་གྱི་སྒེའུ་ཁུང་ཤེལ་ཡོལ་མར་ཕབ་སྟེ། མགོ་བོ་སྒེའུ་ཁུང་གི་ཕྱི་རུ་བསྲིངས་ནས་ང་ཚོའི་ཕྱོགས་སུ་ལག་བརྡ་ཡང་ཡང་གཡུགས་བྱུང་། ང་ཚོ་སྣུམ་འཁོར་གྱི་རྗེས་སུ་བརྒྱུགས་ནས་གཞུང་ལམ་བར་དུ་མིག་སྐྱེལ་བྱས། དགེ་རྒན་མི་འགྱུར་གྱི་སྐྲ་ལོ་རིང་པོ་དེ་རླུང་གིས་སྐྱོད་བཞིན་པ་དེ་དང་། གཡུག་གཡུག་བྱེད་པའི་ལག་པ་དེས་ང་ཚོར་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་སྟེར་བས། ང་ཚོས་གྱེས་བྲལ་གྱི་མིག་ཆུ་འགོག་ཐབས་མེད་པར་བཞུར་དགོས་བྱུང་།
 
མཆན་འགྲེལ།
ངེད་ཅག། ང་ཚོ། དུ་མ། གཅིག་མིན་མང་པོ། གསོ་བཅུད། འཚོ་བར་བྱེད་པའི་སྙིང་པོ། གནས་སྤོ་བ། སྡོད་གནས་གཞན་དུ་སྤོ་བ། མགོ་བོ། མགོ གཞུང་ལམ། ལམ་ཆེན། སྐྲ་ལོ། སྐྲ། སྐྱོད། གཡོ་བ། གྱེས་བྲལ། སོ་སོར་བྲལ་བ། བཞུར། གཤེར་ཁུའི་རིགས་འབབ་པའམ་འཛག་པ།