Skip to main content
ཤེས་རིག་ལས་ཁུངས།

ཨ་མ་ལགས།

ཨ་མ་ལགས།

བསྟན་འཛིན་ཡིད་འཕྲོགའཛིན་གྲྭ་ལྔ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།       འཛམ་གླིང་ནང་ཕྲུ་གུ་ཚང་མའི་གལ་ཆེ་ཤོས་ནི་ཨ་མ་ལགས་ཡིན། ངའི་ཨ་མ་ལགས་ཀྱིས་ང་ལ་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱ་རྒྱག་གི་འདུག དེ་ཡང་རྒན་པ་དང་དགེ་རྒན་རྣམས་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང་གནང་དགོས་སྐོར་གསུང་གི་འདུག ཁོང་ནི་ངའི་དགེ་རྒན་ཐོག་མ་དང་གྲོགས་མོ་ཡག་ཤོས། དམིགས་དཔེ་ལྟ་ས་ཡག་ཤོས་དེ་ཡིན། ཨ་མ་ལགས་ཀྱིས་ཉིན་ལྟར་ང་ཚོ་ནང་མི་ཚང་མ་ལ་བྱམས་སྐྱོང་ངང་སྐྱོང་གི་འདུག ཁོང་ཉིན་ལྟར་ཞོགས་པ་སྔ་པོ་ལངས་ནས་ཞོགས་ཟས་བཟོ་ཡི་ཡོད་པ་མ་ཟད་ཅོག་རྩེ་སྒང་ལ་གྲ་སྒྲིག་བྱས་ནས་འཇོག་གི་ཡོད། མཚམས་རེར་ང་རང་ནད་པ་ཆགས་དུས་ང་རང་གི་ཨ་མ་ལགས་ཀྱིས་སེམས་ཁྲལ་མང་པོ་གནང་གི་ཡོད་པ་མ་ཟད་ང་རང་ལ་ཉིན་མཚན་མེད་པར་ལྟ་སྐྱོང་གནང་གི་ཡོད། ཨ་མ་ལགས་ནི་ནང་མི་ནང་ནས་གལ་ཆེ་ཤེས་དེ་ཡིན། མཚམས་རེ་ང་རང་ནོར་འཁྲུལ་ཤོར་དུས་ཨ་མ་ལགས་ཀྱིས་དེར་ཡོ་བསྲང་གནང་གི་ཡོད་པ་མ་ཟད་མཚམས་རེར་ཨ་མ་ལགས་ཀྱིས་ང་ལ་གཤེ་གཤེ་ཡང་གཏོང་གི་ཡོད། ཡིན་ཡང་ང་རང་ཁོང་ཁྲོ་ཟ་ཡི་མི་འདུག་གང་ཡིན་ཟེར་ན་ཨ་མ་ལགས་ཀྱི་ང་རང་གི་ཆེད་དུ་གསུང་གི་ཡོད།       ཁོང་གིས་ང་ཚོ་ལ་ཁ་ལག་ཞིམ་པོ་དེ་འདྲ་བཟོ་ཡི་ཡོད་པ་མ་ཟད་གཟུགས་པོ་ལ་ཕན་པ་རྐྱང་བཟོ་ཡི་ཡོད། ཉིན་ལྟར་ང་ཚོ་བར་སེང་སྐབས་ཤིང་འབྲས་དང་ཤིང་འབྲས་ཁུ་བ་རྐྱང་གནང་གི་ཡོད། མཚམས་རེར་དངུལ་སྤྲོད་ཀྱི་ཡོད། དངུལ་སྤྲད་པ་རྣམས་ཤིང་འབྲས་ཁུ་བ་རྐྱང་ཉོ་ཡི་ཡོད། ངའི་ཨ་མ་ལགས་ཀྱི་མཚན་ལ་བསྟན་འཛིན་སྒྲོལ་མ་ཟེར་གྱི་ཡོད། ཁོང་ནི་ཧ་ཅང་གི་ཡག་པོ་ཡོད། ཁོང་ནི་ང་ཚོའི་སློབ་གྲྭའི་རྒན་ལགས་ཤིག་ཡིན། ཁོང་གིས་ཨང་རྩིས་སློབ་ཚན་སློབ་ཁྲིད་གནང་གི་ཡོད། ཁོང་གིས་ཨང་རྩིས་ཧ་ཅང་གི་ཡག་པོ་སློབ་ཀྱི་ཡོད་པ་མ་ཟད་དགའ་ལྷང་ལྷང་ངང་སློབ་ཁྲིད་གནང་གི་ཡོད། ཁོང་གི་སློབ་ཕྲུག་རྣམས་ཀྱིས་ཁོང་ལ་དགའ་པོ་གནང་གི་ཡོད། ཨ་མ་ལགས་ཀྱིས་ཉིན་ལྟར་ང་ཚོ་གཉིས་ལ་སློབ་སྦྱོང་ལ་རོགས་རམ་ཡང་གནང་གི་ཡོད། ཁོང་གི་ང་ལ་རྔན་པ་མང་པོ་སྤྲོད་ཀྱི་མེད་གང་ཡིན་ཟེར་ན་རྔན་པ་མང་པོ་བཟས་ན་ནད་པ་ཆགས་ཀྱི་ཡོད་ཙང་སྤྲོད་ཀྱི་མེད། ཨ་མ་ལགས་ཀྱིས་ག་དུས་ཡིན་ཡང་ཟས་གོས་དང་ཅ་ལག་གཞན་གང་ཡིན་ཡང་ཡག་ཤོས་དེ་སོ་སོའི་ཕྲུ་གུ་ལ་སྤྲད་པ་རིན་ཆེན་ནོར་བུ་སྟར་རྩི་ནས་བྱམས་བརྩེས་ངང་སྐྱོང་གི་ཡོད།       ངའི་ཨ་མ་ལགས་ཀྱིས་ཁ་ལག་ལ་དབྱེ་འབྱེད་མེད་པར་ཚང་མ་ལ་དགའ་པོ་གནང་གི་ཡོད། ང་རང་ཚོ་ལ་ཡང་ཁ་ལག་ལ་དབྱེ་འབྱེད་མེད་པར་ཚང་མ་ཟ་དགོས་གསུང་གི་འདུག ཨ་མ་ལགས་རྣམས་ཀྱི་རང་གི་ཕྲུ་གུའི་ཆེད་དུ་ཉིན་མཚན་མེད་པར་སྐུ་ལ་སྐྱོན་གྱི་ཡོད། ངའི་ཨ་མ་ལགས་ཀྱིས་ཀྱང་ག་དུས་ཡིན་ཡང་ང་དང་ཅོ་ཅོ་གཉིས་ཀྱི་དོན་དུ་སྐུ་ལས་མང་པོ་སྐྱོན་དགོས་ཐུབ་ཀྱི་ཡོད། མཚམས་རེར་ང་རང་མཚན་མོ་ཕྱི་པོ་ལ་ཚ་བ་རྒྱག་དུས་ཨ་མ་ལགས་ཀྱིས་མཚན་གང་ང་ལ་ལྟ་སྐྱོང་བྱས་ནས་བཞུགས་ཀྱི་ཡོད། ང་ཚོ་ཕྲུ་གུ་རྣམས་ཕ་མའི་ཁ་ལ་ཉན་པོ་བྱེད་དགོས་རྒྱུ་དང་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། ང་ཚོ་ཕྲུ་གུ་རྣམས་ནས་སློབ་སྦྱོང་ལ་ཧུར་བརྩོན་དང་སྤྱོད་པ་ཡག་པོ་གནང་བ་དེ་ནི་ཨ་མ་རྣམས་ལ་རྔན་པ་ཆེ་ཤོས་དེ་ཡིན། ངའི་ཨ་མ་ལགས་ནི་གཟུགས་པོ་ཤིང་སྡོང་ནང་བཞིན་རིང་པོ་དང་རྩ་བ་ནང་བཞིན་སྐམ་པོ་ཡོད། ཁོང་ནི་གཞས་འཁྲབ་རྒྱུ་ལ་དགའ་པོ་ཡོད། མཚམས་རེར་ཁོང་གིས་ང་ལ་གཞས་འཁྲབ་སྟངས་ཡང་སློབ་ཀྱི་ཡོད། གུས་མོ་ཁྱེད་ཀྱི་དཀའ་དྲིན་རྣམས་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བཅངས་ནས་སློབ་སྦྱོང་ལ་ཧུར་བརྩོན་གནང་བ་མ་ཟད་བཟང་སྤྱོད་ཀྱང་གང་ཐུབ་བྱེད་ཀྱི་ཡིན། ཨ་མ་ལགས་ཁྱེད་ཀྱི་དྲིན་ལན་འཇལ་ཐུབ་པའི་སྨོན་ལམ་ཡོད། ཨ་མ་ལགས་ཐུགས་རྗེ་ཆེ།

ངའི་བརྩེ་བའི་ཕ་མ།

ངའི་བརྩེ་བའི་ཕ་མ།

ཚེ་རིང་སྒྲོལ་མ།འཛིན་གྲྭ་ལྔ་པ། ཀ་སྦུག་སཾ་བྷོ་ཊ་གཏན་སློབ།       ངའི་བཀའ་དྲིན་ཆེ་བའི་ཕ་མ་གཉིས་ནི་རྟ་དབང་ཞེས་པའི་ཡུལ་དེ་ལ་ཡོད། ངའི་པ་ལགས་ཀྱི་མིང་ལ་བཀྲ་ཤིས་ཕུན་ཚོགས་དང། ཨ་མ་ལགས་ཀྱི་མིང་ལ་རྟ་མགྲིན་སྒྲོལ་མ་ཟེར། ངའི་ཕ་མ་གཉིས་ཀྱིས་ང་ལ་བྱམས་པོ་བྱེད་ཀྱི་ཡོད། ཁོང་གཉིས་ལ་ཕྲུ་གུ་དྲུག་ཡོད། དེའི་ནང་ནས་ཕྲུ་གུ་ཆུང་ཤོས་དེ་ང་ཡིན། ང་ཕྲུ་གུ་ཆུང་ཤོས་དེ་ཡིན་ན་ཡང་ཕ་མ་གཉིས་ཀྱིས་ཕྲུ་གུ་ཚང་མ་ལ་བྱམས་སྐྱོང་གཅིག་པ་གནང་གི་རེད། ང་མཚན་མོ་གཉིད་ཉལ་མ་ཐུབ་པའི་སྐབས་སུ་ཨ་མས་ང་ལ་སྒྲུང་བཤད་ཀྱི་རེད། ང་ཉལ་ཚར་ནས་ཨ་མས་ང་ལ་འོ་མ་སྤྲད་ནས་འགྲོ་ཡི་རེད། ངའི་ཨ་མས་ང་ལ་རྩེད་ཆས་མང་པོ་ཉོས་ནས་སྤྲོད་ཀྱི་རེད། ང་ཚོ་ནང་མི་འཁྱམ་འཁྱམ་འགྲོ་དུས་པ་ལགས་ཀྱིས་ང་སྒལ་པ་ལ་ཁྱེར་ནས་འགྲོ་ཡི་རེད། ང་རྩེད་མོ་རྩེ་རུ་འགྲོ་དུས་ང་ལ་ཨ་མ་ལགས་ཀྱིས་གཟབ་གཟབ་བྱེད་ལབ་ཀྱི་རེད། ངས་ལགས་སོ་ཨ་མ་ལགས་ཞེས་ལན་རྒྱག་གི་ཡོད། དེ་རྗེས་ང་དང་ངའི་གྲོགས་མོ་མཉམ་དུ་སྤོ་ལོ་དང། བྱ་སྒྲོ། ཡིབ་རེས་གབ་རེས་སོགས་རྩེད་མོ་འདྲ་མིན་རྩེ་ཡི་ཡོད། རྩེད་མོ་རྩེ་ཚར་བའི་རྗེས་པ་ལགས་ང་ལེན་དུ་སླེབ་ཀྱི་རེད། ང་ནང་ལ་སླེབས་ནས་རྐང་ལག་བཀྲུས་རྗེས་ངའི་ཨ་མས་ང་ལ་ཇ་དང་བག་ལེབ་སྤྲོད་ཀྱི་རེད། དེ་རྗེས་ང་ཡི་གེ་སྦྱོང་གི་ཡོད། ང་ཆུ་ཚོད་གཅིག་ཡི་གེ་སྦྱངས་ནས་ང་ལ་པ་ལགས་ཀྱིས་བརྙན་འཕྲིན་སྟོན་གྱི་རེད། བརྙན་འཕྲིན་བལྟས་ནས་ང་ཉལ་གྱི་ཡོད།       ངའི་པ་ལགས་དང་ཨ་མ་ལགས་གཉིས་ཞོགས་པ་སྔ་པོ་ལངས་ནས་ཞིང་ཁ་ལ་ཞིང་ལས་བྱེད་དུ་འགྲོ་ཡི་ཡོད། ཞོགས་པ་ཐོ་རེངས་ཆུ་ཚོད་གསུམ་པ་ནས་ཉིན་གུང་ཆུ་ཚོད་གསུམ་པ་བར་ལས་ཀ་བྱེད་ཀྱི་ཡོད། གུང་གསེང་སྐབས་སུ་ངའི་ཕ་མས་ངའི་གྱོན་ཆས་འཁྲུད་པ་དང། གཟུགས་པོ་ཡང་འཁྲུད་ཀྱི་ཡོད། ནང་གི་ལས་ཀ་ཚང་མ་བྱེད་ཀྱི་ཡོད། ངའི་ཨ་མ་དང་པ་ལགས་གཉིས་ཁྲོམ་ལ་འགྲོ་དུས་ང་ལ་རྔན་པ་མང་པོ་ཁྱེར་ནས་སོ་སོ་རང་ཉིད་ལ་གང་ཡང་འཁྱེར་ཡོང་གི་མེད། དེ་སྐབས་ང་རང་སེམས་པ་སྐྱོ་ཡི་འདུག ང་ལ་དངུལ་ཡོད་དུས་ཕ་མ་གཉིས་ཀྱི་ཆེད་དུ་ཅ་ལག་ཆུང་ཆུང་ཕན་ཐོགས་ཉོས་ནས་སྤྲོད་ཀྱི་ཡོད། དཔེར་ན་ཕ་མ་གཉིས་ལ་གསོལ་ཇ་མཆོད་ས་ཕོར་བ་ཉོས་ནས་སྤྲོད་ཀྱི་ཡོད།       ང་ལ་ཁྱི་ཞིག་ཡོད། ཁྱི་དེ་ཡང་ངས་དགོས་ལབ་པ་ཡིན། ངའི་པ་ལགས་དང་ཨ་མ་ལགས་ཞིང་ཁ་ལ་ལས་ཀ་བྱེད་དུ་འགྲོ་དུས་ངས་ཀྱང་ཁོང་གཉིས་ལ་རོགས་པ་བྱེད་དུ་འགྲོ་ཡི་ཡོད། མཚན་མོ་ཨ་མ་ལགས་ལས་ཀ་བྱས་ནས་སྒལ་པ་ན་དུས་ངས་ཁོང་ལ་སྨན་འབྱུག་རོགས་བྱེད་ཀྱི་ཡོད། ངའི་པ་ལགས་དང་ཨ་མ་ལགས་གཉིས་ལས་ཀ་བྱེད་དུས་ངས་ཇ་བཟོས་ནས་འཁྱེར་གྱི་ཡོད། པ་ལགས་དང་ཨ་མ་ལགས་ལས་ཀ་བྱས་ནས་ནང་ལ་སླེབ་དུས་ངས་ཆུ་ཚ་པོ་བཟོས་ནས་འཇོག་གི་ཡོད། ཆུ་ཚ་པོ་དེ་པ་ལགས་དང་ཨ་མ་ལགས་གཉིས་ཀྱིས་རྐང་ལག་འཁྲུད་ཀྱི་རེད། ང་ཁ་ལག་བཟས་ནས་ཡི་གེ་སྦྱོང་གི་ཡོད། ངའི་ཨ་མ་དང་པ་ལགས་གཉིས་ཀྱིས་ང་ལ་བསླབ་བྱ་མང་པོ་རྒྱག་གི་ཡོད། དེ་ནི་མི་གཞན་ལ་རོགས་པ་བྱེད་དགོས། སེམས་པ་བཟང་པོ་བྱེད་དགོས། ཁྱེད་ཀྱི་རོགས་པ་དེ་ཚོ་ཡི་གེ་མ་ཤེས་ན་སློབ་དགོས། འོན་ཀྱང་ཡིག་ཚད་སྐབས་སུ་མ་བསླབ་ཨང་། སློབ་གྲྭ་ལ་དཀའ་ངལ་འཕྲད་ན་རྒན་ལགས་ལ་ཞུ་དགོས། རྒན་ལགས་ལ་ཚིག་རྩུབ་མ་བཤད། མི་རྒན་པ་ལ་གུས་ཞབས་བྱེད་དགོས། སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་བསླབ་བྱ་རྒྱག་གི་རེད།       སྔོན་མ་ང་རང་སློབ་གྲྭ་ཐག་རིང་པོ་ཞིག་ལ་སྐྱེལ་དུས་ངའི་མིག་ནས་མིག་ཆུ་རང་དབང་མེད་པ་ཤོར་གྱི་འདུག ངའི་ཕ་མ་གཉིས་ཀྱིས་ང་ཆེན་པོ་ཆགས་དུས་མི་སེམས་པ་བཟང་པོ་དང། མི་ཆེན་པོ་ཞིག་ཆགས་ཤོག་ཅེས་ལབ་པ་དང། ངའི་སེམས་ནང་མི་ཆེན་པོ་དང་སེམས་པ་བཟང་པོ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད། སློབ་གྲྭ་ཐག་རིང་པོ་ལ་ཡོད་དུས་ང་ལ་ནང་ནས་ཕ་མ་གཉིས་ཀྱིས་དངུལ་མང་པོ་སྐུར་གྱི་ཡོད། ངས་ཀྱང་དངུལ་དེ་བེད་སྤྱོད་ཡག་པོ་གཏོང་གི་ཡོད་པ་མ་ཟད་སློབ་སྦྱོང་ཡང་ཡག་པོ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་ངས་ཕ་མའི་རེ་བ་དེ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན། […]

ངའི་དཔྲལ་བའི་མིག་དང་འདྲ་བའི

ངའི་དཔྲལ་བའི་མིག་དང་འདྲ་བའི་བརྩེ་བའི་ཕ་མ་གཉིས།

ཡོན་ཏན་ཚང་ཡང་བསྐྱར་སྒྲོལ་མ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       དེ་རིང་གི་གནམ་གཤིས་ནི་མེ་རི་ལྟར་ཚ་བའི་ཁར། གུས་མོ་ང་རང་གི་ལུས་གཟུགས་ཡོངས་རྫོགས་ལ་རྔུལ་ཆུ་ཞིག་གིས་བཟུང་ནས་བསླེབས་སོང་བས། ང་རང་སུན་སྣང་དང་བཅས་འཛིན་ཁང་གི་ཕྱི་ལོགས་སུ་དོན་སྐབས་སློབ་ཕྲུག་ཚོས་ཚ་ཚ་འུར་འུར་ངང་ནང་སྦྱར་པང་གི་ཕྱོགས་སུ་འཁོར་ཏེ་ལབ་གླེང་འདྲ་མིན་ཞིག་བྱེད་ཀྱིན་ཡོད་པས། ངས་ཀྱང་ཅི་ཞིག་ཡིན་ནམ་སྙམ་ནས་ཁོ་ཚོའི་འཁྲིས་སུ་བཅར་དུས། གྱང་སྦྱར་ངོས་སུ་གསལ་བསྒྲགས་དང་སློབ་མ་ཚོས་བྲིས་པའི་རྩོམ་སོགས་སྦྱར་འདུག་པའི་དཀྱིལ་དབུས་སུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་བྱས་པའི་དགེ་སློབ་འབྲི་རྩོམ་གྱི་གསལ་བསྒྲགས་དེ་མཐོང་སོང་། ངས་དབུགས་ཐེངས་གཅིག་གིས་གསལ་བསྒྲགས་དེ་འགོ་ནས་མཇུག་བར་དུ་ཀློག་སྐབས། ད་ཐེངས་འཛིན་བརྒྱད་པར་རང་མོས་རྩོམ་ཡིག་བྲི་ཆོག་ཟེར་ནས་བྲིས་འདུག་པས། ང་དེ་བས་ཀྱང་དགའ་བོ་བྱུང་། གང་ཡིན་ཟེར་ན། རང་མོས་བརྗོད་གཞི་ཡིན་ན་གང་འདོད་དུ་འབྲི་ཆོག་པ་རེད། དེ་ནས་ངས་བརྗོད་བྱ་གང་གི་སྐོར་ལ་འབྲི་དགོས་མིན་གྱིས་བསམ་བློ་ཞིག་གཏོང་དུས། གློ་བུར་དུ་ངས་རང་ཉིད་ཀྱི་གྱོན་པའི་གོས་དང་ཉིན་ལྟར་ཟས་ཞིམ་གནང་མཁན་གྱི་ཕ་མ་གཉིས་པོ་སེམས་པར་འཆར་སོང་། དེ་ནས་ངས་སྐར་ཆ་གཅིག་ཀྱང་མ་འགོར་བར་རང་ཉིད་ཀྱི་སྨྱུ་གུ་འགུལ་འགོ་བརྩམས་པ་ཡིན། ཆུང་སྦར་མོ་གང་ནས་སྐྱོང་མཁན་དེ།།དྲིན་བུ་ལ་ཆེ་བ་ཕ་མ་རྣམས།།དུས་སྐད་གཅིག་མེད་ན་འཚོ་ཐབས་མེད།།དྲིན་ཀུན་ལ་ཆེ་བ་ཕ་མ་ཡིན།།       སྤྱིར་ཕ་མ་ཟེར་བ་ནི་སྐྱེས་བོ་ཐམས་ཅད་ལ་དགོས་པ་ཞིག་ཡིན་ལ། ཕ་མ་མེད་ན་ང་ཚོ་ཡང་མེད། དེས་མ་ཟད་ཕ་མ་ཟེར་བ་ནི་ཁྲག་རྒྱུན་གཅིག་པུར་མ་ཡིན་པར། རང་ཉིད་ལ་བྱམས་སྐྱོང་དང་བརྩེ་བ་གཞན་ལས་ལྷག་པ་སྤྲོད་མཁན་དེ་ཕ་མ་ཡིན། དཔེར་ན། ད་ཕྲུག་རྣམས་གསོ་མཁན་གྱི་མི་དང་། གསོ་སྐྱོང་གནང་མཁན་སུ་ཡང་མེད་པ་ན། རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཕ་མར་ངོས་འཛིན་བྱས་ན་ནོར་བ་མེད། གང་ཡིན་ཟེར་ན། དགེ་བའི་བཤེས་གཉེན་རྣམས་ཀྱིས་ང་ཚོའི་མི་ཚེ་འགྲོ་སྟངས་ཤིག་སློབ་ཀྱི་ཡོད་ཙང་ཕ་མ་དང་འདྲ་བོ་ཡོད། ཡིན་ནའང། ང་ལ་ཕ་མ་ཡོད་ཙང་། ང་ལ་ཆ་མཚོན་པ་ཡིན་ན་ང་རང་ཟླ་དགུ་ཁོག་ནང་ཉར་མཁན་དང་། རང་ཉིད་ཀྱི་ཞེད་སྣང་ལ་གདོང་ལེན་བྱེད་འཇུག་མཁན་གྱི་ཕ་མ་བཟང་པོ་ཞིག་ཡོད། ཁོང་རྣམ་གཉིས་ནི་ཨ་མ་ཚེ་དབྱངས་ལགས་དང་། པ་ལགས་བསྟན་འཛིན་ལྷུན་གྲུབ་ཡིན། ཁོང་རྣམ་གཉིས་ཀྱིས་ང་ལ་སྦྱིན་པའི་བརྩེ་བ་དེ་ངས་ནམ་ཡང་དྲིན་ལན་འཇལ་ཐབས་མེད་ལ། ཁོང་གཉིས་ཀྱི་གནང་བའི་ལག་རྟགས་དང་བརྩེ་བ་སོགས་དངུལ་གྱི་ཉོ་འདོད་ཀྱང་ཉོ་མ་ཐུབ་པ་ཞིག་ཡིན། ད་ལྟ་ང་རང་སློབ་སྦྱོང་སྦྱང་པར་སློབ་གྲྭར་གཏོང་མཁན་དེ་ཡང་ཕ་མ་ཡིན་ལ། ཆུང་དུས་ཐོག་མ་སྐད་ཆ་བཤད་སྟངས་དང་འགྲོ་སྟངས་སོགས་སློབ་མཁན་དེ་ཡང་ཕ་མ་གཉིས་པོ་ཡིན། ངའི་ཕ་མ་གཉིས་པོ་ནི་བོད་ནས་རྒྱ་གར་ལ་ལོ་རབས་དགུ་བཅུའི་ནང་བཙན་བྱོལ་དུ་འབྱོར་བ་ཞིག་ཡིན་ལ། ངའི་ཕ་མ་ཁོང་གཉིས་ཐོག་མར་ཕྲུ་གུ་འབྱུང་དུས་ན་གཞོན་ཡིན་པ་དང་། བོད་ནས་གསར་དུ་ཕེབས་པ་ཞིག་ཡིན་དུས་དཔལ་འབྱོར་གྱི་དཀའ་ངལ་མང་ཡང་རང་ཉིད་ཀྱི་ཕྲུ་གུའི་གྲོད་པ་སྟོང་པ་བཞག་མྱོང་མེད། གཅེན་མོ་སྐྱེས་པའི་ལོ་བཞི་ཙམ་རྗེས་སུ་ཕ་མ་རྣམ་གཉིས་ལ་ང་བྱུང་བ་རེད། དེ་དུས་ཁོང་གཉིས་ཀྱིས་གཅེན་མོ་ང་གཉིས་རྡོ་རྗེ་ཕ་ལམ་ལས་ཀྱང་རྩ་ཆེ་བར་བརྩིས་པར་མ་ཟད། ཁོང་གཉིས་ཀྱིས་ང་དང་ངའི་གཅེན་མོའི་བདེ་བའི་ཆེད་ཕྱི་ལ་འཁྱམ་འཁྱམ་དུ་ཡུལ་ལྗོངས་མཛེས་པོ་གང་སར་མང་པོ་ཁྲིད་མྱོང་ཡོད། ཟས་ཞིམ་པོ་རང་ལ་ཐོབ་པའི་སྐབས།།ཟ་མ་ཕོད་བུ་ཕྲུག་ཆེད་དུ་ཉར།།དངུལ་སྒོར་མོ་རེ་གཉིས་ཐོབ་པའི་དུས།།བོུ་ང་ཚོའི་ཆེད་དུ་ཕང་མེད་བཏང་།།       ཕ་མ་ཁྱེད་གཉིས་ཀྱི་བརྩེ་བ་དང་ང་ལ་གསུངས་པའི་བསླབ་བྱ་སོགས་ངས་རང་ཉིད་ཀྱི་སེམས་ལ་རི་མོ་བརྐོས་པ་བཞིན་དྲན་པ་བརྗེད་མི་ཐུབ། དེ་རིང་ངས་རྩོམ་འདི་བརྒྱུད་ནས་རང་ཉིད་ཀྱི་སེམས་ཐག་ཉེ་བའི་ཕ་མ་རྣམ་གཉིས་ལ་སེམས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཕ་མ་ཁྱེད་གཉིས་ཀྱི་དོན་དུ་ད་ལྟ་ང་གསོན་པོ་དང་བདེ་བོའི་ངང་མི་ཚེ་སྐྱེལ་ཐུབ་ཡོད་ལ། ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་སོང་། ཕ་མ་ཁྱེད་གཉིས་ཀྱིས་ང་ཡི་ཆེད་དུ་བྱས་པའི་བྱ་བ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་བ་དང་། བྱམས་བརྩེ་ལྡན་པའི་ཕ་མ་རྣམ་གཉིས་སྐུ་ཚེ་ཡུན་རིང་གནས་པར་ཤོག ། ཆུང་དུས་ནས་བརྩེ་བས་བྱམས་ཀྱི་བསྐྱངས།།བདག་ང་ཡིས་ཆེད་དུ་ལས་ལ་བརྩོན།།སྔོན་བསོད་ནམས་བསགས་པའི་འབྲས་བུ་ལ།།མི་ང་ལ་ཕ་མ་དྲིན་ཆེན་ཞིག ། གུས་ང་ཡིས་དགེ་རྒན་དང་པོ་ཁྱེད།།ལས་གང་བྱས་ཁྱེད་ཀྱི་བསླབས་ནས་བྱུང་།།དུས་རྟག་ཏུ་རྒྱབ་སྐྱོར་ང་ལ་གནང་།།ཁྱེད་བདག་ལ་བཀའ་དྲིན་ཆེ་སོང་ངོ་།། ཁྱེད་ཕ་མ་རྣམ་གཉིས་ང་ལ་ནི།།དུས་ད་ལྟ་བར་དུ་བསྐྱངས་པ་དེར་།།སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ།།ཁྱེད་རྣམས་གཉིས་ཚེ་རིང་ནད་མེད་ཤོག། དྲིན་ང་ཡིས་བསམས་ནས་བཀའ་དྲིན་ཚོར།།བདག་ང་ཡིས་ཕ་མ་གཉིས་པོ་ལ།།ལུས་ང་ཡིས་གང་ཅོག་ཞབས་སྤྱི་ཞུ།།དེ་ཚེ་རབས་འདི་ཡི་དམ་བཅའ་ཡིན།

སའི་གོ་ལ།

སའི་གོ་ལ།

བསྟན་འཛིན་བཟོད་པ།འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       སའི་གོ་ལ་ཞེས་པ་ནི་ཧ་ཅང་རྒྱ་ཆེ་ཞིང་མི་དང་འགྲོ་བ་སེམས་ཅན་འདྲ་མིན་གནས་སའི་ཞིང་ཁམས་ཆེན་པོ་ཞིག་ཡིན། སའི་གོ་ལར་མིང་མང་པོ་ཡོད་པ་རྣམས་ནི་འཛམ་གླིང་དང་འཛམ་བུ་གླིང་། ས་གཞི། སའི་གོ་ལ། གོ་ལ་སོགས་ཟེར། དེ་ནི་ཉི་མའི་ཁྱིམ་རྒྱུད་ནང་ནས་གཟའ་ཆེ་ཤོས་ལྔ་པ་དང་མཛེས་ཤོས་གྲས་ཤིག་རེད། སའི་གོ་ལའི་དབྱིབས་ནི་ཟླུམ་པོ་དང་། ཆུ་བརྒྱ་ཆ་བདུན་ཅུ་དོན་གཅིག ས་བརྒྱ་ཆ་ཉི་ཤུ་རྩ་བདུན། མཁའ་རླུང་བརྒྱ་ཆ་གཉིས་བཅས་ཡོད། དེ་ནི་ཉི་མའི་ཁྱིམ་རྒྱུད་ནང་ནས་ཉི་མ་དང་ཐག་ཉེ་ཤོས་གསུམ་པ་དེ་རེད།       འཛམ་གླིང་ནི་གསེར་དང་དངུལ། ཟངས། ལྕགས། རྡོ་རྗེ་ཕ་ལམ། གཡུ། བྱུ་རུ་སོགས་རིན་ཐང་ཆེ་བའི་གཏེར་དངོས་མང་པོས་བཏུམས་ཡོད། དེ་འདྲ་སོང་ཙང་མི་མང་པོས་འཛམ་གླིང་ནས་གཏེར་ཁ་བསྔོགས་ནས་ཕྱུགས་པོ་ཆགས་ཀྱི་ཡོད། འོན་ཀྱང་དེ་ནི་ང་ཚོའི་འཛམ་གླིང་ལ་གནོད་སྐྱོན་ཡང་ཆེ་ཤོས་ཆགས་ཀྱི་ཡོད། གོ་ལའི་ཁ་དོག་མང་ཆེ་བ་སྔོན་པོ་ཡིན། རྒྱུ་མཚན་ནི་བརྒྱ་ཆ་མང་ཤོས་ཆུ་ཡིན་པ་དང་། དེ་བཞིན་བརྒྱ་ཆ་མང་ཤོས་གཉིས་པ་ས་ཡིན་པས་ཁ་དོག་རྒྱ་སྨུག་རེད། འཛམ་གླིང་ནང་ལུང་པ་མང་པོ་ཡོད་པ་ནས་གཏེར་ཁ་མང་ཤོས་ང་ཚོའི་ཕ་ཡུལ་བོད་ནས་རག་གི་ཡོད་ཙང་། རྒྱ་མིས་བོད་ལ་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་པ་རེད། མི་འཚོ་གནས་བྱ་ཡུལ་གྱི་རྒྱལ་ཁབ་ཆེ་ཤོས་ནི་ཨུ་རུ་སུ་(Russia)དང་། མི་གནས་སའི་ས་ཆ་མཐོ་ཤོས་ནི་བོད་ཡིན། ད་དུང་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཁབ་བར་དམག་འཛིང་མང་པོ་རྒྱག་གི་ཡོད་པ་ནི། ཧ་ཅང་སེམས་པ་སྐྱོ་བའི་གནས་ཚུལ་ཞིག་རེད། གལ་སྲིད་ང་ཚོས་རང་གི་་ཁོར་ཡུག་གཙང་མ་མ་ཉར་ན། ང་ཚོ་ཚང་མའི་འཛམ་གླིང་མེད་པ་ཆགས་ངེས། དེ་འདྲ་སོང་ཙང་ཁོར་ཡུག་གཙང་མ་བཟོ་རྒྱུ་དེ་གལ་ཆེན་པོ་ཡིན། ད་ལྟའི་འཛམ་གླིང་འདི་མེད་ན་ང་ཚོ་མི་དང་། འགྲོ་བ་སེམས་ཅན་ཚང་མ་གནས་སྲིད་ཀྱི་མ་རེད། བྱས་ཙང་འཛམ་གླིང་འདི་ང་ཚོའི་ཕ་མ་ནང་བཞིན་རེད། ཉི་མའི་ཁྱིམ་རྒྱུད་ནང་ནས།།གཟའ་སྐར་ཆེ་ཤོས་ལྔ་པ།།ཆུ་དང་རྩི་ཤིང་མང་བའི།།མཛེས་པའི་འཛམ་གླིང་འདི་ཡིན།། གལ་ཏེ་འཛམ་གླིང་མེད་ན།།ཆུ་དང་མཁའ་རླུང་མེད་པས།།ང་ཚོ་སྡོད་དགོས་བསམས་ཀྱང་།།རེ་བ་སྟོང་པ་ཡིན་ནོ།།

ང་ཡི་བརྩེ་བའི་གཅུང་པོ།

ང་ཡི་བརྩེ་བའི་གཅུང་པོ།

བསྟན་འཛིན་བློ་གསལ།འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཀ་ཡི་གསོན་དང་བརྩེ་བའི་གྲོགས་པོ་ཚོ།།དེ་རིང་ང་ཡི་ཚིགས་བཅད་འདི་ཡི་ནང།།རང་གི་བརྩེ་བའི་གཅུང་པོ་ངོ་སྤྲོད་བྱེད།།ཁོང་གི་མཚན་ལ་བསྟན་འཛིན་མཐོང་ལམ་ཟེར།། ཁོང་གི་མགོ་སྐྲ་སུ་ལུ་ཡིན་པ་དང།།གཟུགས་པོ་ཆུང་ཡང་ཤུགས་རྩལ་ཆེན་པོ་ཡོད།།བློ་རིག་རྣོ་ཞིང་རྩིས་རིག་ཧ་ཅང་མཁས།།འཆར་ལོར་དཔེ་སྟོན་སློབ་གྲྭར་ཡོང་མཁན་རེད།། ཁོ་ནི་སྤྲེའུ་ལྟར་འཚུབ་པོ་ཡོད་ནའང།།པཱ་ལགས་མཐོང་ཚེ་ཙི་ཙི་ནང་བཞིན་ཞུམ།།ང་དང་རྩེད་འཇོར་རོལ་རྒྱུ་ཤིན་ཏུ་དགའ།།ཤ་མོག་མཐོང་ན་ཁ་ལ་འགྲམ་ཆུ་འཁོར།། ང་རང་གཅུང་པོ་དྲན་དུས་མིག་ཆུ་འཁོར།།ཉེ་འགྲམ་ཡོད་དུས་ཕན་ཚུན་འཁྲུག་འཛིང་བྱེད།།ཐག་རིང་གྱར་དུས་གནོང་འགྱོད་དྲག་པོ་སྐྱེས།།ཁོ་རང་དྲན་དུས་མིག་ཆུ་ཡང་ཡང་ཤོར།། རྔན་པའི་རིགས་ལ་ཤིན་ཏུ་དགའ་ན་ཡང།།ཚལ་རིགས་ཤིང་འབྲས་དུག་ལ་བརྩི་ཡི་ཡོད།།ཞོགས་ཇ་ཟ་རྒྱུར་ཧ་ཅང་འགོར་བ་དང།།སྟབས་བདེའི་ཟས་རིགས་སྤྱོད་དུས་དེ་བས་མགྱོགས།།

ངའི་ཨ་ཕའི་སྐོར།

ངའི་ཨ་ཕའི་སྐོར།

བསྟན་འཛིན་དགའ་བ།འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།       དེ་རིང་ཚོགས་ཐེངས་གསུམ་པའི་སྐབས་བོད་དགེ་མཆོག་གིས་ཤེས་རིག་ལས་ཁུངས་ནས་བཀོད་སྒྲིག་ཞུས་པའི་དགེ་སློབ་འབྲི་རྩོམ་གྱི་གསལ་བསྒྲགས་གནང་བ་དང་ང་ཚོར་རྩོམ་ཡིག་འབྲི་དགོས་པའི་བཀའ་གསུངས་ནན་པོ་གནང་སོང་། ངས་ཀྱང་ཐེངས་འདིར་རྩོམ་ཡིག་ཅིག་འབྲི་དགོས་བསམས་ཏེ་བརྗོད་གཞི་འོས་འཚམ་ཞིག་ལ་བསམ་བློ་གཏོང་སྐབས། རང་ཤུགས་ཀྱི་རང་ལ་བཀའ་དྲིན་ཆེ་བའི་ཨ་ཕ་ཡིད་ལ་དྲན་ནས་བསླེབས་སོང་། ངས་རྩོམ་དེབ་མར་བཏོན་ཏེ་ཨ་ཕའི་སྐོར་ལ་འབྲི་འགོ་ཚུགས་པ་ཡིན། ངའི་ཨ་ཕའི་མིང་ལ་ངག་དབང་ཐར་པ་ཟེར། ཁོང་ནི་བོད་ཀྱི་ཆོལ་ཁ་གསུམ་ཡོད་པའི་ནང་གསེས་། བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་ཀྱི་ཁམས་སོག་རྫོང་སོག་རོང་སྨད། སྲིང་སྟེང་གྲོང་ཚོའི་གེ་བ་ཚང་དུ་སྐྱེས། ཨ་ཕའི་ཕ་ལ་བུ་གསུམ་ཡོད་འདུག་ཅིང་། མིང་ལ་རྟ་མགྲིན་ནོར་བུ་དང་། ཟླ་རྒྱལ། ལྷ་རྒྱལ་བཅས་གསུམ་ཡིན། དེ་ནི་བོད་ཀྱི་ས་ཁུལ་ཁག་ཅིག་གི་ལམ་དང་ལུགས་སྲོལ་རེད་འདུག ཨ་ཕའི་ཨ་མའི་མིང་ལ་ཉི་སྒྲོན་ཟེར། ཁོང་གཉིས་ལ་བུ་ཕྲུག་བུ་གསུམ་དང་བུ་མོ་གསུམ་བཅས། མིང་སྲིང་དྲུག་ཡོད་པའི་ནང་ནས་ཨ་ཕ་བུ་རྒན་ཤོས་དེ་རེད་འདུག       ཨ་ཕའི་ནང་མིའི་འཚོ་བ་ནི་ས་མ་འབྲོག་རེད། ཨ་ཕ་སོག་ཙན་དན་དགོན་དུ་གྲྭ་པ་བྱས་ནས་ནང་ཆོས་ལ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཡོང་སྐབས་ས་མཚམས་ནས་རྒྱ་མིའི་དམག་མིས་འཛིན་བཟུང་བྱས་ནས་ལོ་གཅིག་རིང་ས་མཚམས་སུ་ལྷག་པ་རེད། དེ་ནས་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་རྒྱ་གར་དུ་འབྱོར། དེ་རྗེས་ཁོང་གསོག་སྒར་སློབ་གྲྭ་རུ་ལོ་གསུམ་རིང་བོད་དབྱིན་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་ཨ་མ་སྐལ་བཟང་མཚོ་མོ་དང་མཉམ་དུ་གཉེན་སྒྲིག་བྱས། དེ་ནས་ ༢༠༠༡ ནས་ ༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲྭ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་བྱས། ༢༠༠༥ ལོ་ནས་གཞིས་བྱེས་ལྷན་འཛོམས་དྲྭ་རྒྱའི་འགན་འཛིན་དང་རྩོམ་སྒྲིག་འགན་འཛིན་བྱས། ཁ་བ་དཀར་པོ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། སྦྲ་སོག་འབྲི་གསུམ་གྱི་དུས་དེབ་རྩོམ་སྒྲིག་པ་སོགས་བྱས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཕྱག་ལས་མང་པོ་གནང་མྱོང་ཡོད་པ་རེད། ༢༠༠༦ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་དང་། བོད་ཀྱི་བང་ཆེན་ཚགས་པར་གྱི་གསར་འགོད་པ་བྱས། ༢༠༠༧ ལོར་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ལ་ཕྱིན་ནས་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ལས་འགུལ་སྤེལ་ཏེ། ཞོར་དུ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས།       ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༢༣ ཉིན་བུ་མོ་བསྟན་འཛིན་ལྷ་མོ་སྐྱེས། ད་ལྟ་མོ་རང་གྷོ་པལ་པུར་སློབ་གྲྭར་འཛིན་རིམ་བཅུ་པ་ཡིན། ཕྱི་ལོ་ ༢༠༡༠ ཟླ་ ༥ […]